བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་དང་སི་ཀོ་ཊི་ལེན་ཌི་རུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་འཁྲིད་འོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༥ ནས་ཨིན་ཡུལ་དུ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་སླད་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་རིམ་འགྲོ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༡ ཉིན་ཨིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཆུང་ཁང་མིག་གཅིག་གི་ནང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་དང་ལྷན་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་གནད་དོན་འཛམ་གླིང་སྤྱི་ཡོངས་ལ་གལ་ཆེ་ཚུལ་དང་། ལྷག་པར་དུ་ཨིན་ཡུལ་ལ་འབྲེལ་བ་ཇི་ཡོད་སྐོར་གསུངས་གནང་བ་དང་འབྲེལ། འདས་པའི་ཉིན་དྲུག་རིང་གི་སྐུ་ཚབ་ཚོགས་ཆུང་གི་ཕྱོགས་ཕེབས་ལས་རིམ་སྐོར་དང་། ལྷག་པར་དུ་ཕྱི་ཚེས་ ༦ ཉིན་ཧོ་ལི་རུ་ཌི་ས་གནས་སུ་སི་ཀོ་ཊི་ལེན་ཌི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་བའི་སྐོར། དེ་བཞིན་ལོ་རྒྱུས་ཐོག་བོད་དང་ཨིན་ཇིའི་རྒྱལ་ཁབ་དབར་འབྲེལ་བ་ཇི་ཡོད་དང་། གྲོས་ཚོགས་འཐུས་མི་རྣམ་པར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་མི་ཉམས་གོང་སྤེལ་སླད་དཔལ་འབྱོར་གྱི་མཐུན་རྐྱེན་བཙལ་ཐབས་ཡོང་བ་སོགས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་འདུན་ཞུས་གནང་འདུག

སྐབས་དེའི་ཚོགས་འདུ་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Hon Tim Loughton MP, Conservative Party, one of the co-chairs of the APPGT) མཆོག་གིས་གཙོ་སྐྱོང་གནང་ཡོད་འདུག་པ་དང་། ཨིན་ཡུལ་ (Labour Party) སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་ མེ་ཁར་ཐི་ (Hon Kerry McCarthy MP) མཆོག་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀ་རིན་ ལི་ (Hon Karen Lee MP) མཆོག་རྣམ་གཉིས་དང་། ཨིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་། ཨིན་ཇིའི་མི་མང་གང་ཙམ་བཅས་མཉམ་ཞུགས་གནང་ཡོད་འདུག

ཚོགས་འདུའི་ཐོག་བལ་ཡུལ་ནང་གི་བོད་མིའི་ཛ་དྲག་གནས་སྟངས་དང་། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས།  བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ (Reciprocal Access to Tibet Act) སོགས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་འདུག་པ་མ་ཟད། དྲི་བ་དྲིས་ལན་སོགས་གནང་ཡོད་འདུག གཙོ་སྐྱོང་གནང་མཁན་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་འབྱུང་འགྱུར་ཨིན་ཡུལ་ནང་ཁྲིམས་འཆར་དེ་ལྟར་ལག་བསྟར་གནང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་མཇལ་དར་དང་ཕྱག་རྟགས་ཕུལ་གནང་རྗེས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་གནང་འདུག

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ལོན་ཌོན་དུ་བོད་ཚོགས་པ་ (Tibet Society) དང་། བོད་རང་དབང་ལས་འགུལ་ཚོགས་པ། (Free Tibet) ཨིན་ཡུལ་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ས་གནས་བོད་རིགས་མི་མང་བཅས་ཀྱིས་གོ་སྒྲིག་ཞུས་པའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩིའི་ཐོག་ཕེབས་པའི་མི་མང་ཡོངས་དང་། ལྷག་པར་དུ་ཕྱི་རྒྱལ་ཡུལ་མི་ཁག་གིས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཞུ་ཆེད་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་གསལ་ཐབས་སླད་གྲོས་མོལ་གྱི་ཁོར་ཡུག་བསྐྲུན་དགོས་སྐོར་ནན་བརྗོད་གནང་ཡོད་འདུག

ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་བོད་ནང་རྒྱ་ནག་དམར་པོའི་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་གསུངས་གནང་བ་དང་འབྲེལ། བོད་ཀྱི་གནད་དོན་གསལ་ཐབས་སླད་རྒྱ་ནག་གཞུང་གི་ངོས་ནས་གྲ་སྒྲིག་བྱེད་དགོས་པའི་རེ་འདུན་བཏོན་གནང་ཡོད་འདུག གཞན་ཡང་ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་པར་བསྐྲུན་ཞུས་པའི་ “ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་བོད་ཀྱི་གནད་དོན་གསལ་བའི་ཐབས་ལམ་ཉག་ཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན།” ཞེས་པའི་དཔེ་དེབ་ངོ་སྤྲོད་གནང་འདུག

ཕྱི་ཟླ་ ༣ པའི་ཚེས་ ༩ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་དུ་གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་གྲོས་བསྡུར་ལྷུག་པོ་གནང་ཡོད་འདུག་པ་མ་ཟད། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ས་གནས་བོད་རིགས་རྣམས་ཀྱིས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཨིན་ཡུལ་དུ་བདུན་ཕྲག་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་རིམ་སྐབས། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་གཟིགས་སྐོར་དང་། བོད་ཀྱི་དགེ་རྩ་ཚོགས་པས་གདན་ཞུས་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་ཀྱི་ཞི་བདེ་ལྡུམ་རྭ་ (Tibetan Peace Garden in London) ཞེས་པར་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་དོན་གནང་བ་དང་། གཞན་ཡང་ཕྱི་ལོ་ ༡༩༢༤ ལོར་ནང་པའི་ལྟ་གྲུབ་ཁྱབ་སྤེལ་དང་། སློབ་སྦྱོང་། ལག་བསྟར་བྱ་ཆེད་དབུ་བཙུགས་གནང་བའི་ཨིན་ཡུལ་ནང་པའི་མཐུན་ཚོགས་ (The Buddhist Society,U.K) ནས་དེ་གའི་ས་ཁང་ཁོར་ཡུག་ནང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གཟིགས་སྐོར་སྣེ་འཁྲིད་དང་།  ཁོང་ཚོའི་ལས་རིམ་ཁག་ངོ་སྤྲོད་བཅས་གནང་འདུག

ད་རེས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་རིམ་སྐབས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་གྲོས་ཚོགས་འཐུས་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་བ། ཤེས་ལྡན་མི་སྣ། གཞུང་གི་ལས་བྱེད། ས་གནས་བོད་རིགས་སོགས་དང་མཇལ་མོལ་གནང་བ་དེས་བོད་ཀྱི་གནད་དོན་ཁྱབ་སྤེལ་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །