དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཡུ་རོབ་ལཏ་ཝི་ཡ་རྒྱལ་ཁབ་ནང་གི་མཛད་རིམ་ཁག་ལེགས་གྲུབ།

ལཏ་ཝི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Hon Artuss Kaimiņš MP of the “KPV LV”) མཆོག

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལཏ་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུས་ལྟར། ལཏ་ཝི་ཡའི་རྒྱལ་ས་རི་གར་ (Riga) ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་དང་། ལཏ་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་སི་ མར་ཊིན་ས་ ས་ཀུ་ཇ་ (Janis Martins Skuja,The Chairperson of Latvia for Tibet) ལགས་རྣམ་གཉིས་ཀྱིས་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག

དཔལ་ལྡན་ཚོགས་གཙོ་མཆོག་དང་ལཏ་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་མཇལ་མོལ་གནང་བཞིན་པ།

དེ་ཡང་ཕྱི་ཚེས་ ༡༤ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་དང་ལཏ་ཝི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Hon Artuss Kaimiņš MP of the “KPV LV”) མཆོག་རྣམ་གཉིས་ཆུ་ཚོད་གཅིག་ལྷག་རིང་མཇལ་མོལ་གནང་ཞིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཁོང་ཉེ་ཆར་ལཏ་ཝི་ཡའི་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པ་དང་། དེ་བཞིན་ལཏ་ཝི་ཡ་རྒྱལ་ཁབ་རང་བཙན་ཐོབ་ནས་ལོ་ངོ་ ༡༠༠ འཁོར་བ་བཅས་ལ་འཚམས་འདྲི་དང་སྦྲགས། བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་སྲིད་བྱུས་འོག་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གནང་བཞིན་ཡོད་པ་དང་། དེ་བཞིན་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ལ་གལ་ཆེ་ཡིན་སྐོར། ལཏ་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་ཐབས་སྐོར་སོགས་གསུངས་གནང་འདུག་པ་མ་ཟད། སྐུ་ཞབས་ཁོང་ལ་ལཏ་ཝི་ཡའི་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། ལཏ་ཝི་ཡའི་གཞུང་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་འཁྲིད་དབར་བོད་རྒྱ་ཞི་མོལ་ཡོང་ཐབས་སླད་འབོད་སྐུལ་གནང་རྒྱུའི་རེ་སྐུལ་བཅས་ཞུས་གནང་ཡོད་འདུག དེ་བཞིན་སྐུ་ཞབས་ཁོང་གིས་དཔལ་ལྡན་ཚོགས་གཙོ་མཆོག་ཡུལ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དང་། མགྱོགས་མྱུར་ལཏ་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་ཐབས་སླད་འབད་བརྩོན་གང་ཡོང་གནང་རྒྱུའི་ཞལ་བཞེས་གནང་འདུག

དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལཏ་ཝི་ཡ་དང་། ལི་ཐུ་ཝེ་ནི་ཡ་ (Lithuania) བཅས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་སོ་སོར་མཇལ་འཕྲད་ཀྱིས་ཁོང་རྣམས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། འབྱུང་འགྱུར་ཡང་མུ་མཐུད་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་མཆོག་དང་རི་ག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ལྷན།

ཕྱི་ཚེས་ ༡༦ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་རི་ག་གྲོང་སྡེ་ལྷན་ཚོགས་ (Riga City Council) ནང་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་མ་ཟད། (The New Conservative Party) སྲིད་དོན་ཚོགས་པའི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ལྔ་དང་མཇལ་འཕྲད་གནང་ཡོད་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལཏ་ཝི་ཡ་རྒྱལ་ཁབ་རང་བཙན་ཐོབ་སྟེ་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་ལ་འཚམས་འདྲི་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་དད་རང་དབང་བཅས་ལ་གནོད་པའི་སྲིད་བྱུས་འཛིན་པར་བརྟེན། བོད་ནང་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར་སོགས་གསུངས་གནང་བ་དང་། དེ་བཞིན་བོད་དོན་ཐོག་སེམས་ཐག་ཉེ་པོ་ཡོད་མཁན་རི་ག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ནས་ལཏ་ཝི་ཡའི་གཞུང་གི་ངོས་ནས་རྒྱ་ནག་དཔོན་རིགས་མཇལ་འཕྲད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གླེང་སློང་གནང་རྒྱུར་འབོད་སྐུལ་ཞུ་རྒྱུའི་རེ་སྐུལ་ཡང་ཞུས་གནང་འདུག

ལཏ་ཝི་ཡའི་གྲོས་ཚོགས་མདུན་དུ།

ཕྱི་ཚེས་ ༡༨ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་སྦེལ་ཇམ་རྒྱལ་ས་སྦེར་སིལ་ནང་ཆེད་ཕེབས་གནང་རྒྱུ་ཡིན་པ་བཅས། །