བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་གི་ཉིན་མོ་འདི་ནི་རྒྱ་ནག་གུང་ཁྲན་དམར་ཤོག་གིས་བོད་རྒྱལ་ཁབ་ཆེན་པོ་བཙན་འཕྲོག་བྱས་ཏེ་མི་ལོ་ ༥༩ ཧྲིལ་པོ་འཁོར་བའི་དུས་ཚིགས་ཤིག་ཡིན། རྒྱ་ནག་གུང་ཁྲན་དམར་ཤོག་གིས་བོད་ས་བཙན་བཟུང་བྱ་རྒྱུའི་སྲིད་བྱུས་བཟུང་སྟེ་དམག་དཔུང་གིས་བོད་ནང་བཙན་འཛུལ་བྱས་ཏེ་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱས་པ་མ་ཟད། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཕྱྭ་ལ་བསྡོ་བའི་ངན་གཡོའི་བྱ་སྤྱོད་སྤེལ་ནས་ཆེས་ཛ་དྲག་གིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་ལ་ཞི་རྒོལ་བྱས་པར་རྒྱ་དམག་གིས་དྲག་གནོན་བྱས་ཏེ་ཕོ་བྲང་པོ་ཏཱ་ལ་དང་། ནོར་བུ་གླིང་གར་མེ་སྒྱོགས་བརྒྱབས་པ་སོགས་བོད་ཀྱི་ལོ་རྒྱུས་སུ་སྔར་བྱུང་མ་མྱོང་བའི་དུས་ངན་དེ་བོད་གངས་ཅན་པ་ཚོས་མི་རབས་ནས་མི་རབས་བར་བརྗེད་མི་སྲིད་པ་ཞིག་ཏུ་གྱུར་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་ཡང་ཆབས་ཅིག་ཏུ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པས། བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ད་ལྟ་རྒྱ་གཞུང་གི་བཙོན་ཁང་སོགས་ནང་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

རྒྱ་གཞུང་གིས་ད་བར་བོད་ཀྱི་སྣོད་བཅུད་གཉིས་ཀར་དབང་བསྒྱུར་བྱེད་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་ཉམས་དམས། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་སོགས་ཀྱིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུར་རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་སོགས་ནས་སྲིད་བྱུས་རབས་དང་རིམ་པ་སྤེལ་ཡོད། བོད་མི་རྣམས་ཀྱིས་སྲིད་བྱུས་དེ་དག་ལ་མི་འདོད་པའི་ཞི་རྒོལ་རིམ་པ་བྱས་ཀྱང་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་མངོན་འདོད་ལ་བདག་སྐྱོང་བྱ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མནར་གཅོད་འོག་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཚེ་སྲོག་འཕྲོག་ཅིང་། དགོན་སྡེ་སྟོང་ཕྲག་དྲུག་ལྷག་རྩ་གཏོར་བཏང་ཡོད།  ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་བ་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས། ཉེ་སྔོན་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་ཨ་མདོ་རྔ་པ་རྨེའུ་རུ་མ་རུ་ཆེན་བཞི་པ་གནམ་མཚོ་སྡེ་པ་ནས་ཡིན་པ་རང་ལོ་ ༤༤ ཡས་མས་ཙམ་སོན་པ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་བཅས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་ཁྱོན་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་གྲངས་ ༡༥༢ ཡིས་རང་ལུས་མེར་བསྲེགས་གནང་སྟེ་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་དགོས་འདུན་བཏོན་ཏེ་ཞི་རྒོལ་གནང་ཡོད། དེ་དག་གི་འབྱུང་རྐྱེན་གཙོ་བོ་ནི། རྒྱ་གཞུང་གིས་བོད་ནང་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་རིགས་ལ་དམིགས་བསལ་གྱིས་དམ་དྲག་བྱས་ཏེ་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་དང་རེ་བ་ལ་བདག་སྤྲོད་མི་བྱེད་པར་བོད་མི་རྣམས་བཙོན་རར་ཚུད་པ་ལྟ་བུའི་གནས་སྟངས་འོག་ཞི་རྒོལ་དེ་དག་བྱུང་བ་ཡིན་པ་གསལ་པོ་ཆགས་ཡོད།

འདི་ལོ་ཕྱི་ཟླ་ ༢ ཚེས་ ༡ ནས་བཟུང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་ཁང་ཟེར་བས་ཁྲིམས་སྲོལ་གསར་པ་ལག་བསྟར་བྱ་རྒྱུ་ཟེར་ནས། ཆོས་སྡེ་སོ་སོའི་མ་དངུལ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཚང་མར་རྒྱ་གཞུང་གིས་ཐེ་བྱུས་བྱས་ཏེ་དམ་དྲག་བྱེད་བཞིན་པ་ཙམ་དུ་མ་ཟད། ཆོས་ལུགས་དང་ཆབ་སྲིད་ཀྱི་བདེ་འཇགས་གཉིས་རྒྱ་གཞུང་གིས་ཉ་ཉུང་མཉམ་བསྲེས་བྱས་ཏེ་ཆོས་དད་རང་དབང་ལ་དོ་ཕོག་བཟོ་བཞིན་ཡོད་ལ། རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་ནང་པའི་གནས་ཆེན་ཁག་མཇལ་འདོད་ཡོད་པའི་བོད་མི་ཚོར་ཕྱིར་བསྐྱོད་ཐོངས་མཆན་སྤྲོད་རྒྱུར་དམ་དྲག་དང་། གལ་ཏེ་ཐོངས་མཆན་སྤྲད་ཚེ་ཁག་ཐེག་དགོས་པ་དང་དུས་ཚོད་ངེས་མེད་ནང་ཕྱིར་ལོག་དགོས་པའི་བཀའ་རྒྱ་གཏོང་བ་སོགས་ཀྱི་སུན་གཙེར་བཟོ་བཞིན་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་རིམ་ཡོངས་རྫོགས་མཇུག་བསྒྲིལ་ཟིན་རྗེས། རྒྱ་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་གཞག་བརྒྱུད་མ་འོངས་པར་དགོན་པའི་འཛིན་སྐྱོང་དང་བདེ་འཇགས། དཔལ་འབྱོར། སློབ་ཁྲིད། སློབ་ཞུགས། དེ་བཞིན་སློབ་ཁྲིད་ཀྱི་ནང་དོན་གཏན་འབེབས་བཅས་ཀྱི་ལས་དོན་ཡོངས་རྫོགས་ཐོག་ལ་སྟངས་འཛིན་བྱ་རྒྱུའི་གནད་དོན་དེ་དང་འབྲེལ་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་ཨ་རིའི་གྲོས་ཚོགས་ནང་གླེང་སློང་གནང་བ་དང་། བླ་རུང་སྒར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་གཞག་བརྒྱུད་དམ་དྲག་དང་སྟངས་འཛིན་གྱི་ལས་དོན་བྱེད་ཤུགས་ཆེ་རུ་བཏང་བ་ནི་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་རྒྱུའི་སྲིད་བྱུས་འཛིན་པ་དང་། ད་ལྟའི་རྒྱ་ནག་གཞུང་གིས་མངོན་གསལ་མིན་པའི་བྱ་སྤྱོད་མང་དག་ཅིག་སྤེལ་བའི་བརྒྱུད་གསེར་རྟ་བླ་རུང་སྒར་གཙོས། བོད་ཀྱི་དགོན་སྡེ་ཁག་ཅིག་གི་གྲྭ་བཙུན་ཕྱིར་འབུད་དང་། བོད་མི་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་དམ་དྲག་སྔར་ལྷག་བྱེད་བཞིན་པ་གསལ་པོ་ཆགས་ཡོད།

བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེགས་ཀྱིས་མཚོན་རང་བྱུང་ཁོར་ཡུག་གི་རྣམ་པར་གཏོར་བཅོམ་ཚད་ལས་བརྒལ་བ་བཏང་དང་གཏོང་མུས་ཀྱིས་རྩྭ་ཐང་བྱེ་ཐང་དུ་གྱུར་བ་དང་། གཙང་ཆུ་འབག་བཙོག་ཏུ་གྱུར་བ། བོད་མཐོ་སྒང་གི་འཁྱགས་རོམ་བཞུར་ཚད་ཆེས་མགྱོགས་པས་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་ཡོད། གཞན་ཡང་གཙང་ཆུ་བཀག་སྐྱིལ་དང་། ལྷོ་ཆུ་བྱང་འདྲེན་ཟེར་བའི་ལས་འཆར་སྒྲིག་བཞིན་པ་སོགས་ཀྱིས་འཛམ་གླིང་སྤྱི་དང་། ཡང་སྒོས་གླིང་ཆེན་ཨེ་ཤེ་ཡའི་ནང་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཐེབས་ཏེ་མི་མང་ཐེར་འབུམ་མང་པོའི་རང་བྱུང་འཚོ་གནས་ཐད་བསམ་བརྗོད་ལས་འདས་པའི་ཤུགས་རྐྱེན་ངན་པའི་མཇུག་འབྲས་ཡོང་ངེས་ཡིན་པར་བརྟེན། དེ་ནི་ཧ་ཅང་གི་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱ་ནག་དབུས་གཞུང་ཁོར་ཡུག་སྲུང་སྐྱོབ་དོ་དམ་ལྷན་ཁང་ཟེར་བས་ཁོར་ཡུག་སྲུང་སྐྱོབ་ཐད་ཞིབ་འཇུག་ཚོགས་ཆུང་ཞིག་མངགས་གཏོང་གིས་བོད་ཐེ་བའི་ཞིང་ཆེན་བརྒྱད་ནང་ཟླ་གཅིག་རིང་རྟོག་ཞིབ་ཀྱི་ལས་འགུལ་སྤེལ་ཏེ། འདི་ལོའི་ཟླ་ ༡ ཚེས་ ༣ ཉིན་ལྷ་སར་ཞིབ་འཇུག་གི་གྲུབ་དོན་གསལ་བསྒྲགས་བྱས་ཡོད་པའི་ནང་ཁོར་ཡུག་གཙང་བཟོའི་ཐོག་ཞན་ཆ་དང་ཉེས་ཆད་ཕོག་པའི་གནས་ཚུལ་ཐོན་པ་ནས་དཔང་རྟགས་གསལ་ཤོས་ཆགས་ཡོད།

དེ་བཞིན་བོད་ཀྱི་གདོད་མའི་འཚོ་གནས་ལ་བཅོས་བསྒྱུར་གཏོང་ཆེད་བོད་ཆབ་མདོ་ས་ཁུལ་གྱི་མི་རབས་མང་པོར་གནས་བཅའ་བའི་ཞིང་འབྲོག་མང་དག་ཅིག་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་སྟེ། ཡུལ་ལུང་དེ་དག་ལ་རྒྱ་གཞུང་གིས་འཛུགས་བསྐྲུན་དང་གཏེར་ཁ་སྔོག་འདོན་བྱ་རྒྱུའི་ལས་འཆར་ཡོད་པ་མངོན་གསལ་ཆགས་ཡོད། དཔེར་ན་སྡེ་དགེ་འཇོ་འདའ་ཉེ་ཁུལ་གྱི་ལུང་རི་ཞེས་པ་ནས་ཟངས་གཏེར་སྔོག་འདོན་བྱས་ཏེ་ཉེ་འཁོར་ལ་ལྕགས་རིས་བསྐོར་ནས་དམ་དྲག་བྱེད་བཞིན་པ་ནས་ཤེས་ཐུབ།

ཕྱི་ལོ་ ༢༠༡༨ ཟླ་ ༡ པོའི་ནང་ཧྲང་ཧེ་ (shanghai) དྲ་ལམ་ནས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་གཞིས་ཀ་རྩེར་ཡུལ་སྐོར་བའི་ས་ཚུགས་ཀྱི་ཆ་རྐྱེན་བསྐྲུན་པ་ལྟར། ཐེངས་འདིར་ལྷ་སར་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ཡུལ་སྐོར་སྤྲོ་འཆམ་པ་མི་འབོར་ས་ཡ་ ༢༠ ལྷག་ཡོང་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་འདུག འདི་ལོར་ཕྱི་ཟླ་ ༡ པོའི་ནང་བོད་ནང་དགུན་དུས་ཀྱི་ཡུལ་སྐོར་བའི་ལས་འཆར་ཞེས་པར་ཁ་གཡར་ཏེ། ནམ་རྒྱུན་ཕོ་བྲང་པོ་ཏཱ་ལ་རུ་འཛིན་བྱང་ཉོས་ཏེ་མཆོད་མཇལ་བཅར་དགོས་ཀྱང་འདི་ལོར་ཟླ་གསུམ་རིང་ཡུལ་སྐོར་བ་ཚོར་རིན་མེད་ཀྱི་མཆོད་མཇལ་འགྲོ་ཆོག་པ་མ་ཟད་མགྲོན་ཁང་དང་འགྲུལ་བཞུད་ལ་སོགས་པར་དེ་བས་ཕྱེད་བཅག་གི་ལས་གཞི་ལག་བསྟར་བྱ་འགོ་བཙུགས་ཏེ། མདོར་ན་ལས་འཆར་དེའི་བརྒྱུད་བོད་ནང་མི་འབོར་སྤོ་བཤུག་གི་གནས་སྟངས་ཀྱང་ཉིན་རེ་བཞིན་འཕེལ་བཞིན་ཡོད།

བོད་མི་རིགས་ཀྱི་སྐད་ཡིག་ལ་དགའ་ཞེན་དང་གུས་བརྩི་བྱེད་མཁན། བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ་ལོ་ ༢ ཕྱིན་རྗེས་ཉེ་ལམ་ཁྲིམས་བཤེར་ཟེར་བ་བྱས་ཡོད་ཀྱང་ཐག་གཅོད་ཀྱི་བཅད་ཁྲ་གང་ཡང་བརྒྱུད་བསྒྲགས་མ་བྱས་པར་བཞག་ཡོད། ཁོང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྒྱུན་འཛིན་གྱི་གནད་དོན་ཐོག་རྒྱ་གཞུང་ལ་དོ་འཁུར་དགོས་སྐོར་རྒྱ་གཞུང་གི་ཁྲིམས་ཡིག་ཁག་དང་མཐུན་པར་ཞུ་བསྐུལ་བྱས་པར། རྒྱ་གཞུང་གིས་ཁོང་ལ་ཉེས་འཛུགས་བྱེད་བཞིན་ད་དུང་ཡང་བཀག་ཉར་བྱས་ཡོད་ཀྱང་རྒྱལ་སྤྱིའི་ནང་ཁོང་གི་མངོན་འདོད་དང་ཁོང་གློད་བཀྲོལ་གཏོང་དགོས་པའི་གཞུང་དང་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་བཅས་ནས་རྒྱབ་སྐྱོར་དང་སྦྲགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་གཞུང་སྒེར་སྒྲིག་འཛུགས་སྤྱི་དང་བོད་མི་ཆེ་ཕྲ་ཡོངས་ཀྱིས་མིག་མདུན་གྱི་ཁེ་ཕན་ཁོ་ན་ཙམ་ལ་མ་གཟིགས་པར། མ་འོངས་བོད་མི་རིགས་དང་། རིག་གཞུང་གོ་ལ་འདིའི་ཐོག་གནས་དང་མི་གནས་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་པས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྔར་ལས་ཤུགས་ཆེར་དམ་དོན་གནང་དགོས་པ་གལ་ཆེ་ཞིག་ཆགས་ཡོད།

བོད་དང་རྒྱ་ནག་ནང་ལ་སྤྱི་ཚོགས་དྲ་གནས་བརྒྱུད་དངོས་ཡོད་གནས་ཚུལ་དང་། མི་མང་གི་མངོན་འདོད། རྒྱལ་སྤྱིའི་གནས་ཚུལ་ཇི་བཞིན་ཤེས་ཐབས་དཀའ་བས་ཉིན་རེ་བཞིན་ཆེས་དམ་དྲག་གི་གནས་སུ་གྱུར་ཡོད། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་རྒྱ་ནག་གི་དྲ་རྒྱ་དོ་དམ་ལས་ཁང་གིས་དྲ་རྒྱའི་ཐོག་དངོས་ཡོད་དང་མི་མཐུན་པའི་རིགས་ཟེར་བའི་གནས་ཚུལ་བཀོད་སྤེལ་མི་ཆོག་པའི་དམ་དྲག་ལྟ་ཞིབ་དམ་དུ་གཏོང་རྒྱུའི་བཀའ་རྒྱ་བཏང་སྟེ། དྲ་རྒྱའི་ཐོག་གཞུང་ཕྱོགས་ཀྱི་བསམ་ཚུལ་དང་མི་མཐུན་པའི་གནས་ཚུལ་རིགས་འགོད་རྒྱུར་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད། བོད་རབ་གནས་ས་ཁྱི་ལོའི་ལོ་གསར་ཚེས་ ༢ ཏེ་ཕྱི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་རིག་དངོས་ཁོངས་སུ་ཚུད་པའི་ལྷ་ལྡན་གཙུག་ལག་ཁང་ལ་གློ་བུར་མེས་སྐྱོན་ཚབས་ཆེན་བྱུང་ཡོད་ཀྱང་། ད་བར་རྒྱ་གཞུང་གིས་མེས་སྐྱོན་ཇི་ལྟར་བྱུང་མིན་དང་། རྟེན་གཙོ་ཇོ་བོ་རིན་པོ་ཆེར་མེ་སྐྱོན་གྱི་གནས་སྟངས་སྦས་གསང་གིས་ཁ་གསལ་འགྲེལ་བརྗོད་གང་ཡང་བྱས་མེད་ན། བོད་མི་མང་གི་དད་མོས་ཞུ་ཡུལ་དང་རྩ་ཆེའི་རིག་དངོས་རྣམས་ལ་གཙིགས་འཛིན་དང་སྲུང་སྐྱོབ་ཇི་ཙམ་གནང་གི་ཡོད་མེད་ཧ་ཅང་གསལ་པོ་ཆགས་ཡོད། ད་དུང་མགོ་རྔ་མི་མཚུངས་ཤིང་ཡིད་ཆེས་མི་ཐུབ་པའི་གསར་འགྱུར་ཡ་མ་ཟུང་སྤེལ་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཐབས་བྱས་ཡོད། དེར་བརྟེན་ལྷ་ལྡན་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་ལ་མེ་སྐྱོན་ཇི་ལྟར་བྱུང་མིན་འབྲེལ་ཡོད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྩད་གཅོད་ཀྱིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་གསལ་སྟོན་ཐུབ་པ་བྱ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ལ་རྣམ་ཀུན་ནས་ཁ་བྲལ་རིང་ལུགས་ཞེས་སྐྱོན་བརྗོད་དང་། མཁྲེགས་བཟུང་གི་སྲིད་བྱུས་འཛིན་བཞིན་པར་མངོན་གསལ་དོད་པོས་འགྱུར་བ་གང་ཡང་བཏང་མེད། རྒྱ་གཞུང་གིས་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་བོད་མི་རིགས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་དང་། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཀྱང་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་ཡོང་ཐབས་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད།

གངས་ཅན་བོད་མི་ཡོངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླང་དོར་གྱི་ལམ་སྟོན་སྤྱི་དང་། ཁྱད་པར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་རྣམས་ཀྱི་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས་མགོན་པོ་གང་ཉིད་ཐུགས་དགྱེས་པའི་ལས་དོན་བསྒྲུབ་དགོས་རྒྱུ་ནི་གཡོལ་ཐབས་དང་ངོ་ལྐོག་གཏན་ནས་བྱ་མི་རུང་བའི་ལས་འགན་གལ་ཆེ་ཞིག་ཡིན་ན། བོད་མི་ནང་ཁུལ་མཐུན་ལམ་དང་། བོད་སྤྱི་པའི་བསོད་ནམས་གོང་མཐོར་གཏོང་ཐབས། བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་ལ་གཅེས་འཛིན་གྱི་བོད་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་དང་ཕྱར་གྲུ་མཉམ་འདེགས་ཞུ་དགོས་རྒྱུ་བཅས་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀར་ཕན་པའི་ལས་འགན་གལ་ཆེ་ཞིག་ཀྱང་ཆགས་ཡོད་པས་ཚང་མས་ལག་བསྟར་དོན་ཐོག་ཏུ་སྨིན་པར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་ཀྱི་བདེན་པའི་འཐབ་རྩོད་དང་བཙན་བྱོལ་བོད་མིར་མཐུན་འགྱུར་གནང་མཁན་རྒྱ་གར་དབུས་སའི་གཞུང་དང་མི་མང་གཙོས་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། མི་མང་བཅས་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་བཀའ་དྲིན་དྲན་བཞིན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ ལ།། །།