དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྲིད་བློན་མོ་དི་མཆོག་ལ་འཚམས་འདྲི་ཞུས་པ།

༄༅། །རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་ ༡༧ པར་སྲིད་བློན་མོ་དི་མཆོག་གིས་སྣེ་ཁྲིད་པའི་བྷི་ཇེ་པི་ BJP ཆབ་སྲིད་ཚོགས་པར་རྒྱལ་ཁ་ཤུགས་ཆེ་ཐོབ་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྲིད་བློན་མོ་དི་ (Narendra Modi) མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན།

སྐུ་ཉིད་ལ་རྒྱལ་ཁ་ཐོབ་པ་འདིས་མི་མང་གི་རེ་བ་དང་ཡིད་ཆེས་མཚོན་ཐུབ། ང་ཚོས་ཀྱང་སྐུ་ཉིད་ལ་མི་མང་གི་བདེ་དོན་དང་འབྲེལ་བའི་ལས་དོན་མཐའ་དག་སྔར་བཞིན་ཚགས་ཚུད་མཇུག་སྐྱོང་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

ལོ་ངོ་དྲུག་ཅུའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་ཙམ་མ་ཟད། བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཧ་ཅང་གནང་བ་ནི་བཀའ་དྲིན་གཞལ་ཐབས་མེད།

སྐུ་ཉིད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བ་དང་།  དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་གསལ་དགོས་པ་རྒྱ་ནག་གཞུང་ལ་རེ་འདུན་འདོན་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད།  ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཤུགས་དྲགས་དང་བཅས། ཞེས་འཁོད་འདུག