ལེའུ་དང་པོ།
སྔོན་འགྲོ།

དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།སྒྲིག་གཞི་འདི་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       ཆ་རྐྱེན།

སྒྲིག་གཞི་འདི་བཅའ་ཁྲིམས་དོན་ཚན་ ༥༣ པའི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་དུས་ཚེས་ནས་བཟུང་ལག་ལེན་བསྟར་རྒྱུ།

ལེའུ་གཉིས་པ།

ཚོགས་འདུ་བསྡུ་སྐོང་དང༌། བཞུགས་གྲལ། སྤྱི་འཐུས་ཀྱི་མཚན་གཞུང༌།

དོན་ཚན་བཞི་པ།        ཚོགས་སྐོང༌།

ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཚོགས་འདུའི་དུས་ཚེས་དང༌། ཚོགས་ཡུལ་ས་གནས་བཅས་འཁོད་པའི་ཚོགས་སྐོང་བརྡ་ཐོ་སྤྱི་འཐུས་རེ་རེ་ལ་གཏོང་དགོས། འོན་ཀྱང་ཛ་དྲག་གིས་དུས་ཡུན་ཐུང་ངུའི་ནང་ཚོགས་སྐོང་བྱ་དགོས་བྱུང་རིགས་སྤྱི་འཐུས་རེ་རེར་བརྡ་ཐོ་གཏོང་མ་དགོས་པར་ས་གནས་དང༌། དུས་ཚེས་བཅས་འཁོད་པའི་ཚོགས་བརྡ་གཞུང་འབྲེལ་གསལ་བསྒྲགས་དང༌། གསར་ཤོག་ཐོག་འགོད་འགྲེམས། ཡང་ན་སྤྱི་འཐུས་རེ་རེར་གློག་འཕྲིན་ཐོག་ནས་བརྡ་ཁྱབ་གཏོང་དགོས།

དོན་ཚན་ལྔ་པ།          བཞུགས་གྲལ།

ཚོགས་ཁང་ནང་སྤྱི་འཐུས་རྣམས་བཞུགས་གྲལ་གོ་རིམ་ཚོགས་གཙོའི་བཀོད་སྒྲིག་ལྟར་བཞུགས་དགོས།

དོན་ཚན་དྲུག་པ།        ལས་འཁུར་དམ་བཅའ།

བཅའ་ཁྲིམས་དོན་ཚན་ ༤༧ ནང་དོན་ལྟར། སྤྱི་འཐུས་རྣམས་ལས་འཁུར་དུ་མ་ཞུགས་གོང་དམ་བཅའམ་ཁས་ལེན་ཞུ་དགོས། དམ་བཅའ་འབུལ་བསྡད་ཀྱི་སྤྱི་འཐུས་རིགས་ནས་སྔོན་བརྡ་གཞིར་བཟུང་ཚོགས་གཙོའམ་ཚོགས་གཙོ་གཞོན་པ་གང་རུང་གི་མདུན་དུ་དམ་བཅའམ། ཁས་ལེན་ཞུ་དགོས།

དོན་ཚན་བདུན་པ།       སྤྱི་འཐུས་མཚན་གཞུང༌།

སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་ཞིག་དགོས་པ་དང༌། སྤྱི་འཐུས་རྣམས་དམ་བཅའ་ཕུལ་འཕྲལ་བཞུགས་གྲལ་དུ་མ་འཁོད་གོང་སྤྱི་ཁྱབ་དྲུང་ཆེའི་མདུན་དུ་བཞག་པའི་མཚན་གཞུང་ནང་མཚན་རྟགས་འགོད་དགོས།

ལེའུ་གསུམ་པ།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་གཙོ་སྐྱོང༌།

དོན་ཚན་བརྒྱད་པ།       ཚོགས་གཙོ་དང་ཚོགས་གཙོ་གཞོན་པ།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ཐམས་ཅད་ལ། བཅའ་ཁྲིམས་དོན་ཚན་ ༤༥ ལྟར་སྒྲིག་གཞི་གཞིར་བཟུང་སྤྱི་མོས་སམ་མང་མོས་འོས་བསྡུ་བྱས་པའི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་སུ་རུང་གིས་ཚོགས་འདུའི་གཙོ་སྐྱོང་གནང་དགོས།

དོན་ཚན་དགུ་པ།        ཚོགས་གཙོ་ལས་ཚབ།

༡    ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་སུ་ཡང་ངོ་བཞུགས་མེད་པའི་སྐབས་ཚོགས་འདུའི་གཙོ་སྐྱོང་གནང་མཁན་ཚོགས་གཙོའི་ལས་ཚབ་ཀྱི་འོས་མི་སྤྱི་འཐུས་ལྔ་ལས་མ་མང་བའི་མཚན་གཞུང་ཚོགས་གཙོས་བཟོ་འགོད་ཀྱིས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བསྒྲགས་དང་མོས་མཐུན་ཞུ་དགོས། མཚན་གཞུང་དེ་ཚོགས་དུས་རེ་རེ་བཞིན་གསར་འགོད་བྱ་རྒྱུ།

༢    གོང་གསལ་མཚན་གཞུང་དུ་ཡོད་པའི་སྤྱི་འཐུས་རྣམ་པས་ཚོགས་གཙོ་དང༌། ཚོགས་གཞོན་སུ་ཡང་ངོ་བཞུགས་མེད་སྐབས་རེས་མོས་ཀྱིས་ལྷན་ཚོགས་སུ་ཚོགས་འདུའི་གཙོ་སྐྱོང་གནང་རྒྱུ།

༣ ཚོགས་གཙོ་གཞོན་པ་དང་འོས་མིའི་མཚན་གཞུང་དུ་གསལ་བའི་སྤྱི་འཐུས་སུ་ཡང་ལྷན་ཚོགས་ཀྱི་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པའི་སྐབས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་ནང་གསལ་བའི་ཚོགས་གཙོས་ཚོགས་འདུའི་གཙོ་སྐྱོང་གནང་སྐབས་སུ་ཡོད་པའི་འགན་དབང་ཆ་ཚང་ཡོད་ཅིང༌། བཅའ་ཁྲིམས་དང་སྒྲིག་གཞི་གང་རུང་ནང་ཚོགས་གཙོའི་མཚན་སྨོས་གང་ཡོད་ཀྱང་སྐབས་དེར་གཙོ་སྐྱོང་གནང་བཞིན་པའི་གང་ཟག་དེར་གོ་དགོས།

༤   ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ། ཚོགས་གཙོའི་ལས་ཚབ་འོས་མིའི་མཚན་གཞུང་དུ་གསལ་བའི་སྤྱི་འཐུས་རྣམས་མ་གཏོགས་གང་ཟག་གཞན་སུས་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་གཙོ་སྐྱོང་གནང་མི་ཆོག

ལེའུ་བཞི་པ།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས། 

དོན་ཚན་བཅུ་པ།        ཚོགས་ཐེངས།

བཅའ་ཁྲིམས་དང༌། སྒྲིག་གཞི་དགོངས་དོན་ལྟར་སྤྱི་འཐུས་ཀྱི་ཉུང་མཐའི་གྲངས་ཚད་ལོངས་ཤིང༌། ཚོགས་གཙོའམ་ཚོགས་གཞོན། ཡང་ན་ཚོགས་གཙོ་ལས་ཚབ་ཀྱི་མཚན་གཞུང་དུ་གསལ་བའི་སྤྱི་འཐུས་སུ་རུང་གིས་གཙོ་སྐྱོང་གནང་བའི་སྐབས་ཉིན་རེའི་ཚོགས་ཐེངས་ཀྱི་གྲུབ་ཆ་ཚང་བར་ངོས་འཛིན་བྱ་རྒྱུ།

དོན་ཚན་བཅུ་གཅིག་པ།   ཚོགས་ཐེངས་འགོ་འཛུགས་དང༌། མཇུག་བསྡུ་བྱེད་སྟངས།

ཚོགས་གཙོའི་ལམ་སྟོན་དམིགས་བསལ་ཡོད་ན་ལས། དེ་མིན་སྤྱིར་བཏང་ཉིན་རེའི་ཚོགས་ཐེངས་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་འགོ་འཛུགས་དང༌། དགོང་དྲོ་ཆུ་ཚོད་ ༥ པའི་ཐོག་ཚོགས་གསེང་གནང་རྒྱུ། ཉིན་གུང་ཆུ་ཚོད་གཅིག་རིང་གུང་ཚིགས་བར་གསེང་འཇོག་རྒྱུ། འོན་ཀྱང་ལས་དོན་ལ་གཞིགས་པའི་དུས་ཡུན་འཕར་ཆག་ཇི་དགོས་ཚོགས་གཙོས་ཐག་གཅོད་གནང་རྒྱུ།

དོན་ཚན་བཅུ་གཉིས་པ།   ཚོགས་འདུའི་ཉིན་གྲངས་དང༌། ཚོགས་གསེང་འཇོག་ཕྱོགས།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཉིན་གྲངས་ཇི་ཚོགས་དང༌། ཚོགས་གསེང་ནམ་འཇོག་ལས་དོན་གྱི་གནས་སྟངས་ལ་བསྟུན་ནས་ཚོགས་གཙོའི་ལམ་སྟོན་ལྟར་གནང་རྒྱུ། འོན་ཀྱང་ཚོགས་འདུ་གྲོལ་བརྡ་གསལ་བསྒྲགས་བྱས་པའི་རྗེས་བསྐྱར་ཚོགས་བྱ་དགོས་བྱུང་ན་ཚོགས་དྲུང་གིས་སྤྱི་འཐུས་ཚང་མར་ཡིག་ཐོག་བརྡ་ཐོ་འབུལ་དགོས།

ལེའུ་ལྔ་པ།

སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བཀོད་སྒྲིག་དང༌། ཐོ་གཞུང་བཟོ་འགོད།

དོན་ཚན་བཅུ་གསུམ་པ།   གཞུང་འབྲེལ་ལས་དོན།

༡    སྤྱི་འཐུས་ལྷན་ཚོགས་ནང་གཞུང་གི་ལས་དོན་སྐོར་དམིགས་བསལ་གལ་ཆེར་བརྩིས་ཏེ་གྲོས་བསྡུར་བྱ་རྒྱུའི་རིགས་ལ་ཚོགས་དྲུང་གིས་གྲོས་གཞི་གོ་རིམ་འཆར་སྒྲིག་དང༌། ཚོགས་གཙོས་གཏན་འབེབས་གནང་རྒྱུ།

༢    ཚོགས་གཙོས་དགོས་གལ་གཟིགས་ཚེ་རྒྱུ་མཚན་གསལ་བཤད་དང་འབྲེལ་གཏན་འབེབས་སྔོན་ཟིན་གྱི་ཉིན་དེའི་ལས་དོན་གྲོས་གཞིར་བསྒྱུར་བཅོས་གཏོང་ཆོག འོན་ཀྱང་གྲོས་བསྡུར་དབུ་འཛུགས་ཟིན་པའི་གྲོས་གཞི་ཞིག་ལ་ཧ་ཅང་གལ་ཆེན་པོ་བྱུང་ན་ལས་བསྒྱུར་བཅོས་མི་ཆོག

དོན་ཚན་བཅུ་བཞི་པ།    སྤྱི་འཐུས་སྒེར་གྱི་ལས་དོན་སྐོར་ལ་དུས་ཚོད་རྒྱས་བཅད།

༡    རེས་གཟའ་པ་སངས་ནམ་ཡིན་གྱི་སྔ་དྲོའི་ཚོགས་ཐེངས་སྤྱི་འཐུས་བྱེ་བྲག་པ་སོ་སོའི་ལས་དོན་ཆེད་དུས་ཚོད་ཟུར་བཅད་བྱེད་དགོས།

༢    འོན་ཏང་རེས་གཟའ་པ་སངས་ཉིན་གལ་ཆེའི་དོན་གནད་གཞན་སྐོར་གྲོས་བསྡུར་དགོས་གལ་གཟིགས་ཚེ་ཚོགས་གཙོས་འགྱུར་བ་གཏོང་འཐུས།

༣   དེ་ལྟའི་དགོས་གལ་བྱུང་བའམ། རེས་གཟའ་པ་སངས་ཉིན་ལྷན་ཚོགས་མེད་པ་འཁེལ་ཚེ། སྤྱི་འཐུས་སྒེར་གྱི་ལས་དོན་ཆེད་རེས་གཟའ་གཞན་ནམ་དུས་ཚོད་གཞན་ལ་གོ་བརྗེ་གནང་འཐུས།

དོན་ཚན་བཅོ་ལྔ་པ།      ལས་རིམ་ཐོ་གཞུང་བཟོ་འགོད།

༡ ཚོགས་དྲུང་ལས་ཁུངས་ཀྱིས་བདུན་རེའི་ལས་རིམ་ཐོ་གཞུང་བཟོ་འགོད་ཀྱིས་བདུན་དང་པོའི་ལས་རིམ་ཚོགས་འདུ་དབུ་འཛུགས་ཀྱི་ཉུང་མཐའ་ཉིན་གཉིས་སྔོན་སྤྱི་འཐུས་རྣམ་པར་འགྲེམས་སྤེལ་ཞུ་རྒྱུ་དང༌། དེ་རྗེས་བདུན་རེ་བཞིན་ཚོགས་འདུའི་ལས་ཉིན་མཐའ་མ་དེར་བདུན་རྗེས་མའི་ལས་རིམ་འགྲེམས་སྤེལ་ཞུ་དགོས།

༢ ལས་རིམ་ཐོ་གཞུང་བཟོ་འགོད་སྐབས་སྒྲིག་གསལ་སྔོན་བརྡ་དགོས་རིགས་ཀྱི་གྲོས་འཆར་ཁག་སྔོན་བརྡ་དུས་ཐོག་མ་འབྱོར་བར་ཚོགས་གཙོའི་དམིགས་བསལ་བཀའ་འཁྲོལ་ཡོད་ན་ལས་ལས་རིམ་དུ་འགོད་མི་ཆོག

༣   ཐོ་འགོད་ཟིན་པའི་ཉིན་རེའི་ལས་རིམ་དུས་ཐོག་མ་ཟིན་པ་བྱུང་ཚེ་ཕྱི་དྲོའི་ཚོགས་ཐེངས་ཀྱི་དུས་ཡུན་སྤར་རྒྱུའམ། ཉིན་རྗེས་མའི་ལས་རིམ་དུ་བསྣན་རྒྱུ་ཇི་འོས་ཚོགས་གཙོས་སྐབས་འཕྲལ་ཐག་གཅོད་གནང་རྒྱུ།

༤   གློ་བུར་རྐྱེན་དབང་གིས་ཚོགས་འདུ་བར་མཚམས་འཇོག་དགོས་བྱུང་ཚེ་ཉིན་དེའི་ལས་རིམ་བསྐྱར་འགོད་བྱེད་ཕྱོགས་ཚོགས་གཙོའི་བཀོད་སྒྲིག་ལྟར་བྱ་རྒྱུ་དང༌། བདུན་དེའི་ལས་རིམ་བདུན་རྗེས་མར་མ་ལྷག་པའི་འབད་རྩོལ་བྱེད་དགོས།

༥    སྤྱི་འཐུས་སྒེར་གྱི་གྲོས་འཆར་མང་རྐྱེན་སྔོན་བརྡ་ཡོད་ཚད་ལས་རིམ་དུ་ཚུད་དཀའ་བ་བྱུང་ཚེ། མང་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་གྲོས་འཆར་གལ་གནད་ཆེ་རིགས་ཚོགས་གཙོས་འདེམས་སྒྲུག་རྗེས་འཕྲོས་གྲོས་འཆར་ཇི་ཙམ་ཚུད་པ་དེ་ཙམ་རྒྱན་ཤོག་བཏོན་ཏེ་ཐོན་རིམ་བཞིན་ཐོ་གཞུང་དུ་འཇོག་རྒྱུ་དང༌། ཉིན་རེའི་ལས་རིམ་མ་ཟིན་པའི་ལྷག་འཕྲོས་གྲོས་འགོ་མ་ཚུགས་པ་གལ་གནད་ཆུང་རིགས་ཉིན་རྗེས་མར་ཐོ་འགོད་མ་དགོས་པར་རྩིས་མེད་གཏོང་འཐུས།

དོན་ཚན་བཅུ་དྲུག་པ།     ལས་རིམ་ཚོགས་ཆུང༌།

ཚོགས་གཙོ་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་རིམ་ཐོ་འགོད་ལས་དོན་ལ་རོགས་རམ་དང་སློབ་སྟོན་འབུལ་མཁན་སྤྱི་འཐུས་གསུམ་ནས་ལྔ་བར་ཡོད་པའི་ལས་རིམ་ཚོགས་ཆུང་རེ་ཚོགས་གཙོ་ལྷན་རྒྱས་ནས་ཚོགས་དུས་རེ་རེ་བཞིན་གསར་བསྐོ་གནང་རྒྱུ།

ལེའུ་དྲུག་པ།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་འཆར་ལ་གྲོས་བསྡུར། 

དོན་ཚན་བཅུ་བདུན་པ།   ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་འཆར།

༡    བཅའ་ཁྲིམས་དོན་ཚན་ ༡ ནང་གསེས་ ༢ པ་ནང་གསལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་འཆར་ལ་གྲོས་བསྡུར་ཆེད་ཚོགས་གཙོས་སྲིད་སྐྱོང་དང་གོ་བསྡུར་གྱིས་དུས་ཚོད་ཟུར་བཀག་གནང་རྒྱུ།

༢    ཟུར་བཀག་དུས་ཚོད་དེའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་འཆར་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་སྤྱི་འཐུས་གང་རུང་གིས་བཏོན་པ་དང༌། སྤྱི་འཐུས་གཞན་ཞིག་གིས་རྒྱབ་སྐྱོར་ཐོག་དགོངས་འཆར་དུ་གསལ་བའི་དོན་གནད་གང་གི་ཐོག་ཏུའང་གྲོས་བསྡུར་བྱ་ཆོག

ལེའུ་བདུན་པ།

དྲི་བ་དྲིས་ལན། 

དོན་ཚན་བཅོ་བརྒྱད་པ།   དྲི་བ་དྲིས་ལན་གྱི་དུས་ཚོད།

ཚོགས་གཙོའི་དམིགས་བསལ་བཀའ་བཀོད་ཡོད་ན་ལས། དེ་མིན་ཚོགས་ཐེངས་རེ་རེའི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་དྲི་བ་དྲིས་ལན་གྱི་དུས་ཚོད་ཡིན།

དོན་ཚན་བཅུ་དགུ་པ།    སྔོན་བརྡའི་དུས་ཡུན།

ཚོགས་གཙོའི་དམིགས་བསལ་བཀའ་བཀོད་ཡོད་ན་ལས། དེ་མིན་ཉིན་གྲངས་ ༧ ལས་མི་ཉུང་ཞིང་ ༣༠ ལས་མི་མང་བའི་ནང་ཚུན་དྲི་བ་བྱ་རྒྱུའི་དོན་གནད་སྔོན་བརྡ་སྲིད་སྐྱོང་ངམ་འབྲེལ་ཡོད་བཀའ་བློན་ལ་སྤྲོད་དགོས།

དོན་ཚན་ཉི་ཤུ་པ།        སྔོན་བརྡ་སྤྲོད་སྟངས།

༡    དྲི་བའི་དོན་གནད་རྣམས་ཚོགས་དྲུང་བརྒྱུད་ཡིག་ཐོག་སྔོན་བརྡ་སྤྲོད་དགོས་པ་དང༌། སྔོན་བརྡའི་ནང་གསལ་འཁོད་དགོས་པའི་དོན་ཚན་གཤམ་གསལ།

ཀ    དྲི་བའི་དོན་གནད་ཆ་ཚང༌།

ཁ    དྲི་བ་དྲི་ཡུལ་སྲིད་སྐྱོང་ངམ་བཀའ་བློན་སུ་ཡིན།

ག    དྲི་བ་དེར་ལན་གསལ་དུས་ཚེས་ཇི་ཙམ་ལ་དགོས་མིན།

ང    སྤྱི་འཐུས་གཅིག་གི་དྲི་བ་རྣམ་གྲངས་མི་འདྲ་བ་ཡོད་ཚེ་དྲི་བ་དེ་དག་གལ་གནད་ཆེ་ཆུང་སྔ་རྟིང་གོ་རིམ་གསལ་འགོད་དགོས་པ་ཡིན།

༢    གལ་ཏེ་དྲི་བ་ཞིག་ལ་སྤྱི་འཐུས་གཅིག་ལས་མང་བས་མཚན་རྟགས་བཀོད་ཡོད་ཚེ་དྲི་བ་གཏོང་མཁན་གཙོ་བོ་མཚན་རྟགས་འགོད་མཁན་དང་པོ་དེ་ཡིན་པར་ངོས་འཛིན་བྱ་རྒྱུ།

དོན་ཚན་ཉེར་གཅིག་པ།    སྲིད་སྐྱོང་ངམ་བཀའ་བློན་ཚོར་དྲི་བ་གཏོང་རྒྱུའི་ཐོ་གཞུང༌།

ཚོགས་གཙོའི་དམིགས་བསལ་བཀའ་བཀོད་ཡོད་ན་ལས། དེ་མིན་ཚོགས་དྲུང་གིས་སྲིད་སྐྱོང་ངམ་འབྲེལ་ཡོད་བཀའ་བློན་གང་ཡིན་དེར་དྲི་བའི་སྔོན་བརྡ་བཏང་སྟེ་ཉིན་ལྔ་མ་སོང་བའི་སྔོན་ལ་དྲི་བ་དྲིས་ལན་གྱི་ཐོ་གཞུང་ཁོངས་འགོད་མི་ཆོག

དོན་ཚན་ཉེར་གཉིས་པ།   སྐར་རྟགས་ཅན་གྱི་དྲི་བ།

སྤྱི་འཐུས་གང་ཞིག་གི་དྲི་བར་ངག་ཐོག་ནས་ཀྱང་དྲིས་ལན་དགོས་རིགས་ཁག་ལ་སྐར་རྟགས་རེ་བརྒྱབ་དགོས་པ་ཡིན། སྐར་རྟགས་ཅན་གྱི་དྲིས་ལན་ཉིན་གཅིག་གོང་དྲི་བ་གཏོང་མཁན་འབྲེལ་ཡོད་སྤྱི་འཐུས་ལ་འབྱོར་དགོས། གལ་ཏེ་སྐར་རྟགས་མེད་ཚེ་དྲི་བ་ཚང་མར་ཡིག་ཐོག་ནས་ལན་འདེབས་རྐྱང་པས་འཐུས་པ་ཡིན།

དོན་ཚན་ཉེར་གསུམ་པ།   དྲི་བ་དྲིས་ལན་གྱི་ཉིན་གྲངས་ཆ་བགོས།

དྲི་བ་ཁག་ལ་དྲིས་ལན་བརྒྱབ་རྒྱུའི་དུས་ཚོད་ཐད་སྲིད་སྐྱོང་ངམ་བཀའ་བློན། བཀའ་བློན་ལས་ཁུངས་ཀྱི་འབྲེལ་བབས་ཆ་ནས་ཉིན་སོ་སོར་སྐབས་བསྟུན་ཚོགས་གཙོའི་དགོངས་དཔྱད་ལྟར་རེས་མོས་ཀྱི་དུས་ཚོད་ཟུར་བཅད་ཆ་བགོས་གནང་དགོས་པ་དང༌། དེ་མིན་སྲིད་སྐྱོང་ངམ་འབྲེལ་ཡོད་བཀའ་བློན་གྱི་མོས་མཐུན་བྱུང་ན་ལས་སྔོན་དུ་དུས་ཚོད་ཟུར་བཅད་ཆ་བགོས་བྱས་པའི་དྲི་བའི་ཐོ་གཞུང་ལྟར་ལས་གཏོང་མི་ཆོག

དོན་ཚན་ཉེར་བཞི་པ།     སྐར་རྟགས་ཅན་གྱི་དྲི་བར་ལན་དང༌། དྲི་བ་གཏོང་མཁན་དོ་བདག་མེད་པ།

༡    སྐར་རྟགས་ཅན་གྱི་དྲི་བའི་ལན་ངག་ཐོག་དགོས་པའི་ཐོ་གཞུང་གི་ཁོངས་སུ་དུས་ཚོད་ཟུར་བཅད་ཡོད་ནའང་ཉིན་དེར་དྲིས་ལན་འདེབས་མཁན་མེད་པ་དང༌། ཡང་ན་དྲི་བ་གཏོང་མཁན་སྤྱི་འཐུས་ཚོགས་འདུར་མེད་ཚེ་དྲི་བ་དྲིས་ལན་གྱི་དུས་ཚོད་མཐའ་བསྡོམས་མ་བྱས་གོང་དྲི་བ་བྱ་ཡུལ་སྲིད་སྐྱོང་ངམ་བཀའ་བློན་གྱིས་ཡིག་ཐོག་དྲིས་ལན་ཚོགས་དྲུང་བརྒྱུད་སྤྲོད་དགོས།

༢    གལ་ཏེ་ཚོགས་འདུ་ཕར་འགྱངས་གཏོང་བའམ། བར་མཚམས་བཞག་པ། ཡང་ན་དོན་གནད་གཞན་ཞིག་སྐོར་ལ་གྲོས་བསྡུར་བྱ་རྒྱུའི་དུས་ཚོད་བཏང་བ་བཅས་ལ་བརྟེན་ནས་དྲི་བ་དྲིས་ལན་བྱ་རྒྱུའི་དུས་ཚོད་མ་བྱུང་བ་ཡིན་ན། ཚོགས་ཐེངས་རྗེས་མའི་དྲི་བ་དྲིས་ལན་གྱི་ཟུར་བཅད་དུས་ཚོད་རིང་དྲིས་ལན་རྣམས་ཡིག་ཐོག་སྤྲོད་དགོས་པ་དང༌། དགོས་གལ་དང་དུས་ཚོད་བྱུང་ན་ཚོགས་གཙོས་ངག་ཐོག་དྲིས་ལན་དགོས་པའི་བཀོད་ཁྱབ་གནང་འཐུས། 

དོན་ཚན་ཉེར་ལྔ་པ།       སྤྱི་འཐུས་བྱེ་བྲག་པ་ཚོར་དྲི་བ་དྲིས་ལན།

སྤྱི་འཐུས་བྱེ་བྲག་པ་ཞིག་ལ་འབྲེལ་བ་ཡོད་པའི་ཁྲིམས་ཡིག་འཆར་ཟིན་དང༌། གྲོས་ཆོད་འཆར་ཟིན། གཞན་ཡང་ཚོགས་འདུའི་ལས་དོན་དང་འབྲེལ་བའི་གནད་དོན་ཞིག་ལ་དྲི་བ་དགོས་པ་བྱུང་ཚེ་ཚོགས་གཙོའི་ལམ་སྟོན་ལྟར་སྤྱི་འཐུས་གཞན་སུ་རུང་ནས་བཀའ་བློན་ཞིག་ལ་དྲི་བ་གཏོང་སྟངས་དང་འདྲ་བར་གཏོང་ཆོག

དོན་ཚན་ཉེར་དྲུག་པ།     དྲི་བ་ཆོག་མིན་གྱི་ཚད་གཞི།

མང་ཚོགས་ཀྱི་གལ་གནད་དང་འབྲེལ་བའི་གནས་ཚུལ་ཤེས་རྟོགས་ཆེད་གཤམ་གསལ་ཆ་རྐྱེན་ཁག་གི་འོག་སྲིད་སྐྱོང་ངམ་བཀའ་བློན་སུ་རུང་ལ་དྲི་བ་གཏོང་ཆོག

༡    དྲི་བ་རྣམས་ཁ་གསལ་ཞིང༌། དོན་སྙིང་དང་ལྡན་པ་ཞིག་དགོས་པ་ལས། དམིགས་བསལ་ལན་འདེབས་མ་ཐུབ་པའི་ཆེད་སྤྱིར་བཏང་དང༌། གླེང་སློང་བྱ་རྒྱུའི་རང་བཞིན་ཅན་མ་ཡིན་པ།

༢    དྲི་བ་ཁ་གསལ་ཡོང་ཆེད་དགོས་གལ་མེད་པའི་གཏམ་བཤད་དང་མིང་སྨོས་མེད་པ།

༣   དྲི་བའི་ནང་ཁ་ཚོན་ཆོད་པའི་བརྗོད་ཚིག་ཡོད་ཚེ་དེའི་ཁུངས་སྐྱེལ་འགན་འཁུར་སྤྱི་འཐུས་དེ་རང་གིས་བྱེད་དགོས།

༤   རྩོད་གཞི་སློང་བ་དང༌། སྒེར་རྩོད། རྒྱག་གཏམ་དང་ཁ་རྡུང་ངན་སྨྲས་ཀྱི་བརྗོད་ཚིག་རིགས་མེད་པ།

༥    བསམ་ཚུལ་ཙམ་དང༌། ཁྲིམས་ལུགས་སྐོར་གྱི་དྲི་བ། གཞི་མེད་སྒྲོ་བཏགས་ཀྱི་དྲི་བའི་རིགས་མིན་པ།

༦   བོད་མིའི་སྒྲིག་འཛུགས་དང༌། མང་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་མ་གཏོགས་སྒེར་གྱི་སྤྱོད་ཚུལ་དང༌། ལས་དོན་བྱེད་ཕྱོགས་སྐོར་གྱི་དྲི་བའི་རིགས་མ་ཡིན་པ།

༧   དྲི་བ་གཅིག་གི་རིང་ཐུང་མིང་ཚིག ༡༥༠ ལས་མ་བརྒལ་བ།

༨    ཚོགས་ཆུང་ཞིག་གི་ལས་དོན་སྙན་ཐོ་སྤྱི་འཐུས་ལྷན་ཚོགས་སུ་མ་ཕུལ་གོང༌། དེའི་ལས་དོན་བྱེད་ཕྱོགས་སྐོར་གྱི་དྲི་བ་མ་ཡིན་པ།

༩    སྒེར་གྱི་སྤྱོད་ཚུལ་ལ་སྐྱོན་འཛུགས་རིགས་མ་ཡིན་པ།

༡༠  དྲིས་ལན་ཙམ་གྱིས་ཐག་གཅོད་མ་ཐུབ་པ་དང༌། གསལ་པོ་མེད་པའི་སྲིད་བྱུས་དང་འབྲེལ་བའི་དྲི་བ་མིན་པ།

༡༡  ལན་འདེབས་བྱས་ཟིན་པའམ། ལན་འདེབས་བྱ་རྒྱུར་དགག་བྱ་བྱས་པའི་གནད་དོན་རིགས་ལ་ཁུངས་སྐྱེལ་ཐུབ་པའི་དྲི་བ་ཡོད་ན་ལས། དེ་མིན་བསྐྱར་འདྲི་མི་ཆོག

༡༢  ཁྲིམས་ཞིབ་ཁང་གང་རུང་གིས་ཁྲིམས་ཞིབ་བྱེད་བཞིན་པའི་སྐོར་ལ་དྲི་བ་མི་བྱེད།

༡༣  མཛའ་འབྲེལ་ཅན་གྱི་རྒྱལ་ཁབ་གང་ཞིག་ལ་བརྩི་མེད་ཀྱི་སྒོ་ནས་མིང་འབོད་མི་བྱེད།

དོན་ཚན་ཉེར་བདུན་པ།    ཚོགས་གཙོས་སྟངས་འཛིན་ཐག་གཅོད་གནང་ཕྱོགས།

༡    དྲི་བ་གང་ཞིག་སྒྲིག་གཞི་འདིའི་འབྲུ་དོན་ལྟར་དྲི་སློང་ཆོག་མིན་དང༌། འདྲི་ཆོག་པའི་ཐོབ་ཐང་ལས་བརྒལ་བའམ། ཡང་ན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་ཕྱོགས་འགལ་ཡིན་མིན་ཚོགས་གཙོས་དགོངས་དཔྱད་ཀྱིས་ཐག་གཅོད་གནང་རྒྱུ།

༢    ངག་ཐོག་ནས་དྲིས་ལན་དགོས་པའི་ཁོངས་སུ་བཞག་ཟིན་པའི་དྲི་བ་ཞིག་ཚོགས་གཙོས་དགོས་གལ་གཟིགས་ཚེ་དྲི་བ་འདྲི་མཁན་  དེར་འདྲི་ཞིབ་རྗེས་ཡིག་ཐོག་དྲིས་ལན་གྱིས་འཐུས་པའི་ཁོངས་སུ་ཁ་བསྒྱུར་བྱ་འཐུས།

དོན་ཚན་ཉེར་བརྒྱད་པ།   དྲི་བ་ཕྱིར་འཐེན་དང༌། ཕྱི་སྣུར།

སྤྱི་འཐུས་གང་ཞིག་གིས་རང་གི་དྲི་བ་ཕྱིར་འཐེན་བྱེད་པའམ། ཕྱི་སྣུར་བྱ་རྒྱུ་ཡིན་ན་ཚོགས་འདུ་མ་འཚོག་པའི་གོང་དུ་བརྡ་ཁྱབ་ཡིག་ཆུང་ནང་ཁ་གསལ་འགོད་དགོས་པ་དང༌། དྲི་བ་དེ་དག་ཉིན་རྗེས་མ་ཞིག་ཏུ་འདྲི་སློང་བྱ་རྒྱུའི་ཐོ་གཞུང་མཇུག་ཏུ་འཇོག་ཆོག

དོན་ཚན་ཉེར་དགུ་པ།     དྲི་བ་དྲིས་ལན་གྱི་ཐབས་ལམ།

༡    དྲི་བ་དྲིས་ལན་བྱ་རྒྱུའི་དུས་ཚོད་དུ་སླེབས་པ་དང༌། དྲི་བའི་ཐོ་གཞུང་ནང་གསལ་ལྟར་ཚོགས་གཙོས་སྤྱི་འཐུས་རེ་རེ་བཞིན་མིང་འབོད་གནང་རྒྱུ།

༢    གལ་ཏེ་དྲི་བ་གང་ཞིག་སྐབས་མཚམས་ཕྱིར་འཐེན་བྱ་འདུན་ཡོད་ན་ལས། དེ་མིན་མིང་འབོད་བྱས་པའི་སྤྱི་འཐུས་དེས་རང་གནས་སུ་ལངས་ཏེ་དྲི་བ་འདྲི་དགོས།

༣   དྲི་བ་འདྲི་མཁན་གྱི་སྤྱི་འཐུས་དེ་ཚོགས་འདུར་སླེབས་མེད་ཚེ་དྲི་བ་དེ་གསལ་བསྒྲགས་མ་དགོས་ནའང༌། སྤྱི་འཐུས་གཞན་སུ་རུང་ནས་འབོད་བསྐུལ་བྱུང་ཚེ་དྲི་བ་དེར་ལན་འདེབས་དགོས་པའི་ཚོགས་གཙོས་བཀའ་ཁྱབ་གནང་རྒྱུ།

དོན་ཚན་སུམ་ཅུ་པ།      འཕྲོས་དོན་དྲི་བ།

༡    ངག་ཐོག་དྲིས་ལན་དགོས་པའི་དྲི་བ་འདྲི་སྐབས་དོན་གནད་གསལ་པོ་བཟོ་ཐབས་སུ་ལན་འདེབས་ཀྱི་གནས་ཚུལ་ལས་འཕྲོས་པའི་  འཕྲོས་དོན་གྱི་དྲི་བ་བྱེད་ཆོག་པའི་བཀའ་འཁྲོལ་ཞུ་དགོས།

༢    འཕྲོས་དོན་གྱི་དྲི་བ་འདྲི་མི་ཆོག་པའི་དོན་ཚན་གཤམ་གསལ།

ཀ    རང་གི་ཐོག་མའི་དྲི་བ་དང་འབྲེལ་བ་མེད་རིགས།

ཁ    གནས་ཚུལ་རྟོགས་ཐབས་བྱ་རྒྱུའི་ཚབ་ཏུ་གནས་ལུགས་གསལ་བཤད་བྱེད་པ།

ག    གནས་ཚུལ་ཞིག་ཁས་ལེན་དང༌། ཡང་ན་དགག་པ་བྱེད་པའི་ཐབས་ཤེས་བྱེད་པ།

༣   དྲི་བ་དྲིས་ལན་གྱི་ཚོགས་ཐེངས་རིང་དྲི་བ་དྲིས་ལན་དང་མ་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་མི་ཆོག

དོན་ཚན་སོ་གཅིག་པ།    དུས་ཚོད་ཡོལ་བའི་དྲི་བ།

སྤྱི་འཐུས་སུ་རུང་གིས་དྲི་བ་བྱས་པར། དྲི་ཡུལ་དེས་དུས་ཐོག་དྲིས་ལན་མ་བྱུང་བར་དུས་ཚོད་ཧ་ཅང་ཕྱི་འགྱངས་བྱུང་ན་སྤྱི་འཐུས་དེས་མོས་མཐུན་བྱུང་ཚེ་ཉིན་རྗེས་མའི་དྲི་བའི་ཐོ་གཞུང་ཁོངས་འཇོག་མ་དགོས་པར་རྩིས་མེད་གཏོང་འཐུས།

དོན་ཚན་སོ་གཉིས་པ།    དྲིས་ལན་ཁག་སྔོན་ཚུད་ཁྱབ་བསྒྲགས་མི་ཆོག་པ།

དྲི་བ་གང་ཞིག་ལ་སྲིད་སྐྱོང་ངམ་བཀའ་བློན་ཞིག་གིས་སྤྱི་འཐུས་ལྷན་ཚོགས་ནང་དྲིས་ལན་མ་བརྒྱབ་སྔོན་དང༌། ཡང་ན་ཡིག་ཐོག་གི་དྲིས་ལན་ཚོགས་དྲུང་ལ་མ་སྤྲད་གོང་དྲིས་ལན་དེ་དག་གསལ་བསྒྲགས་འགྲེམས་སྤེལ་མི་ཆོག

དོན་ཚན་སོ་གསུམ་པ།    དུས་ཐུང་སྔོན་བརྡ་ཕུལ་བའི་དྲི་བ།

༡    དྲི་བ་གང་ཞིག་མང་ཚོགས་ཀྱི་གལ་གནད་དང་འབྲེལ་བའི་ཛ་དྲག་གལ་ཆེ་ཡིན་ཚེ། ཚོགས་གཙོས་དགོངས་དཔྱད་ཀྱིས་སྲིད་སྐྱོང་ངམ་འབྲེལ་ཡོད་བཀའ་བློན་ལ་སྒྲིག་གསལ་གཏན་འབེབས་དུས་ཚོད་གོང་དྲིས་ལན་འདེབས་དགོས་པའི་བཀའ་ཁྱབ་གནང་འཐུས།

༢    སྲིད་སྐྱོང་ངམ་བཀའ་བློན་གང་ཞིག་གིས་དུས་ཐུང་གི་སྔོན་བརྡ་ནང་ཚུན་དྲིས་ལན་ཐུབ་ཐབས་མེད་ཚེ། མང་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་གལ་གནད་ཆེ་ཆུང་ལ་གཞིགས་ཏེ་སྒྲིག་གཞི་ནང་གསལ་གྱི་དུས་ཡུན་ནང་ཚུན་དྲིས་ལན་བྱ་རྒྱུའི་ཐོ་གཞུང་གི་ཐོག་མར་བཞག་སྟེ་སྤྱི་འཐུས་ལྷན་ཚོགས་ནང་ངག་ཐོག་ནས་དྲིས་ལན་བྱེད་དགོས།

༣   གལ་ཏེ་དོན་གནད་གཅིག་གི་སྐོར་ལ་དྲི་བ་འདྲི་མཁན་གཅིག་ལས་མང་བ་ཡོད་ཚེ་དེའི་ཁོངས་ནས་འདྲི་མཁན་གཅིག་ལ་རྩ་འཛིན་བྱ་རྒྱུ་དང༌། དེ་ལྟའི་དྲི་བ་རྣམས་ལ་སྲིད་སྐྱོང་ངམ་འབྲེལ་ཡོད་བཀའ་བློན་གྱིས་གཅིག་སྡུད་ཀྱིས་དྲིས་ལན་བརྒྱབ་རྒྱུའི་བརྡ་ཁྱབ་བྱ་འཐུས།

༤   སྤྱི་འཐུས་གང་ཞིག་གིས་དུས་ཐུང་སྔོན་བརྡའི་དྲི་བ་ངག་ཐོག་དྲིས་ལན་དགོས་རིགས་ཛ་དྲག་དགོས་པའི་རྒྱུ་མཚན་མདོར་བསྡུས་བཀོད་དགོས་པ་དང༌། གལ་ཏེ་རྒྱུ་མཚན་གང་ཡང་བཀོད་མེད་ཚེ་དྲི་བ་དེ་བཞིན་སྤྱི་འཐུས་དེར་ཕྱིར་སློག་བྱེད་དགོས།

༥    ཐོ་གཞུང་ནང་གསལ་ལྟར་རང་ཉིད་ཀྱི་གོ་རིམ་སླེབས་སྐབས་སྤྱི་འཐུས་དེས་རང་གནས་སུ་ལངས་ཏེ་དྲི་བ་འདྲི་དགོས་པ་དང༌། དེར་སྲིད་སྐྱོང་ངམ་འབྲེལ་ཡོད་བཀའ་བློན་ནས་ལམ་སེང་དྲིས་ལན་བརྒྱབ་དགོས་པ་ཡིན། དྲི་བ་ཞིག་ལ་སྤྱི་འཐུས་གཅིག་ལས་མང་བས་མིང་རྟགས་བཀོད་ཡོད་ཚེ་མིང་རྟགས་དང་པོ་འགོད་མཁན་དེར་ཚོགས་གཙོས་མིང་འབོད་གནང་རྒྱུ་དང༌། གལ་ཏེ་དང་པོ་དེ་མེད་ཚེ་སྤྱི་འཐུས་གཞན་ཞིག་མིང་འབོད་གནང་འཐུས།

༦ དགོས་གལ་གང་རུང་ཆེད་ཚོགས་གཙོས་བསྒྱུར་བཀོད་གཏོང་དགོས་བྱུང་ན་མ་གཏོགས་དེ་མིན་དུས་ཐུང་སྔོན་བརྡའི་དྲི་བ་ངག་ཐོག་ནས་དྲིས་ལན་དགོས་རིགས་རྣམས་ཀྱི་འགྲོ་ལུགས་དྲི་བ་དྲིས་ལན་སྤྱིར་བཏང་དང་འདྲ་བ་ཡིན།

ལེའུ་བརྒྱད་པ།

དྲི་བ་དྲིས་ལན་ལས་འཕྲོས་པའི་གྲོས་བསྡུར། 

དོན་ཚན་སོ་བཞི་པ།      ཆུ་ཚོད་ཕྱེད་རིང་གི་གྲོས་བསྡུར།

༡    ཉིན་ཤས་སྔོན་དྲིས་ལན་བྱས་པའི་ཁོངས་ནས་མང་ཚོགས་ཀྱི་གལ་གནད་ཡོད་པའི་ཡིག་ངག་གི་དྲིས་ལན་འགའ་ཤས་ལ་བསྐྱར་དུ་དྲི་སློང་དང༌། གསལ་བཤད་ཆེད་བདུན་གཅིག་ནང་ཚོགས་ཐེངས་གསུམ་རིང་ཆུ་ཚོད་ཕྱེད་ཀ་རེའི་དུས་ཡུན་ཟུར་བཅད་གནང་འཐུས།

༢ སྤྱི་འཐུས་སུ་ཞིག་གིས་ཉིན་ཤས་སྔོན་དྲི་བ་དྲིས་ལན་བྱས་ཟིན་པའི་གལ་ཆེའི་དོན་གནད་གང་ཞིག་སྐོར་བསྐྱར་དུ་དྲི་སློང་བགྲོ་གླེང་བྱེད་འདུན་ཡོད་ཚེ་ཉིན་གསུམ་གྱི་སྔོན་ཚོགས་དྲུང་ལ་རྒྱུ་མཚན་དང་སྦྲགས་ཡིག་ཐོག་སྔོན་བརྡ་སྤྲོད་དགོས།

༣   དྲི་བ་དང་གླེང་སློང་བྱ་རྒྱུ་དེའི་སྐོར་མང་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་གལ་གནད་ཡོད་མེད་ཚོགས་གཙོས་དགོངས་དཔྱད་ཀྱིས་ངོས་ལེན་འོས་མིན་ཐག་གཅོད་གནང་རྒྱུ།

༤   གླེང་སློང་སྔོན་བརྡ་གཉིས་ལས་མང་བ་འབྱོར་ཚེ་ཚོགས་དྲུང་གིས་འབྱོར་སྔ་རྟིང་གི་ཐོག་ནས་སྔོན་བརྡ་གཉིས་འདོན་རྒྱུ་དང༌། གླེང་སློང་གང་ཞིག་ཚོགས་ཐེངས་དེ་གའི་རིང་མ་ཚར་ན་ཚོགས་ཐེངས་རྗེས་མའི་ལས་རིམ་ནང་འཇོག་མི་དགོས། འོན་ཀྱང་སྤྱི་འཐུས་དེས་དགོས་འདུན་དམིགས་བསལ་བཏོན་ཚེ་ཚོགས་ཐེངས་རྗེས་མ་གང་རུང་ལ་འཇོག་འཐུས།

༥    ཐོ་གཞུང་ནང་གསལ་སྤྱི་འཐུས་དེས་ཚོགས་གཙོའི་བཀའ་འཁྲོལ་ལྟར་རང་ཉིད་ཀྱི་དྲི་བར་གསལ་ཆ་འདོན་ཆེད་བསྐྱར་དུ་དོན་གནད་དེ་དང་འབྲེལ་བའི་དྲི་བ་དང་བགྲོ་གླེང་བྱེད་ཆོག་པ་དང༌། དེར་སྲིད་སྐྱོང་ངམ་འབྲེལ་ཡོད་བཀའ་བློན་གྱིས་དྲིས་ལན་འདེབས་དགོས། འོན་ཀྱང་ཐོ་གཞུང་ནང་གསལ་གྱི་དྲི་བ་གཏོང་མཁན་སྤྱི་འཐུས་སུ་རུང་ཞིག་གིས་མ་གཏོགས་གཞན་གྱིས་དྲི་བ་འཕར་མ་འདྲི་མི་ཆོག

ལེའུ་དགུ་པ།

ཚོགས་འདུ་མཚམས་འཇོག་གྲོས་འཆར། 

དོན་ཚན་སོ་ལྔ་པ།       ཚོགས་གཙོའི་བཀའ་འཁྲོལ།

སྒྲིག་གཞི་འདིའི་འབྲུ་དོན་གྱི་ཆ་རྐྱེན་ཁག་ནང་གསལ་ལྟར་མང་ཚོགས་ཀྱི་གལ་ཆེའི་ལས་དོན་ཞིག་འཕྲལ་དུ་གྲོས་བསྡུར་བྱ་རྒྱུའི་ཆེད་བྱེད་བཞིན་པའི་གྲོས་བསྡུར་ཐོག་གི་ཚོགས་འདུ་བར་མཚམས་འཇོག་རྒྱུའི་གྲོས་འཆར་ཚོགས་གཙོའི་བཀའ་འཁྲོལ་དང་བསྟུན་འདོན་ཆོག

དོན་ཚན་སོ་དྲུག་པ།      གྲོས་འཆར་བརྡ་ཐོ།

ཚོགས་འདུ་བར་མཚམས་འཇོག་རྒྱུའི་གྲོས་འཆར་གྱི་བརྡ་ཐོ་ཉིན་དེ་གའི་ཆུ་ཚོད་ ༩།༣༠ གོང་ཚོགས་དྲུང་ལ་སྤྲོད་དགོས་པ་དང༌། དེའི་ངོ་བཤུས་གཏོང་དགོས་གཤམ་གསལ། ༡། ཚོགས་གཙོ་དང༌། ༢། ཚོགས་གཙོ་གཞོན་པ། ༣། འབྲེལ་ཡོད་བཀའ་བློན། གལ་ཏེ་གྲོས་འཆར་བརྡ་ཐོ་དེ་ཉིན་ཆུ་ཚོད་ ༩།༣༠ རྗེས་སུ་འབྱོར་ན། ཕྱི་ཉིན་སྤྱི་འཐུས་ལྷན་ཚོགས་ཚུགས་པ་དང་སྙན་སེང་ཞུ་རྒྱུ།

དོན་ཚན་སོ་བདུན་པ།     གྲོས་འཆར་གནད་དོན།

མང་ཚོགས་ཀྱི་ཛ་དྲག་གལ་ཆེའི་ལས་དོན་ངེས་ཅན་ཞིག་གི་སྐོར་གྲོས་བསྡུར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མཚམས་འཇོག་གཤམ་གསལ་དོན་ཚན་ཁག་ལྟར་བྱེད་ཆོག་པ་ཡིན།

༡    ཚོགས་ཐེངས་གཅིག་གི་ནང་ཚོགས་འདུ་མཚམས་འཇོག་གྲོས་འཆར་གཅིག་ལས་བརྒལ་བ་འདོན་མི་ཆོག

༢    གྲོས་འཆར་རེ་རེའི་ནང་དོན་གནད་གཅིག་ལས་མང་བ་འགོད་མི་ཆོག

༣   གྲོས་འཆར་དེ་དག་ཉེ་དུས་བྱུང་བའི་ཛ་དྲག་གི་གནད་དོན་ངེས་ཅན་ཞིག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་དང་འབྲེལ་བ་ཡོད་པ་ཞིག་ཡིན་དགོས།

༤   གྲོས་འཆར་དེ་ཚོའི་ནང་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་སྐོར་གླེང་མི་ཆོག

༥    དོན་གནད་གང་ཞིག་ཚོགས་དུས་དེ་གའི་ནང་གྲོས་བསྡུར་ཟིན་པའི་གནད་དོན་བསྐྱར་དུ་གླེང་སློང་མི་ཆོག

༦ ཚོགས་ཆུང་ཟུར་བཙུགས་ལ་བསམ་ཞིབ་བྱ་རྒྱུར་བཀོད་མངགས་བྱས་པའི་དོན་གནད་སྐོར་དུས་ཚོད་གཏན་འབེབས་ནང་ཚུན་ཚོགས་འདུར་གསལ་བསྒྲགས་མ་བྱས་གོང་གྲོས་འཆར་འདོན་མི་ཆོག

༧   ཁྲིམས་ཐོག་ནས་ཞིབ་འཇུག་བྱེད་བཞིན་པའི་གནད་དོན་གང་ཅིའི་སྐོར་ལ་གྲོས་འཆར་འདོན་མི་ཆོག

༨    བཅའ་ཁྲིམས་དང༌། སྒྲིག་གཞི་འདིའི་འགྲེལ་བརྗོད་དང་འབྲེལ་བའི་གནས་ཚུལ་གྱི་རིགས་ལ་སྔོན་ཚུད་ཚོགས་དྲུང་བརྒྱུད་སྙན་ཤོག་མ་བཏང་བར་གླེང་སློང་མི་ཆོག

༩    གནད་དོན་གང་ཞིག་ཁྲིམས་དོན་གྱོད་ཞིབ་དང༌། ཁྲིམས་ལུགས་དབང་འཛིན་གང་རུང་ནས་ཁྲིམས་ལུགས་དང༌། ཕྱེད་ཁྲིམས་ལུགས་དང་འབྲེལ་བའི་སྐོར་དང༌། ཡང་ན་ཞིབ་འཇུག་ཚོགས་ཆུང་ངམ་གྱོད་ཞིབ་གང་རུང་ནས་ཞིབ་འཇུག་བྱེད་བཞིན་པའི་གནད་དོན་སྐོར་ལ་གྲོས་འཆར་འདོན་མི་ཆོག འོན་ཀྱང་ཁྲིམས་ཞིབ་བྱེད་ཕྱོགས་རིགས་ལ་འབྲེལ་བ་ཡོད་པ་དང༌། ཞིབ་འཇུག་ཚོགས་ཆུང་དང་གྱོད་ཞིབ་པས་ཐག་གཅོད་བྱ་རྒྱུའི་གནད་དོན་ལ་གནོད་སྐྱོན་མ་གྱུར་ཚེ་ཚོགས་གཙོའི་དགོངས་དཔྱད་ལྟར་གླེང་སློང་ཆོག་པའི་བཀའ་འཁྲོལ་གནང་འཐུས།

དོན་ཚན་སོ་བརྒྱད་པ།    གྲོས་འཆར་བཀའ་འཁྲོལ་དང་བཀག་འགོག

༡    སྒྲིག་གཞི་དོན་ཚན་ ༣༥ ནང་གསལ་ལྟར་གྲོས་འཆར་གང་ཞིག་སྐོར་གྲོས་བསྡུར་བྱ་འོས་ཡིན་ཚེ་གྲོས་འཆར་འདོན་མཁན་མིང་འབོད་བྱས་མཚམས་རང་ས་ནས་ཡར་ལངས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱིས་བྱེད་བཞིན་པའི་ལས་དོན་བར་མཚམས་འཇོག་རྒྱུའི་གྲོས་འཆར་འགོ་འཛུགས་དགོས་པ་ཡིན།

༢ གལ་ཏེ་གྲོས་འཆར་དེ་བཞིན་གྲོས་བསྡུར་བྱ་འོས་མ་གཟིགས་ཚེ་ཚོགས་གཙོས་གྲོས་འཆར་སྙན་ཐོ་ཚོགས་འདུར་གསལ་བསྒྲགས་དང་འབྲེལ་གྲོས་བསྡུར་བྱ་འོས་མེད་པའི་གནས་ལུགས་གསལ་བཤད་ཀྱིས་གྲོས་འཆར་བཀག་འགོག་བྱ་རྒྱུ།

༣   གྲོས་འཆར་བཀག་འགོག་བྱས་པ་དེར་སྐྱོན་བརྗོད་བྱེད་མཁན་བྱུང་ཚེ་ཚོགས་གཙོས་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་མི་ཇི་ཡོད་གཟིགས་རྒྱུ་དང༌། སྤྱི་འཐུས་བཅུ་ལས་མི་ཉུང་བས་རྒྱབ་སྐྱོར་བྱུང་ཚེ་གྲོས་འཆར་ངོས་ལེན་གནང་རྒྱུ་དང༌། རྒྱབ་སྐྱོར་བྱེད་མཁན་བཅུ་ལས་ཉུང་བ་བྱུང་ཚེ་གྲོས་འཆར་བཀག་འགོག་བྱས་པ་དེ་ལ་གནས་རྒྱུ།

༤ ཚོགས་གཙོས་བཀའ་འཁྲོལ་བྱུང་ཡང་ལས་དོན་མཚམས་འཇོག་གྲོས་འཆར་བཀག་འགོག་གི་གྲོས་འཆར་སྤྱི་འཐུས་གཞན་ཞིག་གིས་བཏོན་ན་འདོན་མཁན་དེས་རྒྱུ་མཚན་གསལ་བཤད་མདོར་བསྡུས་ཤིག་ལས་བགྲོ་གླེང་མ་དགོས་པར་འཕྲལ་དུ་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།

དོན་ཚན་སོ་དགུ་པ།      ཚོགས་འདུ་བསྐྱར་ཚོགས་ཀྱི་དུས་ཚོད།

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་བསྡུར་བྱེད་བཞིན་པའི་ཚོགས་འདུ་བར་མཚམས་བཞག་སྟེ་མང་ཚོགས་ཀྱི་ལས་དོན་ཛ་དྲག་གལ་ཆེ་གཞན་སྐོར་གྲོས་བསྡུར་ཆེད་བསྐྱར་ཚོགས་བྱ་རྒྱུའི་དུས་ཚོད་ཚོགས་གཙོས་གསལ་བསྒྲགས་གནང་རྒྱུ་དང༌། ལས་དོན་ལ་གཞིགས་པའི་དགོས་ངེས་ཀྱི་དུས་ཚོད་སྤྲོད་རྒྱུ། དེའི་ཉིན་ཕྱི་དྲོ་ཚོགས་ཐེངས་འཕར་མ་ཚོགས་ཏེ་བར་མཚམས་བཞག་པའི་ལས་རིམ་རྣམས་ཀྱང་ཛ་དྲག་དོན་གནད་གཞན་གྲོས་བསྡུར་ཟིན་རྗེས་འགྲུབ་ཐབས་བྱ་རྒྱུ།

ལེའུ་བཅུ་པ།

ཐུགས་སྣང་གཞེན་བསྐུལ།

དོན་ཚན་བཞི་བཅུ་པ།    ཐུགས་སྣང་གཞེན་བསྐུལ་གྲོས་འཆར།

༡ སྔོན་ཚུད་ཚོགས་གཙོའི་བཀའ་འཁྲོལ་དང་སྦྲགས་སྤྱི་འཐུས་སུ་རུང་གིས་མང་ཚོགས་ཀྱི་གལ་ཆེའི་དོན་གནད་སྐོར་སྲིད་སྐྱོང་ངམ་བཀའ་བློན་ཞིག་ལ་ཐུགས་སྣང་དགོས་པའི་གཞེན་བསྐུལ་བྱེད་ཆོག་པ་དང༌། སྲིད་སྐྱོང་ངམ་བཀའ་བློན་དེས་སྐབས་དེར་གསལ་བཤད་བྱ་རྒྱུའམ། ཡང་ན་རྗེས་སུ་གསལ་བཤད་བྱ་རྒྱུའི་ཚེས་གྲངས་དང༌། དུས་ཚོད་ཞུ་དགོས།

༢    གསལ་བཤད་དེ་རིགས་ལ་བགྲོ་གླེང་མི་དགོས། འོན་ཀྱང་ཚོགས་གཙོའི་བཀའ་འཁྲོལ་དང་སྦྲགས་དོན་གནད་དེ་སྐོར་འཕྲོས་དོན་དྲི་བ་འདོན་ཆོག་པ་དང༌། སྐབས་སོ་སོར་སྲིད་སྐྱོང་ངམ་བཀའ་བློན་དེས་ལན་འདེབས་དགོས་པ་ཡིན།

༣   ཚོགས་ཐེངས་གཅིག་གི་རིང་དོན་གནད་དེ་རིགས་གཉིས་ལས་བརྒལ་བ་གླེང་མི་ཆོག་པ་དང༌། ཚོགས་མི་གཅིག་གིས་དོན་གནད་གཉིས་མུ་མཐུད་གླེང་མི་ཆོག དོན་གནད་གཉིས་པ་ཡོད་ན་ཚོགས་གཙོས་ཐག་གཅོད་བྱས་པའི་དུས་ཚོད་གཞན་ཞིག་སྐབས་གླེང་སློང་དགོས་པ་ཡིན།

༤   ཚོགས་ཐེངས་གཅིག་གི་རིང་དོན་གནད་གཅིག་ལས་མང་བ་འབུལ་མི་བྱུང་ཚེ། གལ་གནད་ཆེ་ཆུང་ལ་གཞིགས་པའི་གོ་རིམ་ཚོགས་གཙོས་ཐག་གཅོད་བྱ་རྒྱུ།

༥    བདུན་ཕྲག་དེའི་རིང་སྙན་ཐོ་འབྱོར་བ་རྣམས་ལ་གླེང་སློང་བྱ་རྒྱུའི་དུས་ཚོད་མ་ཐོབ་ཚེ། ཚོགས་གཙོས་དམིགས་བསལ་ཚོགས་ཐེངས་གཅིག་འཛུགས་རྒྱུར་བཀའ་འཁྲོལ་བྱུང་ན་ལས། དེ་མིན་རྩིས་མེད་གཏོང་རྒྱུ།

ལེའུ་བཅུ་གཅིག་པ།

གསལ་བཤད། 

དོན་ཚན་ཞེ་གཅིག་པ།     གཞུང་འབྲེལ་གསལ་བཤད།

༡    གཞུང་གི་ཆབ་སྲིད་དང་འབྲེལ་བའི་སྲིད་བྱུས་ཤིག་གསར་དུ་གཏན་འབེབས་བྱས་ཟིན་པའམ། བྱ་རྒྱུར་བསམ་ཞིབ་བྱེད་བཞིན་པའི་གནས་ཚུལ་ཞིག་གམ། ལག་ལེན་བསྟར་བཞིན་པའི་སྲིད་བྱུས་ལ་གལ་ཆེའི་འགྱུར་བ་གཏོང་རྒྱུ། ཡང་ན་ཉེ་དུས་སུ་བྱུང་བའི་གནས་ཚུལ་གལ་ཆེ་ཞིག་གི་སྐོར་བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་འགྲེལ་བརྗོད་བྱེད་རྒྱུའི་རེ་འདུན་བཏོན་པའམ། སྤྱི་འཐུས་སུ་རུང་གིས་གསལ་བཤད་དགོས་པའི་གྲོས་འཆར་བཏོན་པ་ལ་དེ་དོན་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་སྲིད་སྐྱོང་ངམ། འབྲེལ་ཡོད་བཀའ་བློན་གྱིས་གསལ་བཤད་འགྲེལ་བརྗོད་བྱ་རྒྱུ་དང། འབྲེལ་ཡོད་ཡིག་ཆ་ཡོད་ཚེ་ལྷན་ཚོགས་ཀྱི་གསོལ་ཅོག་ཐོག་འཇོག་རྒྱུ་བཅས་ཀྱི་གོ་སྐབས་སྤྲོད་དགོས།

༢    དེ་འདྲའི་གསལ་བཤད་ཆེད་སྔོན་བརྡ་བྱུང་འཕྲལ་ཚོགས་གཙོས་ལས་དོན་གྱི་ཛ་དྲག་དགོས་གལ་དང་བསྟུན་པའི་དུས་ཚོད་ཟུར་བཅད་བྱ་རྒྱུ།

དོན་ཚན་ཞེ་གཉིས་པ།    སྤྱི་འཐུས་སྒེར་གྱི་གསལ་བཤད།

སྤྱི་འཐུས་བྱེ་བྲག་པ་སུ་རུང་གིས་རང་ཉིད་དང་འབྲེལ་ཡོད་ཀྱི་གཞུང་དོན་གལ་ཆེ་གསལ་བཤད་བྱེད་འདོད་བྱུང་ཚེ་ཉུང་མཐའ་ཉིན་གཅིག་གི་གོང་སྔོན་བརྡ་ཐོག་ཚོགས་གཙོའི་བཀའ་འཁྲོལ་དང་དུས་ཚོད་ཟུར་བཅད་བྱུང་བསྟུན་གསལ་བཤད་བྱེད་ཆོག

དོན་ཚན་ཞེ་གསུམ་པ།    གསལ་བཤད་ལ་ངོས་ལེན་དང་གྲོས་བསྡུར།

༡    གཞུང་འབྲེལ་དང་སྤྱི་འཐུས་སྒེར་སུ་རུང་གིས་གསལ་བཤད་འགྲེལ་བརྗོད་བྱས་ཟིན་འཕྲལ་སྤྱི་འཐུས་སུ་རུང་གིས་གཤམ་གསལ་གྲོས་འཆར་གང་རུང་འདོན་ཆོག

ཀ    གསལ་བཤད་ཀྱི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་སོང་ཞེས་པའི་གྲོས་ཆོད་འཇོག་རྒྱུ།

ཁ    གསལ་བཤད་འགྲེལ་བརྗོད་ནང་གསལ་པོ་མ་བྱུང་བའི་དོན་གནད་དམིགས་བཀར་གང་རུང་ཐོག་བསྐྱར་དུ་འགྲེལ་བརྗོད་དམ། ཡིག་ཆ། ཡང་ན་སྤྱི་འཐུས་སམ་སྲིད་སྐྱོང་། བཀའ་བློན་ཞིག་གིས་གསལ་བཤད་བྱེད་དགོས།

ག    གསལ་བཤད་བྱས་པའི་དོན་གནད་སྤྱི་ཡོངས་སམ། བྱེ་བྲག་དམིགས་བཀར་གང་རུང་ཐོག་བགྲོ་གླེང་བྱེད་དགོས།

༢    གོང་གསལ་གྲོས་འཆར་ཁག་གང་རུང་ལྟར་གྱི་རྗེས་འབྲེལ་ལས་དོན་བྱ་རྒྱུ་དང༌། བགྲོ་གླེང་བྱ་དགོས་ཐག་གཅོད་བྱུང་ཚེ་ཚོགས་གཙོས་དགོས་ངེས་དུས་ཚོད་ཟུར་བཅད་བྱ་རྒྱུ།

དོན་ཚན་ཞེ་བཞི་པ།      བཀའ་བློན་དགོངས་ཞུ།

༡ བཀའ་བློན་དགོངས་པ་ཞུ་མཁན་བྱུང་སྐབས་སྲིད་སྐྱོང་ལ་སྙན་སེང་བཀའ་འཁྲོལ་བྱུང་རྗེས་རང་ཉིད་དགོངས་ཞུ་བྱེད་དགོས་པའི་གནད་དོན་སྐོར་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོའི་བཀའ་འཁྲོལ་དང་སྦྲགས་གསལ་བཤད་བྱེད་ཆོག་པ་ཡིན། གལ་སྲིད་སྤྱི་འཐུས་ལྷན་ཚོགས་མ་ཚོགས་པའི་སྐབས་དགོངས་ཞུ་བྱས་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཚོགས་རྗེས་ཀྱི་ཉིན་བདུན་ནང་ཚུན་སྲིད་སྐྱོང་ངམ་བཀའ་བློན་གཞན་ཞིག་གིས་འགྲེལ་བརྗོད་གསལ་བཤད་བྱེད་ཆོག

༢    འགྲེལ་བརྗོད་གསལ་བཤད་འདི་རིགས་ཐོག་བགྲོ་གླེང་བྱེད་མི་ཆོག འོན་ཀྱང་བཀའ་བློན་བྱེ་བྲག་པ་ཞིག་གིས་འགྲེལ་བརྗོད་ཟིན་རྗེས་དགོས་གལ་བྱུང་ན་བཀའ་བློན་གཞན་ཞིག་གིས་དོན་གནད་རྗེས་འབྲེལ་གྱི་གསལ་བཤད་བྱེད་ཆོག

ལེའུ་བཅུ་གཉིས་པ།

གྲོས་ཆོད་ཁག

དོན་ཚན་ཞེ་ལྔ་པ།        གྲོས་ཆོད་གྲོས་འཆར་འདོན་ཕྱོགས།

སྤྱི་འཐུས་བྱེ་བྲག་པས་གྲོས་ཆོད་གྲོས་འཆར་འདོན་རྒྱུའི་ཟུར་བཀག་གི་དུས་ཚོད་ཉིན་སྤྱི་འཐུས་སུ་རུང་གིས་གྲོས་ཆོད་གྲོས་འཆར་འདོན་རྩིས་ཡོད་ཚེ་ཉིན་གཉིས་གོང་ཚོགས་དྲུང་བརྒྱུད་གྲོས་ཆོད་གྲོས་འཆར་འབུལ་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱི་མིང་རྟགས་འཁོད་པའི་སྙན་ཤོག་འབུལ་དགོས། སྙན་ཤོག་མང་པོ་ཡོད་ན་འབྱོར་སྔ་རྟིང་གི་གོ་རིམ་ལྟར་གྲོས་འཆར་ལས་རིམ་དུ་འགོད་རྒྱུ། གྲོས་འཆར་ཧ་ཅང་མང་བས་ཚང་མ་ཚུད་ཐབས་མེད་ཚེ་ཇི་ཙམ་ཚུད་པ་དེ་ཙམ་རྒྱན་ཤོག་འདོན་རྒྱུ།

དོན་ཚན་ཞེ་དྲུག་པ།      གྲོས་ཆོད་གྲོས་འཆར་འདོན་པའི་ཐོབ་ཐང༌།

སྒྲིག་གཞི་འདིའི་ཆ་རྐྱེན་འོག་སྤྱི་འཐུས་སམ། སྲིད་སྐྱོང་། བཀའ་བློན་སུ་རུང་གིས་མང་ཚོགས་ཀྱི་དོན་གནད་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་འདོན་ཆོག་པ་ཡིན།

དོན་ཚན་ཞེ་བདུན་པ།     གྲོས་ཆོད་གྲོས་འཆར་འདོན་པའི་ཆ་རྐྱེན།

གྲོས་ཆོད་གྲོས་འཆར་འདོན་པའི་ཆ་རྐྱེན་དུ་གཤམ་གསལ་དོན་གནད་རྣམས་ཚང་དགོས།

༡    བརྗོད་བྱའི་དོན་གནད་གསལ་པོར་བཀོད་པ།

༢    དོན་གནད་དམིགས་བཀར་གཅིག་གི་སྐོར་ཡིན་པ།

༣   དོན་གནད་དེའི་ནང་རྩོད་གླེང་དང༌། ཚོད་དཔག ཟུར་ཟ་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་མེད་པ།

༤   གཞུང་མང་གི་ལས་དོན་དང་འབྲེལ་བའི་རིགས་མ་གཏོགས་སྐྱེ་བོ་སྒེར་གྱི་བྱ་སྤྱོད་སྐོར་མ་ཡིན་པ།

༥    ཁྲིམས་ཞིབ་ཁང་གང་རུང་གི་ཁྱབ་ཁོངས་འོག་ཁྲིམས་ཞིབ་བྱེད་བཞིན་པའི་དོན་གནད་དང་འབྲེལ་བ་མ་ཡིན་པ་བཅས།

དོན་ཚན་ཞེ་བརྒྱད་པ།    གྲོས་ཆོད་གྲོས་འཆར་ལ་ཚོགས་གཙོས་ཐག་གཅོད།

གྲོས་ཆོད་གྲོས་འཆར་གང་ཞིག་ཆ་ཚང་ངམ། དེའི་ཆ་ཤས་གང་རུང་འདོན་ཆོག་མིན་དང༌། སྒྲིག་གཞི་དང་མཐུན་མིན་ཚོགས་གཙོས་ཐག་གཅོད་བྱ་རྒྱུ།

དོན་ཚན་ཞེ་དགུ་པ།      གྲོས་ཆོད་གྲོས་འཆར་ཕྱིར་འཐེན་དང༌། གཞན་ལ་དབང་ཆ་སྤྲད་པ།

༡    སྤྱི་འཐུས་སམ། སྲིད་སྐྱོང་། བཀའ་བློན་གང་ཞིག་གིས་མིང་གསལ་གྲོས་ཆོད་གྲོས་འཆར་ཕྱིར་འཐེན་བྱས་ན་ལས། དེ་མིན་མིང་འབོད་བྱུང་སྐབས་གྲོས་ཆོད་གྲོས་འཆར་གྱི་དོན་གནད་རྣམས་ལུགས་མཐུན་ཐོག་ནས་འདོན་དགོས་པ་ཡིན།

༢    སྤྱི་འཐུས་སམ། སྲིད་སྐྱོང་། བཀའ་བློན་ཞིག་གི་མིང་གསལ་གྲོས་ཆོད་གྲོས་འཆར་རིགས་རང་ཉིད་ཀྱི་ཚབ་ཏུ་སྤྱི་འཐུས་སམ་བཀའ་བློན་གཞན་སུ་རུང་ལ་སྙན་སྒྲོན་བྱ་རྒྱུའི་དབང་ཆ་ཚོགས་གཙོའི་བཀའ་འཁྲོལ་དང་བསྟུན་སྤྲད་ཆོག

དོན་ཚན་ལྔ་བཅུ་པ།      གྲོས་ཆོད་གྲོས་འཆར་ལ་བཟོ་བཅོས་གྲོས་འཆར།

༡    གྲོས་ཆོད་གྲོས་འཆར་ཞིག་གླེང་སློང་ཟིན་རྗེས་དེར་བཟོ་བཅོས་དགོས་པའི་གྲོས་འཆར་འདོན་ཆོག

༢    གྲོས་ཆོད་གྲོས་འཆར་ཞིག་ལ་བཟོ་བཅོས་གྲོས་འཆར་གླེང་སློང་བྱ་རྒྱུའི་ཉིན་གཅིག་གོང་ཕུལ་མེད་ཚེ་ཚོགས་གཙོས་དམིགས་བསལ་བཀའ་འཁྲོལ་བྱུང་ན་ལས། དེ་མིན་སྤྱི་འཐུས་སུ་རུང་གིས་དགག་བྱ་བྱེད་ཆོག

དོན་ཚན་ང་གཅིག་པ།     གྲོས་ཆོད་གྲོས་འཆར་ལ་འོས་བསྡུ།

༡    བགྲོ་གླེང་ཟིན་འཕྲལ་ཚོགས་གཙོས་གྲོས་ཆོད་གྲོས་འཆར་དང༌། ནང་གསེས་དོན་ཚན་འགའ་ཤས་ཡོད་ཚེ་དོན་ཚན་རེ་རེ་བཞིན་འོས་བསྡུ་ཐག་གཅོད་བྱེད་དགོས།

༢ འོས་བསྡུ་གནང་སྐབས་གྲོས་ཆོད་གྲོས་འཆར་འགའ་ཤས་རིགས་ཚོགས་གཙོའི་གཟིགས་དཔྱད་ཀྱིས་གལ་ཆེའི་དོན་གནད་ཚོགས་དྲུང་ནས་མཚན་གཞུང་ལྗགས་ཀློག་གནང་སྟེ་འོས་བསྡུ་བྱ་རྒྱུ།

ལེའུ་བཅུ་གསུམ་པ།

གྲོས་འཆར་ཁག 

དོན་ཚན་ང་གཉིས་པ།     གྲོས་འཆར་མེད་པར་གྲོས་བསྡུར་མི་ཆོག་པ།

མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་གནད་གང་ཡང་བཅའ་ཁྲིམས་དང༌། སྒྲིག་གཞི་འདིའི་ཆ་རྐྱེན་གཞན་དག་གི་ནང་གསལ་བ་རྣམས་ཕུད། དེ་མིན་ཚོགས་གཙོའི་བཀའ་འཁྲོལ་དང་འབྲེལ་ཚད་ལྡན་གྲོས་འཆར་བཏོན་རིགས་མ་གཏོགས་གྲོས་བསྡུར་མི་ཆོག

དོན་ཚན་ང་གསུམ་པ།    གྲོས་འཆར་སྙན་ཐོ་འབུལ་སྟངས།

གྲོས་འཆར་འདོན་རྒྱུའི་སྙན་ཐོ་ཁག་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་འཐུས་སོ་སོས་མིང་རྟགས་བཀོད་པ་ཚོགས་དྲུང་གི་མིང་ཐོག་གཏོང་དགོས།

དོན་ཚན་ང་བཞི་པ།      གྲོས་འཆར་འདོན་རྒྱུའི་ཆ་རྐྱེན།

༡    དོན་གནད་དམིགས་བཀར་གཅིག་གི་སྐོར་ཡིན་པ།

༢    དོན་གནད་དེའི་ནང་རྩོད་གླེང་དང༌། ཟུར་ཟ། དམའ་འབེབས་ཀྱི་ཚིག་སྦྱོར་རིགས་མེད་པ།

༣   གཞུང་མང་གི་ལས་དོན་དང་འབྲེལ་བ་མ་གཏོགས་སྐྱེ་བོ་སྒེར་གྱི་བྱ་སྤྱོད་སྐོར་མ་ཡིན་པ།

༤   སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དེ་གའི་རིང་གྲོས་བསྡུར་ཐག་གཅོད་བྱུང་ཟིན་པའམ། ཡང་ན་རྗེས་སུ་གྲོས་བསྡུར་བྱ་རྒྱུར་ངེས་ཟིན་པའི་དོན་གནད་སྐོར་མ་ཡིན་པ།

༥    བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་རུང་གི་ཁྱབ་ཁོངས་སུ་ཁྲིམས་ཞིབ་བྱེད་བཞིན་པའི་དོན་གནད་མ་ཡིན་པ།

༦   གྲོས་འཆར་ནང་གནས་ཚུལ་ངེས་ཅན་ཞིག་བཀོད་ཡོད་ན་དེ་ཚད་ཐུབ་ཡིན་པའི་འགན་འཁུར་གྲོས་འཆར་འདོན་མཁན་སྤྱི་འཐུས་རང་ཉིད་ཀྱིས་བྱེད་དགོས།

༧   སྤྱི་འཐུས་བྱེ་བྲག་པ་གཅིག་གིས་ཚོགས་འདུའི་གསོལ་ཅོག་ཐོག་ཕུལ་བའི་ཡིག་ཆ་ལ་བགྲོ་གླེང་བྱ་རྒྱུའི་སྐོར་མ་ཡིན་པ།

༨    སྤྱི་འཐུས་ལྷན་ཚོགས་ཀྱིས་ཟུར་བཙུགས་ཚོགས་ཆུང་ཞིག་གིས་རྟོག་ཞིབ་བྱེད་བཞིན་པའི་དོན་གནད་དང་འབྲེལ་བ་མ་ཡིན་པ།

༩    ཁྲིམས་ཀྱི་དོན་གནད་ཆ་ཤས་ཟུར་བཏོན་དང༌། རྟོག་བཟོའི་གནད་དོན་གྱི་རིགས་ལ་བསམ་ཚུལ་དང༌། འགྲེལ་བཤད་དགོས་པའི་གྲོས་འཆར་མ་ཡིན་པ།

༡༠  བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་འབྲེལ་བ་མེད་པ་མ་ཡིན་པ།

༡༡  བོད་མིའི་སྒྲིག་འཛུགས་ལ་འགན་འཁུར་མེད་པའི་ཚོགས་སྡེའམ་སྐྱེ་བོ་བྱེ་བྲག་པའི་སྐོར་མ་ཡིན་པ།

༡༢  ལས་དོན་གང་ཞིག་གཞུང་འབྲེལ་གྱི་ཐོག་ནས་སྲིད་སྐྱོང་ངམ། བཀའ་བློན་བྱེ་བྲག་པ་ཞིག་དང་འབྲེལ་བ་མེད་པར་འབྲེལ་བ་སྦྱར་རྒྱུའི་ཐབས་ཤེས་བྱེད་པ་མ་ཡིན་པ།

༡༣  མཛའ་འབྲེལ་ཡོད་པའི་རྒྱལ་ཁབ་གཅིག་ལ་དམའ་འབེབས་ཀྱི་ཐོག་ནས་གླེང་སློང་བྱེད་པ་མ་ཡིན་པ།

༡༤  བཀའ་ཤག་ལྷན་ཚོགས་ཀྱི་གྲོས་བསྡུར་དང༌། བཅའ་ཁྲིམས། ཁྲིམས་ལུགས་ནང་གསལ་གྱི་གསང་རྒྱའི་རང་བཞིན་ཅན་གྱི་གནད་དོན་སྐོར་གསལ་བཤད་དགོས་པའི་གྲོས་འཆར་མ་ཡིན་པ།

ལེའུ་བཅུ་བཞི་པ།

ཁྲིམས་བཟོ། 

དོན་ཚན་ང་ལྔ་པ།        སྤྱི་འཐུས་སྒེར་གྱི་ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན།

༡ སྤྱི་འཐུས་སྒེར་གྱི་ཁྲིམས་ཡིག་གམ་སྒྲིག་གཞི་འཆར་ཟིན་འབུལ་རྒྱུའི་རིགས་ཐོག་མར་འཆར་ཟིན་ལ་སྤྱི་འཐུས་ལྷན་ཚོགས་སུ་གཏན་འབེབས་ཆེད་འབུལ་འཐུས་སྤྱི་འཐུས་རྒྱུན་ལས་སུ་བཀའ་འཁྲོལ་ཞུ་དགོས།

༢    བཀའ་འཁྲོལ་བྱུང་མཚམས་ཁྲིམས་ཡིག་གམ་སྒྲིག་གཞི་འཆར་ཟིན་དང༌། སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་འཁྲོལ་ཡིག་ཆུང༌། ཁྲལ་འབབ་དང་དངུལ་གྲོན་གྱི་འབྲེལ་བ་ཡོད་རིགས་ལ་བཀའ་ཤག་གི་རྒྱབ་གཉེར་དང༌། དངུལ་གྲོན་ཚོད་དཔག་སྔོན་རྩིས་བཅས་མཉམ་སྦྱར་གྱིས་ཉུང་མཐའ་ཟླ་བ་གཅིག་གི་སྔོན་བརྡ་ཚོགས་དྲུང་ལས་ཁུངས་སུ་གཏོང་དགོས།

དོན་ཚན་ང་དྲུག་པ།      བཀའ་རྩ་ཁྱབ་བསྒྲགས་ཟིན་པའི་ཁྲིམས་ཡིག

ཕྱིར་བསྡུ།

དོན་ཚན་ང་བདུན་པ།     གཞུང་འབྲེལ་ཁྲིམས་ཡིག་འཆར་ཟིན།

གསར་དུ་གཏན་འབེབས་བྱ་དགོས་ཀྱི་གཞུང་འབྲེལ་ཁྲིམས་ཡིག་འཆར་ཟིན་ནམ། སྒྲིག་གཞི་འཆར་ཟིན་གང་ཡང་འབྲེལ་ཡོད་བཀའ་བློན་ནམ། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྤྱི་འཐུས་སུ་རུང་གིས་ལས་རིམ་ཐོ་འགོད་གཞིར་བཟུང་འདོན་རྒྱུ།

དོན་ཚན་ང་བརྒྱད་པ།     བཀའ་ཤག་གི་རྒྱབ་གཉེར་དགོས་པའི་ཁྲིམས་ཡིག་འཆར་ཟིན།

༡    དཔྱ་ཁྲལ་འགེལ་བའམ་འཕྲལ་སེལ་ཆག་ཡང༌། རྩ་ཆག བསྒྱུར་བཀོད། ཡང་ན་ཁྲལ་འབབ་གང་རུང་གི་སྒྲིག་གཞི་དང༌། གཞུང་གི་དངུལ་བུན་ལེན་པའམ། འགན་ལེན་བྱེད་ཕྱོགས་དང་འབྲེལ་བའི་ཁྲིམས་ཡིག་འཆར་ཟིན་དང༌། ཁྲིམས་དོན་ལག་བསྟར་སྐབས་གཞུང་གྲོན་ཡོང་གཞིའི་ཁྲིམས་ཡིག་དང་སྒྲིག་གཞིའི་འཆར་ཟིན་རིགས་བཀའ་ཤག་གི་རྒྱབ་གཉེར་མེད་པར་འགོད་འབུལ་མི་ཆོག

༢ གྲོས་གཞིར་ཚུད་ཟིན་པའི་ཁྲིམས་ཡིག་གམ་སྒྲིག་གཞིའི་འཆར་ཟིན་དུ་གསལ་བའི་ཁྲལ་འབབ་ལ་འཕར་ཆག་གི་དོན་གནད་སྐོར་བཟོ་བཅོས་གྲོས་འཆར་འདོན་རྒྱུར་བཀའ་ཤག་གི་རྒྱབ་གཉེར་མི་དགོས།

དོན་ཚན་ང་དགུ་པ།      ཁྲིམས་ཡིག་འཆར་ཟིན་བཀག་འགོག

༡    ཁྲིམས་ཡིག་གམ་སྒྲིག་གཞིའི་འཆར་ཟིན་ཞིག་གྲོས་གཞིར་འཇུག་རྒྱུར་སྤྱི་འཐུས་སུ་རུང་ནས་བཀག་འགོག་བྱ་རྒྱུའི་གྲོས་འཆར་བཏོན་པ་ཡིན་ན། ཚོགས་གཙོའི་བཀའ་འཁྲོལ་དང་སྦྲགས་དགག་བྱའི་གྲོས་འཆར་འདོན་མཁན་དང༌། ཁྲིམས་ཡིག་འཆར་ཟིན་འདོན་མི་སོ་སོས་དོན་གནད་སྐོར་གཏམ་བཤད་མདོར་བསྡུས་རེ་བྱས་རྗེས་བགྲོ་གླེང་མ་དགོས་པར་འོས་བསྡུས་མང་མོས་ལྟར་ཐག་གཅོད་བྱ་རྒྱུ།

༢    གལ་ཏེ་ཁྲིམས་ཡིག་འཆར་ཟིན་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་དབང་ཚད་ལས་བརྒལ་ལུགས་ཀྱི་རྒྱུ་མཚན་བརྗོད་པ་ཡིན་ན། དེ་སྐོར་བགྲོ་གླེང་ཆ་ཚང་བྱས་རྗེས་འོས་བསྡུ་ཐག་གཅོད་བྱེད་དགོས།

༣ ཁྲིམས་ཡིག་འཆར་ཟིན་གང་ཞིག་གྲོས་གཞིར་འཇུག་འོས་མིན་ཚོགས་ཆུང་ཟུར་བཙུགས་ཀྱིས་རྟོག་ཞིབ་བྱ་རྒྱུར་གཏོང་དགོས་ཀྱི་གྲོས་འཆར་འདོན་མཁན་བྱུང་ན་གྲོས་འཆར་འདོན་མཁན་དང༌། ཁྲིམས་འཆར་འདོན་མཁན་སོ་སོས་དོན་གནད་སྐོར་གཏམ་བཤད་མདོར་བསྡུས་རེ་བྱས་རྗེས་བགྲོ་གླེང་མ་དགོས་པར་འོས་བསྡུ་བྱས་ཏེ་ཐག་གཅོད་བྱ་རྒྱུ་དང༌། ཚོགས་ཆུང་ལ་གཏོང་རྒྱུར་ཐག་ཆོད་བྱུང་ཚེ་དེ་འཕྲལ་ཚོགས་གཙོས་ཚོགས་ཆུང་གི་མི་འགྲོ་མིང་འདོན་བྱས་པར་ལྷན་ཚོགས་ཀྱི་མོས་མཐུན་ཇི་བྱུང་ལྟར་ཆེད་བཙུགས་ཚོགས་ཆུང་ལ་ཁྲིམས་ཡིག་གམ། སྒྲིག་གཞི་འཆར་ཟིན་ལྷན་ཚོགས་སུ་གོ་བསྡུར་བྱེད་དགོས་མིན་རྟོག་ཞིབ་ཆེད་བཏང་སྟེ་དུས་ཚོད་ངེས་ཅན་ནང་སྙན་ཤོག་ཏུ་རྒྱབ་གཉེར་ཇི་བྱུང་ལྟར་ལ་ཐག་གཅོད་བྱ་རྒྱུ།

དོན་ཚན་དྲུག་ཅུ་པ།      གྲོས་གཞིར་ཚུད་ཟིན་པའི་ཁྲིམས་འཆར་ཐོག་བགྲོ་གླེང༌།

༡    ཁྲིམས་ཡིག་འཆར་ཟིན་ནམ་སྒྲིག་གཞིའི་འཆར་ཟིན་གྲོས་གཞིར་ཚུད་ཟིན་འཕྲལ་བརྗོད་པ་དང་པོ་འགོ་འཛུགས་བྱ་རྒྱུ། བརྗོད་པ་དང་པོའི་རིང་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང༌། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་བྱེད་རྒྱུ་མ་གཏོགས་འཆར་ཟིན་ཐོག་བགྲོ་གླེང་དང༌། བཟོ་བཅོས་གྲོས་འཆར་འདོན་མི་ཆོག

༢ སྤྱི་འཐུས་སུ་རུང་གིས་བརྗོད་པ་དང་པོར་འཆར་ཟིན་ཆ་ཚང་ཀློག་དགོས་ཀྱི་རེ་འདུན་བྱུང་ན་མ་གཏོགས་སྤྱི་འཐུས་སྒེར་སོ་སོས་ཞིབ་ཀློག་ཟིན་པར་ཆ་འཇོག་གིས་དོགས་འདྲི་ཡོད་པའི་ཐད་མ་གཏོགས་ཆ་ཚང་མ་ཀློག་ཀྱང་འཐུས།

༣   བརྗོད་པ་དང་པོ་ཟིན་འཕྲལ་ཁྲིམས་འཆར་ངོ་སྤྲོད་བྱེད་མཁན་དེའམ། ཡང་ན་སྤྱི་འཐུས་གཞན་སུ་རུང་ནས་གཤམ་གསལ་གྲོས་འཆར་གང་རུང་འདོན་རྒྱུ།

ཀ    འཆར་ཟིན་ཐོག་དོན་ཚན་རེ་རེ་བཞིན་བགྲོ་གླེང་གཏན་འབེབས་གནང་རྒྱུ།

ཁ    འཆར་ཟིན་ཞིབ་འཇུག་སླད་ཆེད་བཙུགས་ཚོགས་ཆུང་ལ་གཏོང་རྒྱུ།

ག    མང་ཚོགས་ཀྱི་བསམ་འཆར་བསྡུ་རྒྱུའི་ཆེད་འགྲེམས་སྤེལ་བྱ་རྒྱུ།

༤   གོང་གསལ་གྲོས་འཆར་ ཀ པར་གཏན་འཁེལ་བྱུང་བ་ཡིན་ན་དེ་འཕྲལ་བརྗོད་པ་གཉིས་པ་འགོ་འཛུགས་ཀྱིས་དོན་ཚན་རེ་རེ་བཞིན་བགྲོ་གླེང་དང་བཟོ་བཅོས་གྲོས་འཆར་ཇི་ཡོད་རིམ་པས་འདོན་རྒྱུ་དང༌། བརྗོད་པ་གཉིས་པ་ཟིན་རྗེས་གཏན་འབེབས་འཆར་ཟིན་མཐའ་མ་བརྗོད་པ་གཉིས་པའི་སྐབས་བཟོ་བཅོས་ཇི་ཕྱིན་གྱི་འདྲ་བཤུས་རེའུ་མིག་བཅས་སྤྱི་འཐུས་རྣམས་ལ་འགྲེམས་སྤེལ་ཟིན་མཚམས་བརྗོད་པ་གསུམ་པ་དང་གཏན་འབེབས་བྱ་རྒྱུ།

༥    གོང་གསལ་གྲོས་འཆར་ ཁ པ་དང༌། ག པ་གང་རུང་གཏན་འཁེལ་བྱུང་ཚེ་དེ་དོན་བཞིན་བྱ་རྒྱུ་དང༌། ཚོགས་ཆུང་གི་རྒྱབ་གཉེར་དང༌། མང་ཚོགས་ཀྱི་བསམ་འཆར་ཇི་བྱུང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གིས་ཞིབ་འཇུག་ཐོག་འཆར་ཟིན་ལ་དགོས་ངེས་སྣོན་འཕྲི་བཟོ་བཅོས་བྱས་ཏེ། ཚོགས་འདུ་རྗེས་མར་གྲོས་གཞིར་འཇུག་རྒྱུའི་གྲོས་འཆར་འདོན་མ་དགོས་པར་ཐད་ཀར་ལས་རིམ་དུ་བཅུག་སྟེ་བརྗོད་པ་གཉིས་པ་འགོ་འཛུགས་བྱ་འཐུས།

དོན་ཚན་རེ་གཅིག་པ།     ཁྲིམས་འཆར་བསྐྱར་སློག

འཆར་ཟིན་གང་ཞིག་ཆེད་བཙུགས་ཚོགས་ཆུང་ལ་ཞིབ་འཇུག་ཆེད་བཏང་བའམ། མང་ཚོགས་ཀྱི་བསམ་འཆར་བསྡུ་རྒྱུར་འགྲེམས་སྤེལ་བྱས་པ་རྒྱུན་ལས་ཀྱིས་ཕྱོགས་བསྡུ་བཟོ་བཅོས་ཟིན་པ་ཞིག་བརྗོད་པ་གཉིས་པའི་སྐབས་ཆ་ཚང་ངམ། དོན་ཚན་བྱེ་བྲག་པ་ཁ་ཤས་བསྐྱར་དུ་ཆེད་བཙུགས་ཚོགས་ཆུང་ལ་བསྐྱར་ཞིབ་བྱ་རྒྱུའམ། མང་ཚོགས་ཀྱི་བསམ་འཆར་བསྐྱར་བསྡུ་དགོས་པའི་གྲོས་འཆར་བྱུང་ན་མང་མོས་ལྟར་ཐག་གཅོད་ཀྱིས་བསྐྱར་དུ་ཆེད་བཙུགས་ཚོགས་ཆུང་ངམ། མང་ཚོགས་ཀྱི་བསམ་འཆར་ཆེད་ལན་གཅིག་བསྐྱར་གཏོང་བྱ་འཐུས།

དོན་ཚན་རེ་གཉིས་པ།     བཟོ་བཅོས་གྲོས་འཆར།

ཁྲིམས་ཡིག་གམ་སྒྲིག་གཞི་འཆར་ཟིན་གང་ཞིག་ལ་བཟོ་བཅོས་གྲོས་འཆར་རིགས་གཤམ་འཁོད་ལྟར་འབུལ་ཆོག

༡    བཟོ་བཅོས་གྲོས་འཆར་ཁྲིམས་ཡིག་འཆར་ཟིན་དེའི་ཁྱབ་ཚད་དམིགས་ཡུལ་དང་མི་འགལ་ཞིང༌། སྐབས་བབས་ཀྱི་དོན་ཚན་དང་འབྲེལ་བ་ཡོད་པ།

༢    དེ་སྔའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དང་མ་མཐུན་པ་མིན་པ།

༣   ཚིག་བརྗོད་ཁྲིམས་ཡིག་འཆར་ཟིན་དང་གཞི་མཚུངས་ཤིང༌། བརྡ་སྤྲོད་དང་མཐུན་པ་བཅས་དགོས།

དོན་ཚན་རེ་གསུམ་པ།    གཏན་འབེབས་ཁྲིམས་འཆར་ལ་ཆོག་མཆན།

སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ནང་གསལ་ལྟར་སྤྱི་མོས་སམ་དགོས་ངེས་མང་མོས་ཀྱིས་གཏན་འབེབས་ཟིན་པའི་ཁྲིམས་ཡིག་འཆར་ཟིན་ནམ། སྒྲིག་གཞི་འཆར་ཟིན་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ཞུས་པའི་ཚད་འཛིན་དང་ཟླ་ཚེས་བཅས་བཀོད་པའི་ཚོགས་གཙོའི་མིང་རྟགས་འབྱར་མའི་ངོ་བཤུས་གཉིས་གཏན་འབེབས་བྱས་པའི་དུས་ཚེས་ནས་ལས་ཉིན་ ༡༤ ནང་ཚུན་སྲིད་སྐྱོང་ལ་ཆོག་མཆན་མིང་རྟགས་འགོད་ཆེད་འབུལ་ལམ་ཞུ་དགོས།

དོན་ཚན་རེ་བཞི་པ།      ཁྲིམས་འཆར་ཕྱིར་སློག་ལ་གྲོས་བསྡུར།

ཕྱིར་བསྡུ།

དོན་ཚན་རེ་ལྔ་པ།        བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་ཡིག་འཆར་ཟིན།

༡    བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་ཡིག་འཆར་ཟིན་འབུལ་ཚུལ་སྤྱི་འཐུས་སྒེར་དང༌། གཞུང་འབྲེལ་བསྐྱར་བཅོས་བཅས་གོང་གི་དོན་ཚན་ཁག་ནང་གསལ་བའི་ཁྲིམས་འཆར་སྤྱིའི་སྒྲིག་སྲོལ་ལྟར་ཡིན།

༢    བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་བགྲོ་གླེང་རྗེས་དོན་ཚན་གཅིག་ལས་མང་བ་དང༌། དོན་ཚན་རེ་རེར་ནང་གསེས་དབྱེ་བ་ཡོད་ན་ནང་གསེས་རེ་རེ་དང་དོན་ཚན་རེ་རེར་འོས་བསྡུ་ཐག་གཅོད་དང༌། དེ་རྗེས་ཡོངས་རྫོགས་ཐོག་འོས་བསྡུ་ཐག་གཅོད་བྱེད་དགོས།

༣   དོན་ཚན་རེ་རེར་འོས་བསྡུ་ཐག་གཅོད་སྐབས་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་བཅའ་ཁྲིམས་འདིའི་སྔོན་གླེང་དང༌། ལེའུ་དང་པོའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས་བཅས་དང་འབྲེལ་བ་ཞིག་ཡིན་ན། སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་ཡན་གྱི་མོས་མཐུན་གྱིས་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་དང་དེ་མིན་བསྐྱར་བཅོས་མ་བྱུང་བར་ངོས་འཛིན་བྱ་རྒྱུ།

༤ གོང་གསལ་དོན་ཚན་ཁག་ལས་གཞན་པའི་དོན་ཚན་གཞན་དག་དང་འབྲེལ་བ་ཡིན་ན་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་དང་དེ་མིན་བསྐྱར་བཅོས་མ་བྱུང་བར་ངོས་འཛིན་བྱ་རྒྱུ།

༥    བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ལ་བཟོ་བཅོས་གྲོས་འཆར་བྱུང་རིགས་ཀྱང་གོང་གི་ནང་གསེས་ ༣ དང་ ༤ ནང་གསལ་བ་ལྟར་གྱི་མང་མོས་བྱུང་ན་ངོས་འཛིན་བྱ་རྒྱུ་དང༌། དེ་མིན་ངོས་འཛིན་མེད་པ་བྱ་རྒྱུ།

༦   བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་རྗེས་སྲིད་སྐྱོང་ལ་བཀའ་འཁྲོལ་ཆོག་མཆན་ཞུ་ཕྱོགས་ཁྲིམས་འཆར་སྤྱི་ཡོངས་ལྟར་ཡིན།

ལེའུ་བཅོ་ལྔ་པ།

དཔལ་འབྱོར་གྱི་ལས་དོན། 

དོན་ཚན་རེ་དྲུག་པ།      ལོ་འཁོར་སྔོན་རྩིས་འཆར་འབུལ།

ལོ་འཁོར་སྔོན་རྩིས་ཡོང་འབབ་དང༌། འགྲོ་གྲོན་གྱི་རྩིས་ཁྲ་རྣམས་བཅའ་ཁྲིམས་དོན་ཚན་ ༥༢ པ་ནང་གསལ་ལྟར་གཏན་འབེབས་དུས་ཚེས་ཉིན་དཔལ་འབྱོར་བཀའ་བློན་གྱིས་སྤྱི་འཐུས་ལྷན་ཚོགས་སུ་འབུལ་དགོས།

དོན་ཚན་རེ་བདུན་པ།     ལོ་འཁོར་སྔོན་རྩིས་གྲོས་བསྡུར།

༡    ལོ་འཁོར་སྔོན་རྩིས་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་རྗེས་གཏན་འབེབས་བྱས་པའི་དུས་ཚེས་དེ་ནས་ལོ་འཁོར་སྔོན་རྩིས་ཡོངས་རྫོགས་ལ་གྲོས་བསྡུར་བྱེད་པའི་ཐོབ་ཐང་ཡོད།

༢    གྲོས་བསྡུར་ཟིན་པའི་མཇུག་ཏུ་བཀའ་ཤག་གིས་གསལ་བཤད་བྱེད་ཆོག་པའི་ཐོབ་ཐང་ཡོད།

༣   དགོས་གལ་གཟིགས་ཚེ་གྲོས་བསྡུར་དང༌། གསལ་བཤད་བྱ་རྒྱུར་ཚོགས་གཙོས་དུས་ཚོད་རྒྱས་བཅད་བཟོ་ཆོག

དོན་ཚན་རེ་བརྒྱད་པ།     དགོས་དངུལ་བཀའ་འཁྲོལ་སྐོར་འོས་བསྡུ།

༡    ཚོགས་གཙོས་དགོས་དངུལ་བཀའ་འཁྲོལ་གྱི་སྐོར་གྲོས་བསྡུར་དང་འོས་བསྡུའི་ཆེད་ཉིན་གྲངས་ཇི་དགོས་དུས་ཚོད་ཟུར་བཅད་བྱེད་དགོས།

༢    གྲོས་བསྡུར་དང༌། དགོས་དངུལ་བཀའ་འཁྲོལ་མཇུག་བསྡོམས་མ་བྱས་གོང་ཚོགས་གཙོས་དགོས་དངུལ་བཀའ་འཁྲོལ་གྱི་དོན་གནད་དང་འབྲེལ་བའི་དྲི་བ་ལྷག་བསྡད་རྣམས་ཟིན་པ་བྱེད་དགོས།

དོན་ཚན་རེ་དགུ་པ།      དགོས་དངུལ་སྣོན་འཕྲིའི་གྲོས་འཆར།

༡    དགོས་དངུལ་བཀའ་འཁྲོལ་ཞུ་རྒྱུའི་དངུལ་འབོར་ཐོག་ནས་གཤམ་གསལ་དོན་ཚན་གང་རུང་གི་ཐོག་སྣོན་འཕྲིའི་གྲོས་འཆར་འདོན་ཆོག

ཀ    དགོས་དངུལ་བཀའ་འཁྲོལ་དགོས་པའི་གནད་དོན་རྒྱུ་མཚན་ལ་ངོས་ལེན་མ་བྱུང་བ།

ཁ    ཚོད་དཔག་འཆར་རྩིས་ཡུལ་ཐང་དང་མི་མཐུན་པ།

ག    གཞུང་གི་དཔལ་འབྱོར་ལ་གནོད་སྐྱོན་འབྱུང་གཞི་ཡོད་པ་བཅས་ལ་སྡེ་ཚན་རེ་ཟུང་ནས་སྤོམ་ཚོད་སྣོན་འཕྲི་བྱེད་པའམ། ཚོད་དཔག་འཆར་རྩིས་བསྐྱར་ཞིབ་བྱ་རྒྱུ། ཡང་ན་སྡེ་ཚན་རེ་ཟུང་ཕྱིར་འཐེན་བྱ་རྒྱུའི་གྲོས་འཆར་འདོན་ཆོག

༢    དགོས་དངུལ་སྣོན་འཕྲིའི་གྲོས་འཆར་འདོན་མཁན་རྣམས་ཀྱིས་ཉིན་གཅིག་གོང་ཚོགས་དྲུང་བརྒྱུད་གྲོས་འཆར་འབུལ་དགོས། གྲོས་འཆར་དེར་སྤྱི་འཐུས་གཞན་གྱིས་བཀག་འགོག་བྱེད་ཆོག དེ་ལྟའི་གནས་ཚུལ་བྱུང་སྐབས་འོས་བསྡུས་ཐག་གཅོད་བྱེད་དགོས།

༣   དགོས་དངུལ་སྣོན་འཕྲིའི་གྲོས་འཆར་ལ་གྲོས་བསྡུར་གྱིས་མཐའ་མར་འོས་བསྡུས་ཐག་གཅོད་བྱེད་དགོས།

དོན་ཚན་བདུན་ཅུ་པ།     གཏོང་ལེན་ཁྲིམས་འཆར།

ལོ་འཁོར་སྔོན་རྩིས་ཀྱི་དགོས་དངུལ་བཀའ་འཁྲོལ་ཞུས་རིགས་ལ་སྡེ་ཚན་སོ་སོའི་ཐོག་གྲོས་བསྡུར་དང་འོས་བསྡུ་ཐག་གཅོད་ཟིན་རྗེས་གཏོང་ལེན་ཁྲིམས་འཆར་འགོད་འབུལ་ཞུ་རྒྱུ་དང༌། དེའི་ཐོག་གྲོས་འཆར་དང་གྲོས་བསྡུར་ཐག་གཅོད་བཅས་ཁྲིམས་འཆར་སྤྱི་འགྲོས་བཞིན་བྱ་རྒྱུ།

དོན་ཚན་དོན་གཅིག་པ།   གཏོང་ལེན་ཁྲིམས་འཆར་ལ་ཆོག་མཆན་ཞུ་སྩལ།

སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ཟིན་པའི་གཏོང་ལེན་ཁྲིམས་འཆར་དང་ལོ་འཁོར་སྔོན་རྩིས། འབྲེལ་ཡོད་ཀྱི་ཁྲིམས་འཆར་དང་ཡིག་ཆ་གཞན་དག་ཇི་ཡོད་བཅས་ཁྲིམས་འཆར་སྤྱི་མཚུངས་བཞིན་སྲིད་སྐྱོང་ལ་ཆོག་མཆན་ཞུ་རྒྱུ།

དོན་ཚན་དོན་གཉིས་པ།   ཚོད་དཔག་འཆར་རྩིས་ལ་འོས་ཤོག་བསྡུ་ལེན།

༡    ལོ་ལྟར་ཕྱི་ཟླ་ ༣ པའི་ཚེས་ ༣༡ ནང་ཚུན་རྩིས་ལོ་རྗེས་མའི་ལོ་འཁོར་སྔོན་རྩིས་གཏན་འབེབས་མ་ཐུབ་པའི་གནས་ཚུལ་བྱུང་བའམ། ཡོང་རྒྱུར་ངེས་ཚེ་རྩིས་ལོ་རྗེས་མའི་ཟླ་བ་དང་པོ་བཞིའི་འགྲོ་གྲོན་དགོས་དངུལ་གྱི་ཚོད་དཔག་འཆར་རྩིས་ལ་འོས་ཤོག་བསྡུས་ཏེ་གཏན་འབེབས་བྱེད་ཆོག

༢ དེ་འདྲའི་དགོས་གལ་བྱུང་ཚེ་ཚོགས་གཙོས་གཏན་འབེབས་བྱས་པའི་དུས་ཚོད་ཐོག་དཔལ་འབྱོར་བཀའ་བློན་གྱིས་རྩིས་ལོ་རྗེས་མའི་ཟླ་གྲངས་དང་པོ་བཞིའི་དགོས་དངུལ་བསྡོམས་འབོར་ཁ་ཤོག་དང༌། ལས་ཁུངས་དང་སྡེ་ཚན་སོ་སོའི་དགོས་དངུལ་བསྡོམས་འབོར་ཁ་ཤོག་འགྲོ་ཡུལ་སྡེ་ཚན་སོ་སོའི་ཚོད་དཔག་ཞིབ་རྩིས་བཅས། ལོ་འཁོར་སྔོན་རྩིས་ཕྱི་ཟླ་ ༣ པའི་ཚེས་ ༢༠ ནང་ཚུན་འགོད་འབུལ་མི་ཐུབ་པའི་རྒྱུ་མཚན་གསལ་བཤད་དང༌། རྩིས་ལོ་རྗེས་མའི་ཟླ་གྲངས་དང་པོ་བཞི་མ་རྫོགས་གོང་ལོ་འཁོར་སྔོན་རྩིས་ཁྲིམས་ལུགས་ལྟར་འབུལ་རྒྱུའི་ཁས་ལེན་དང་བཅས་འགོད་འབུལ་ཞུ་དགོས།

༣ དེ་ལྟར་འགོད་འབུལ་ཚོད་དཔག་འཆར་རྩིས་ལ་ཚོགས་གཙོས་གཏན་འབེབས་བྱས་པའི་དུས་ཚེས་ཐོག་ལས་ཁུངས་དང་སྡེ་ཚན་སོ་སོའི་དགོས་དངུལ་ཐོག་གྲོས་བསྡུར་བྱས་རྗེས་འོས་བསྡུས་ཐག་གཅོད་བྱ་རྒྱུ།

༤   འོས་བསྡུ་ཐག་གཅོད་ཟིན་པའི་ཟླ་བཞིའི་ཚོད་དཔག་འཆར་རྩིས་སྲིད་སྐྱོང་ལ་ཆོག་མཆན་ཞུ་དགོས།

ལེའུ་བཅུ་དྲུག་པ།

ལས་རིམ་རྣམ་གཞག 

དོན་ཚན་དོན་གསུམ་པ།   ལས་རིམ་རྣམ་གཞག་གི་བསམ་འཆར།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ལས་དོན་གོ་རིམ་དང་སྟངས་འཛིན་བྱེད་ཕྱོགས་བཅའ་ཁྲིམས་དང༌། སྒྲིག་གཞི་ཁག ཡང་ན་རྒྱུན་གོམས་སྲོལ་ལུགས་དང་འགལ་བའམ། འགལ་བར་དོགས་པ་བྱུང་ཚེ་ལས་རིམ་གང་ཡིན་དེ་འགོ་འཛུགས་བྱ་ཉེའམ་བྱས་མ་ཐག་སྤྱི་འཐུས་སུ་རུང་གིས་ལས་རིམ་རྣམ་གཞག་གི་བསམ་འཆར་འདོན་ཆོག

༢    ལས་རིམ་རྣམ་གཞག་གི་བསམ་འཆར་ལ་སྔོན་བརྡ་མ་དགོས་ཤིང༌། ཐད་ཀར་ཚོགས་གཙོའི་བཀའ་འཁྲོལ་དང་སྦྲགས་བསམ་འཆར་འདོན་འཐུས།

༣   ལས་རིམ་རྣམ་གཞག་གི་བསམ་འཆར་ནང་ཚོགས་གཙོས་གཏན་འབེབས་བྱས་པའི་ལས་རིམ་དེ་བཅའ་ཁྲིམས་སམ། སྒྲིག་གཞི། ཡང་ན་རྒྱུན་གོམས་སྲོལ་ལུགས་གང་དང་འགལ་བའམ། འགལ་བར་དོགས་པའི་གནས་ཚུལ་དང༌། དེའི་ཚབ་ཏུ་ལས་རིམ་ཇི་འདྲ་དགོས་པའི་འཆར་གཞི་གསལ་པོ་བསམ་འཆར་འདོན་མཁན་གྱིས་མདོར་བསྡུས་སུ་བརྗོད་དགོས།

༤   བཅའ་ཁྲིམས་སམ། སྒྲིག་གཞིའི་དོན་ཚན་གང་དང་འགལ་བའམ་འགལ་བར་དོགས་པ། ཡང་ན་རྒྱུན་གོམས་སྲོལ་ལུགས་གང་དང་འགལ་བའི་གནས་ཚུལ་ཁ་གསལ་མེད་པ་དང༌། མི་འགལ་བའི་བྱེད་ཕྱོགས་ཀྱི་ཐབས་ལམ་འདི་ཡིན་གསལ་པོ་མེད་རིགས་ལ་ངོས་ལེན་མི་དགོས་ཤིང༌། གསལ་པོ་ཡོད་ན་བསམ་འཆར་ངོས་ལེན་ཐོག་ཚོགས་གཙོས་དགོངས་དཔྱད་ཀྱིས་ཐག་གཅོད་གཤམ་གསལ་གང་རུང་གནང་རྒྱུ།

ཀ    བསམ་འཆར་ངོས་ལེན་མི་འོས་པས་ལས་རིམ་སྔོན་མ་རང་འཇགས་བྱ་རྒྱུ།

ཁ    བསམ་འཆར་ངོས་ལེན་གྱིས་ལས་རིམ་བསྐྱར་བཅོས་བསམ་འཆར་བཞིན་བྱ་རྒྱུའམ། ཡང་ན་སྒྲིག་གཞིའི་དོན་ཚན་གང་རུང་ཚོགས་ཐེངས་དེར་རྩིས་མེད་བྱ་རྒྱུ།

ག    བསམ་འཆར་ངོས་ལེན་འོས་མིན་རྟོག་ཞིབ་ཆེད་འབྲེལ་ཡོད་ལས་རིམ་གནས་སྐབས་ཕར་འགྱངས་ཀྱིས་ལས་རིམ་འོག་མ་འགོ་འཛུགས་བྱ་རྒྱུ།

༥    ལས་རིམ་རྣམ་གཞག་གི་བསམ་འཆར་ཐོག་ཚོགས་གཙོས་ཐག་གཅོད་གང་གནང་ལ་ཆ་འཇོག་བྱ་རྒྱུ་ལས་བགྲོ་གླེང་མི་ཆོག

དོན་ཚན་དོན་བཞི་པ།     སྒྲིག་གཞི་དམིགས་བསལ།

ལས་རིམ་རྣམ་གཞག་གི་བསམ་འཆར་ངོས་ལེན་བྱུང་ཡང་ལས་རིམ་ལ་འགྱུར་བ་མ་བཏང་བའི་སྐབས་དང༌། གཞན་ཡང་དགོས་གལ་ནམ་བྱུང་སྐབས་བཅའ་ཁྲིམས་སུ་གསལ་ཁ་མེད་པའི་སྒྲིག་གཞི་འདིའི་དོན་ཚན་གང་རུང་ཚོགས་ཐེངས་དེའི་རིང་བརྩི་འཇོག་མ་དགོས་པའི་ཐག་གཅོད་ཚོགས་གཙོས་བྱ་འཐུས། འོན་ཀྱང་བཅའ་ཁྲིམས་སུ་གསལ་ཁ་ཡོད་པའི་དོན་ཚན་གང་ལའང་རྩིས་མེད་བྱེད་མི་ཆོག

ལེའུ་བཅུ་བདུན་པ།

ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་ལས་འཁུར་ནས་ཕྱིར་འཐེན། 

དོན་ཚན་དོན་ལྔ་པ།      ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་ལས་བཤོལ།

༡    སྤྱི་འཐུས་སུ་ཞིག་གིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་གཉིས་ཀའམ། སུ་རུང་ལས་འཁུར་ནས་ཕྱིར་འཐེན་བྱ་དགོས་ཀྱི་གྲོས་འཆར་འདོན་ཚེ་སྙན་ཤོག་ཚོགས་དྲུང་བརྒྱུད་གཏོང་དགོས།

༢    སྒྲིག་གསལ་སྙན་ཤོག་དང༌། གྲོས་འཆར་འབྱོར་རྗེས་གྲོས་བསྡུར་བྱ་རྒྱུར་མོས་མཐུན་ཡོད་མེད་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་ཐག་གཅོད་བྱ་རྒྱུ།

༣   གྲོས་བསྡུར་བྱ་རྒྱུར་མོས་མཐུན་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐོ་གཞུང་ནང་ཐོ་འགོད་བྱ་རྒྱུ་དང༌། ཚོགས་གཙོས་ཉིན་བདུན་རྗེས་དུས་ཚེས་གཏན་འབེབས་བྱ་རྒྱུ།

༤   ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་གཉིས་ཀ་ཕྱིར་འཐེན་བྱ་དགོས་ཀྱི་གྲོས་འཆར་ཡིན་ན་བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་ ༤ པ་ནང་གསལ་རང་ཉིད་ཀྱིས་གཙོ་སྐྱོང་བྱེད་མི་ཆོག་སྟབས་ཚོགས་གཙོའི་ལས་ཚབ་ཀྱི་མིང་ཐོར་ཡོད་པ་ཞིག་གིས་གཙོ་སྐྱོང་བྱ་རྒྱུ།

༥    གྲོས་འཆར་དེ་རིགས་ཚད་ལྡན་ཡོང་བར་གཤམ་གསལ་ཆ་རྐྱེན་ཁག་ཚང་དགོས།

ཀ    སྐྱོན་འཛུགས་བྱ་རྒྱུའི་དོན་གནད་ཇི་ཡིན་ངེས་གསལ་ཡོད་པ།

ཁ    རྩོད་གླེང་དང༌། ཚོད་དཔག ཟུར་ཟ། དམའ་འབེབས་ཀྱི་ཚིག་སྦྱོར་རིགས་མེད་པ།

དོན་ཚན་དོན་དྲུག་པ།     ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་ཕྱིར་འཐེན་བྱ་རྒྱུའི་གྲོས་འཆར་ལ་ཐག་གཅོད།

༡    གྲོས་འཆར་འདོན་མི་མིང་འབོད་སྐབས་རང་ཉིད་ཀྱིས་གྲོས་འཆར་འགོ་འཛུགས་བྱེད་པ་ལས། གཞན་གྱིས་གཏམ་བཤད་རིགས་མི་ཆོག

༢    ཚོགས་གཙོའམ་ཚོགས་གཙོ་གཞོན་པ། ཡང་ན་སྐབས་དེའི་ཚོགས་གཙོ་ལས་ཚབ་སུ་ཡིན་དེས་ཚོགས་འདུར་གྲོས་འཆར་ཐོག་བགྲོ་གླེང་བྱ་རྒྱུའི་དུས་ཚོད་འོས་འཚམས་སྤྲད་དེ་གྲོས་བསྡུར་བྱས་རྗེས་འབྲེལ་ཡོད་ཚོགས་གཙོའམ་ཚོགས་གཞོན། ཡང་ན་གཉིས་ཀར་གསལ་བཤད་བྱ་རྒྱུའི་གོ་སྐབས་སྤྲོད་དགོས།

༣   དོ་བདག་གི་གསལ་བཤད་རྗེས་བགྲོ་གླེང་མ་དགོས་པར་གྲོས་འཆར་ཐོག་འོས་བསྡུ་བྱ་རྒྱུ་དང༌། བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་ ༣ པ་ནང་གསལ་གྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་ན་དེ་ཉིན་ནས་ལས་འཁུར་བཤོལ་དགོས་པའི་གསལ་བསྒྲགས་བྱ་རྒྱུ།

ལེའུ་བཅོ་བརྒྱད་པ།

སྤྱི་འཐུས་ལྷན་ཚོགས་ཀྱི་གསང་བའི་ཚོགས་འདུ། 

དོན་ཚན་དོན་བདུན་པ།    གསང་བའི་ཚོགས་ཐེངས།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་གསང་བའི་ཚོགས་འདུ་འཚོག་རྒྱུར་དགོས་གལ་ནམ་བྱུང་མཚམས་ཚོགས་གཙོས་ཉིན་གཅིག་གམ། དེའི་ཆ་ཤས་ཤིག་གསང་བའི་ཚོགས་ཐེངས་སུ་གཏན་འབེབས་གནང་རྒྱུ།

༢    སྤྱི་འཐུས་ལྷན་ཚོགས་ཀྱི་གསང་བའི་ཚོགས་ཐེངས་རིང་ཕྱི་མི་སུ་ཡང་སྤྱི་འཐུས་ཀྱི་ཚོགས་ཁང་དང༌། ཚོམས་འགག་བར་ཁྱམས་བཅས་སུ་ཕེབས་བཞུགས་མི་ཆོག

༣ གསང་བའི་ཚོགས་འདུའི་གནད་དོན་སྐོར་ལ་མུ་མཐུད་གསང་རྒྱ་དགོས་གལ་མེད་པར་གྱུར་ཚེ་ཚོགས་གཙོའི་བཀའ་འཁྲོལ་དང་བསྟུན་གསང་རྒྱ་མ་དགོས་པའི་གྲོས་འཆར་འདོན་ཆོག་པ་དང༌། གྲོས་འཆར་དེར་མོས་མཐུན་བྱུང་བསྟུན་ཚོགས་དྲུང་གིས་ལས་དོན་ཁག་གི་སྙན་ཐོ་བཟོ་འགོད་དང༌། པར་སྐྲུན་བྱེད་སྟངས་ཚོགས་གཙོའི་ལམ་སྟོན་གཞིར་བཟུང་ལག་ལེན་བསྟར་དགོས།

༤   སྤྱི་འཐུས་སུ་རུང་གིས་གསང་བའི་ཚོགས་འདུའི་དོན་གནད་ཁག་གསང་རྒྱའི་དུས་ཡུན་རིང་ཐབས་ལམ་གང་ཞིག་གི་སྒོ་ནས་ཕྱིར་བསྒྲགས་བྱས་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཀྱི་དམིགས་བསལ་ཐོབ་ཐང་ལ་ཆེས་བརྩི་མེད་བྱས་པར་ངོས་འཛིན་བྱེད་དགོས།

ལེའུ་བཅུ་དགུ་པ།

སྤྱི་འཐུས་ཚོགས་བཅར་དགོངས་འཁྲོལ་ཞུ་ཕྱོགས། 

དོན་ཚན་དོན་བརྒྱད་པ།   དགོངས་ཤོག

༡ སྤྱི་འཐུས་སུ་ཞིག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུར་ཚོགས་བཅར་དགོངས་འཁྲོལ་ཞུ་དགོས་བྱུང་ཚེ་ཚོགས་གཙོའི་མཚན་ཐོག་རང་ཉིད་ཀྱི་མིང་རྟགས་འཁོད་པའི་དགོངས་ཤོག་འབུལ་དགོས།

༢    དགོངས་ཤོག་ནང་ཚོགས་བཅར་དགོངས་འཁྲོལ་དུས་ཡུན་ཇི་ཙམ་དགོས་པ་གསལ་པོར་འགོད་དགོས།

༣   བུད་མེད་སྤྱི་འཐུས་རྣམས་ལ་ཕྲུ་གུ་བཙས་ནས་ཟླ་གཅིག་མ་ལོན་པ་གཟུགས་བབ་ཀྱིས་མ་འཕེར་བ་དང༌། གཞན་ཡང་སྤྱི་འཐུས་གང་ཞིག་ནད་མནར་ཚབས་ཆེས་སྨན་ཁང་དུ་བསྟེན་ཉལ་བྱས་ཕན་མེད་པའི་ཡོངས་གྲགས་རིགས་བཅས་དམིགས་བསལ་ཕུད། དེ་མིན་སྤྱི་འཐུས་གང་ཞིག་ཚོགས་དུས་གཅིག་ནང་བརྒྱ་ཆ་ ༤༠ ཚོགས་བཅར་མ་ཞུས་ཚེ། ཚོགས་དུས་སྔ་མ་གྲོལ་མཚམས་ནས་ཚོགས་བཅར་མ་ཞུས་པའི་ཚོགས་དུས་བར་གྱི་མཚན་དོད་ཀྱི་ཐོབ་ཐང་མེད། ཚོགས་བཅར་ཞུས་ཀྱང་ཚོགས་དུས་བརྒྱ་ཆ་ ༥༠ ཚོགས་བཅར་མ་ཞུས་ན་ཚོགས་དུས་དེའི་ཕྱོགས་གཅིག་གི་ཕེབས་གྲོན་གྱི་ཐོབ་ཐང་མེད། ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ་ཚོགས་དུས་གཉིས་པ་གྲོལ་ཉིན་ནས་སྤྱི་འཐུས་འཕོས་པར་ངོས་འཛིན་བྱ་རྒྱུ།

ལེའུ་ཉི་ཤུ་པ།

སྤྱིར་བཏང་སྒྲིག་གཞི་གཞན་ཁག 

དོན་ཚན་དོན་དགུ་པ།     སྔོན་བརྡ།

༡    སྒྲིག་གཞི་འདིའི་ནང་གསལ་གྱི་སྔོན་བརྡ་གཏོང་དགོས་རྣམས་སྤྱི་འཐུས་གང་རུང་གི་མིང་རྟགས་བཀོད་དེ། གསལ་བསྒྲགས་བྱས་པའི་ལས་དུས་ཀྱི་ནང་ཚོགས་དྲུང་ལ་སྤྲོད་དགོས།

༢    གལ་ཏེ་སྔོན་བརྡ་གང་ཞིག་གསལ་བསྒྲགས་བྱས་པའི་ལས་དུས་ཀྱི་རྗེས་སུ་ཚོགས་དྲུང་ལ་སྤྲད་པ་ཡིན་ན། ཉིན་རྗེས་མའི་ལས་དུས་ཀྱི་སྐབས་སྤྲད་པར་ངོས་འཛིན་བྱ་རྒྱུ།

དོན་ཚན་བརྒྱད་ཅུ་པ།    སྔོན་བརྡ་དང་གྲོས་འཆར་འགྲེམས་སྤེལ།

༡    སྔོན་བརྡ་དང་གྲོས་འཆར་ཡིག་ཆ་ཡོངས་རྫོགས་སྤྱི་འཐུས་དང༌། སྲིད་སྐྱོང་། བཀའ་བློན་རྣམ་པར་དུས་ཐོག་འགྲེམས་སྤེལ་ཐུབ་པའི་འབད་བརྩོན་བྱེད་དགོས།

༢    ཡིག་ཆ་གང་ཞིག་སྤྱི་འཐུས་དང་། སྲིད་སྐྱོང་། བཀའ་བློན་སོ་སོའི་མཚན་འཁོད་ཤིང་སྒྲོམ་དུ་ལས་དུས་ནང་བཞག་པ་ཡིན་ན། དོ་བདག་སོ་སོར་ཡིག་ཆ་དེ་འགྲེམས་སྤེལ་ཟིན་པར་ཆ་འཇོག་བྱ་རྒྱུ།

༣   སྔོན་བརྡ་གང་ཡང་ཚོགས་དུས་སོ་སོའི་ཚོགས་འདུ་གྲོལ་སྐབས་གྲོས་འགོ་མ་ཚུགས་བར་ལྷག་པ་ཡིན་ན། ཚོགས་འདུ་གྲོལ་རྗེས་སྔོན་བརྡ་དེ་རྩིས་མེད་དུ་འགྲོ་རྒྱུ་དང༌། ཚོགས་དུས་རྗེས་མའི་ཐོག་གླེང་སློང་བྱ་དགོས་ཚེ། སྔོན་བརྡ་བསྐྱར་དུ་གཏོང་དགོས།

དོན་ཚན་གྱ་གཅིག་པ།    ལྷན་ཚོགས་གནང་བའི་སྐབས་སྲུང་བརྩི་དགོས་པའི་སྒྲིག་ལམ།

༡    ཚོགས་འདུའི་རིང་ཉིན་དེར་འགྲེམས་སྤེལ་བྱས་པའི་གྲོས་གཞི་དང་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་མ་གཏོགས་གསར་ཤོག་དང༌། དེབ་གང་ཡང་ལྟ་ཀློག་མི་ཆོག

༢    སྤྱི་འཐུས་གཞན་ཞིག་གིས་བཀའ་མོལ་གནང་བཞིན་པའི་སྐབས་བར་གཅོད་ཀྱིས་བཀའ་མོལ་གནང་མི་ཆོག

༣   ཚོགས་ཁང་དུ་ཞུགས་པ་དང༌། ཕྱིར་འཐོན་སྐབས་ཚོགས་གཙོའི་ཕྱོགས་སུ་གུས་འདུད་ཞུ་དགོས།

༤   ཚོགས་གཙོས་སྐབས་དོན་དམིགས་བསལ་བཀའ་འཁྲོལ་གནང་ན་ལས་བཀའ་མོལ་གནང་བཞིན་པའི་ཚོགས་མི་དང༌། ཚོགས་གཙོའི་བཞུགས་ཁྲིའི་བར་བཅད་དེ་འགྲོ་བསྐྱོད་མི་ཆོག

༥    ཚོགས་གཙོའི་གསུང་བཤད་གནང་བཞིན་པའི་སྐབས། ཚོགས་ཁང་ནས་ཕྱིར་ཐོན་མི་ཆོག

༦   བཀའ་མོལ་གནང་སྐབས་རྒྱུན་དུ་འབོད་སྒྲ་ཚོགས་གཙོ་ལ་སྦྱར་དགོས།

༧   བཀའ་མོལ་གནང་སྐབས་སོ་སོའི་ཞབས་སྟེགས་ཀྱི་ས་ནས་གནང་དགོས།

༨    བཀའ་མོལ་མི་གནང་བའི་སྐབས་ཁ་རོག་བཞུགས་དགོས།

༩    ཚོགས་ཁང་ནང་སྐད་འབོད་ཀྱི་རིགས་བྱེད་མི་ཆོག

༡༠  ཚོགས་གཙོའི་བཞུགས་ཁྲི་ལ་རྒྱབ་གཏད་དེ་བཞུགས་མི་ཆོག

༡༡    ཚོགས་ཁང་ནང་ཚོགས་གཙོ་དང་མཉམ་དུ་བཀའ་མོལ་ཞུ་དགོས་བྱུང་ཚེ་ཐད་ཀར་སྨྲ་བརྗོད་མི་བྱེད་པར་ཤོག་འཛར་ཐོག་བྲིས་ཏེ་ཚོགས་དྲུང་བརྒྱུད་འབུལ་དགོས།

༡༢  ཚོགས་ཁང་ནང་ལུགས་མཐུན་མ་ཡིན་པའི་ཆས་གོས་ཡ་མ་ཟུང་དང༌། རྒྱན་ཆ། མཚོན་རྟགས་ཡ་མ་ཟུང་འཕྱར་རྒྱན་མི་ཆོག

༡༣  མཚོན་ཆའི་རིགས་གང་ཡང་ཚོགས་ཁང་ནང་འཁྱེར་མི་ཆོག

༡༤  དར་ཆ་དང་མཚོན་རྟགས་ཀྱི་རིགས་ཚོགས་ཁང་ནང་འཕྱར་སྟོན་མི་ཆོག

༡༥  རང་ཉིད་ཀྱི་བཀའ་མོལ་གྲུབ་མ་ཐག་ཏུ་ལས་རིམ་གཞན་འགོ་འཛུགས་མ་ཞུས་གོང་ཚོགས་ཁང་ནས་ཕྱིར་བསྐྱོད་མི་ཆོག

༡༦  ཡི་གེ་དང༌། ཤོག་འཛར། སྦྱར་ཡིག དྲི་ཤོག་རིགས་ཚོགས་འདུའི་ལས་རིམ་དང་འབྲེལ་མེད་ཀྱི་ཡིག་ཆ་གང་ཡང་ཚོགས་ཁང་ནང་འགྲེམས་སྤེལ་དང༌། ལྷན་ཚོགས་ཀྱི་གསོལ་ཅོག་ཐོག་འཇོག་མི་ཆོག

༡༧  དབུ་ཞྭ་དང༌། ལག་འབོག་རིགས་མདུན་ཅོག་ཐོག་བཤམ་མི་ཆོག

༡༨  གཟུགས་གཞིའི་བབས་ཀྱི་ཚོགས་གཙོའི་བཀའ་འཁྲོལ་ཡོད་ན་མ་གཏོགས་འཁར་རྒྱུག་ཚོགས་ཁང་ནང་མཉམ་འཁྱེར་མི་ཆོག

༡༩  སྒྲ་འཇུག་འཁོར་ལོ་དང༌། པར་ཆས་རིགས་ཚོགས་ཁང་དུ་བེད་སྤྱོད་མི་ཆོག

༢༠  ཚོགས་འདུའི་ཡིག་ཆའི་རིགས་ཚོགས་ཁང་ནང་དབྲལ་བ་དང༌། གཡུག་འཕེན་མི་ཆོག

༢༡  ཚོགས་གཙོས་མིང་འབོད་མ་བྱུང་བར་རང་འཚམས་ཀྱིས་བཀའ་མོལ་གནང་མི་ཆོག

༢༢  གཟུགས་གཞིའི་བབས་ཀྱི་ཚོགས་གཙོའི་དམིགས་བསལ་བཀའ་འཁྲོལ་ཡོད་ན་མ་གཏོགས་ཞབས་སྟེགས་ཐོག་བཞུགས་བཞིན་པར་བཀའ་མོལ་གནང་མི་ཆོག

༢༣  སྔོན་བརྡ་མེད་པར་བཀའ་མོལ་གནང་དགོས་བྱུང་རིགས་མཐའ་དག་ཕྱག་བརྐྱངས་ཏེ་ཚོགས་གཙོར་བརྡ་སྟོན་ཞུས་པར་མིང་འབོད་བྱུང་མཚམས་གཞི་ནས་བཀའ་མོལ་གནང་དགོས།

༢༤  ཚོགས་གཙོའི་དམིགས་བསལ་བཀའ་འཁྲོལ་ཡོད་ན་ལས་ལྷན་ཚོགས་ཀྱི་ཚོགས་མི་དང༌། ལས་བྱེད། ཟུར་ཉན་པ་རྣམས་ཀྱི་མིང་འབོད་དང༌། གླེང་སློང་མི་ཆོག

༢༥  ཚོགས་གཙོས་སྐུ་བཞེངས་གནང་སྟེ་གསུང་བཤད་གནང་བའི་སྐབས་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་རྫོགས་རང་གནས་སུ་བཞུགས་ཏེ་གསན་འཇོག་གནང་དགོས།

དོན་ཚན་གྱ་གཉིས་པ།    ཚོགས་འདུའི་ནང་བག་ཡོད་བསྟེན་ཕྱོགས།

ཚོགས་འདུའི་ནང་སྤྱི་འཐུས་ཚང་མས་རང་འཁྲིའི་ལས་དོན་གནང་ཕྱོགས་བཅའ་ཁྲིམས་དང༌། སྒྲིག་གཞི་ཁག་གི་དགོངས་དོན་ལྟར་ཚུལ་མཐུན་བག་ཡོད་ཀྱི་སྒོ་ནས་གནང་རྒྱུ་དང༌། ཚུལ་མིན་སྒྲིག་འགལ་བྱུང་ཚེ་མཛུབ་སྟོན་ཐ་ཚིག་གཏོང་རྒྱུ་དང༌། ཐབས་མེད་བྱུང་ན་ཚོགས་འདུ་ནས་ཕྱིར་འབུད་དང༌། ཚོགས་ཐེངས་གཅིག་ནས་ཚོགས་དུས་དེའི་ཚོགས་འདུ་མ་གྲོལ་བར་བཅས་དུས་ཚོད་རིང་ཐུང་གང་འོས་ཚོགས་བཅར་མི་ཆོག་པའི་བཀོད་ཁྱབ་གཏོང་རྒྱུ། ཡང་ན་དུས་ཡུན་གང་འཚམས་ཚོགས་གསེང་འཇོག་རྒྱུ་བཅས་ཀྱི་དབང་ཚད་ཚོགས་གཙོ་ལ་ཡོད།

དོན་ཚན་གྱ་གསུམ་པ།    ཚོགས་གཙོའི་གསུང་བཤད།

ཚོགས་འདུའི་ནང་གཙོ་སྐྱོང་གནང་བཞིན་པ་སུ་ཡིན་གྱིས་དགོས་གལ་ནམ་བྱུང་མཚམས་རང་ངོས་ནས་སམ། སྤྱི་འཐུས་སུ་རུང་གི་རེ་བསྐུལ་བྱུང་ན་ཚོགས་འདུའི་གྲོས་བསྡུར་ལ་ཕན་ཆེད་བགྲོ་གླེང་གནང་བཞིན་པའི་གྲོས་གཞི་གང་གི་ཐོག་ཏུའང་འགྲེལ་བརྗོད་དང་གསལ་བཤད། དགོངས་ཚུལ་བཅས་ཀྱི་གསུང་བཤད་གནང་རྒྱུ་དང༌། ཚོགས་འདུའི་དབུ་འཛུགས་དང་མཇུག་བསྡོམས་སྐབས་ཚོགས་དུས་དེའི་ལས་རིམ་དང༌། གྲུབ་འབྲས་སྐོར་གསུང་བཤད་གནང་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་གསུང་བཤད་འདི་རིགས་ཚོགས་གཙོའི་ཐག་གཅོད་བཀོད་ཁྱབ་ཏུ་མ་གཏོགས་པ་ཡིན།

དོན་ཚན་གྱ་བཞི་པ།      ཚོགས་ཁང་བེད་སྤྱོད།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང༌། ལྷན་ཚོགས་ཀྱི་ཚོགས་འདུ་ལས་གཞན་པའི་ལས་དོན་གང་གི་ཆེད་དུའང་བེད་སྤྱོད་མི་ཆོག

དོན་ཚན་གྱ་ལྔ་པ།       ཟུར་ཉན་པ།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་ལས་བྱེད་དང༌། གསར་འགོད་པ། གཞན་ཡང་ཟུར་ཉན་དུ་བཅར་འདོད་ཡོད་རིགས་ལ། སྤྱི་འཐུས་སུ་རུང་གི་མཚན་རྟགས་འཁོད་པའི་ངོས་སྦྱོར་ཐོག་ཚོགས་དྲུང་ནས་ཚོགས་ཐེངས་གྲངས་བཅད་ཀྱི་ཞབས་སྟེགས་གྲངས་ཚད་ལས་མ་བརྒལ་བའི་ཕྱག་འཁྱེར་སྤྲོད་འཐུས།

༢    མཐོ་རིམ་ལས་བྱེད་གཞུང་འབྲེལ་ཟུར་ཉན་ཕེབས་དགོས་རིགས་སྲིད་སྐྱོང་ངམ། འབྲེལ་ཡོད་བཀའ་བློན་གྱི་ངོས་སྦྱོར་ཐོག་ཕྱག་འཁྱེར་འབུལ་འཐུས།

༣   སྤྱི་འཐུས་རྣམ་པ་དང་སྲིད་སྐྱོང་། བཀའ་བློན་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ལས་གཞན་པའི་ཕྱི་མི་སུ་ཡང་ཟུར་ཉན་གྱི་ཕྱག་འཁྱེར་མེད་པར་ཚོགས་ཁང་དུ་ནམ་ཡང་ཕེབས་བཞུགས་མི་ཆོག

༤   ཕྱག་འཁྱེར་ཡོད་པའི་ཟུར་ཉན་པ་རྣམས་ཀྱང་དགོས་གལ་བྱུང་ན་ཚོགས་གཙོས་ཕྱིར་འཐེན་དགོས་པའི་བཀོད་ཁྱབ་གནང་འཐུས།

དོན་ཚན་གྱ་དྲུག་པ།      བཀའ་བློན་གྱི་འོས་འདེམས།

སྲིད་སྐྱོང་དེས་རང་གི་བཀའ་ཤག་ཏུ་བཀའ་བློན་གྱི་མི་འགྲོ་བདུན་ལས་མ་བརྒལ་བའི་མི་འགྲོའི་གསལ་བཤད་དང་འོས་བསྡུ།

༡    བཅའ་ཁྲིམས་དོན་ཚན་ ༢༢ གཞིར་བཟུང་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང༌། ལོ་རྒྱུས། བཅའ་ཁྲིམས་དོན་ཚན་ ༢༡ ནང་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་རེ་རེ་བཞིན་གསལ་བཤད་དང་སྦྲགས་ཕུལ་འཕྲལ་ཚོགས་གཙོས་འོས་དམིགས་རེ་རེ་བཞིན་དགག་བྱ་ཡོད་མེད་གཟིགས་རྒྱུ།

༢    དགག་བྱ་མ་བྱུང་ཚེ་གྲོས་ཚོགས་ཀྱིས་སྤྱི་མོས་བྱུང་བར་ངོས་འཛིན་བྱ་རྒྱུ།

༣   གལ་ཏེ་སྤྱི་འཐུས་སུ་རུང་གིས་བཀའ་བློན་མི་འགྲོ་སུ་ཡང་རུང་བར་དགག་བྱ་བྱུང་ན། དགག་བྱ་གནང་མཁན་གྱིས་རྒྱུ་མཚན་གསལ་བཤད་དགོས་པ་དང། སྲིད་སྐྱོང་གིས་དེ་ལ་ལན་འདེབས་གསལ་བཤད་གྲུབ་མཚམས། བགྲོ་གླེང་མ་དགོས་པར་ངོ་ཡོད་སྤྱི་འཐུས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱ་དགོས་ཤིང། དེ་ལ་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ།

ལེའུ་ཉེར་གཅིག་པ།

དབང་ཚད་ལྷག་མ། 

དོན་ཚན་གྱ་བདུན་པ།     ཚོགས་གཙོའི་སྟངས་འཛིན།      

བཅའ་ཁྲིམས་དང༌། སྒྲིག་གཞི་ཁག་གི་ནང་གསལ་ཁ་མེད་ཅིང༌། ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་སྒྲིག་གཞི་སྤྱིའི་ལྟ་གྲུབ་དང་མི་འགལ་བར་ཚོགས་གཙོས་དུས་ནས་དུས་སུ་སྟངས་འཛིན་ལམ་སྟོན་གནང་རྒྱུ།

ལེའུ་ཉེར་གཉིས་པ།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག 

དོན་ཚན་གྱ་བརྒྱད་པ།

ཚོགས་ཆུང་ཞེས་པ་སྤྱི་འཐུས་ལྷན་ཚོགས་ནས་ལས་དོན་དགོས་མཁོར་གཞིགས་པའི་ཆེད་བཙུགས་ཚོགས་ཆུང་ཁག་ལ་གོ་དགོས།

དོན་ཚན་གྱ་དགུ་པ།

༡    ཚོགས་ཆུང་གང་ཞིག་གི་ཚོགས་མི་ཇི་དགོས་སྤྱི་འཐུས་ལྷན་ཚོགས་སུ་གྲོས་འཆར་བཏོན་པའམ་འོས་འདེམས། ཡང་ན་ཚོགས་གཙོ་སྦྲེལ་པོས་དམིགས་འཛུགས་བྱ་རྒྱུ།

༢    ཚོགས་ཆུང་གང་ཞིག་གི་ནང་ས་སྟོང་ཐོན་རིགས་སྤྱི་འཐུས་ལྷན་ཚོགས་སུ་གྲོས་འཆར་བཏོན་པའམ། འོས་འདེམས། ཡང་ན་ཚོགས་གཙོ་སྦྲེལ་པོས་དམིགས་འཛུགས་བྱ་རྒྱུ་བཅས་སྐབས་འབྲེལ་གང་འོས་ལྟར་བྱ་རྒྱུ།

༣   སྤྱི་འཐུས་སུ་ཞིག་ཚོགས་ཆུང་གི་ཚོགས་མིེར་བསྐོ་གཞག་མ་བྱས་གོང་སྤྱི་འཐུས་སོ་སོར་འདོད་མོས་ཡོད་མེད་རྩད་གཅོད་བྱེད་དགོས།

དོན་ཚན་དགུ་བཅུ་པ།

ཚོགས་ཆུང་གི་ཚོགས་མི་སུ་ཞིག་ནས་རང་ཉིད་སྒེར་དང༌། དངུལ་དངོས། ཡང་ན་ཐད་ཀའི་ཁེ་ཕན་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཚོགས་ཆུང་གི་ལས་དོན་ལ་གནོད་སྐྱོན་དུ་གྱུར་པའི་སྐབས་སུ་འགྲོ་ལུགས་གཤམ་གསལ།

༡    སྐྱོན་འདོན་བྱེད་མཁན་ཚོགས་མི་དེས་སྐྱོན་འཛུགས་བྱེད་དགོས་པའི་རྒྱུ་མཚན་གནས་ལུགས་གསལ་པོ་བརྗོད་དགོས།

༢    སྐྱོན་འདོན་བྱས་པའི་རྗེས་སུ་སྐྱོན་འདོན་བྱ་ཡུལ་ཚོགས་མི་དེར་གསལ་བཤད་བྱ་རྒྱུའི་གོ་སྐབས་སྤྲོད་དགོས།

༣   གལ་ཏེ་སྐྱོན་འཛུགས་བྱས་པ་དེའི་སྐོར་རྩོད་གཞི་བྱུང་ཚེ་ཚོགས་གཙོས་སྐྱོན་འདོན་བྱེད་མཁན་དང༌། བྱ་ཡུལ་གཉིས་ཀར་རྩོད་གཞིའི་ཁུངས་སྐྱེལ་ཡིག་ཐོག་གམ། ཡང་ན་ཁུངས་སྐྱེལ་གཞན་པ་དགོས་པའི་འབོད་བསྐུལ་བྱ་ཆོག

༤   ཁུངས་སྐྱེལ་བྱས་པ་རྣམས་ལ་ཚོགས་གཙོས་ཞིབ་འཇུག་གྲུབ་རྗེས་ཐག་གཅོད་ཇི་བྱས་དེ་མཐའ་མའི་ཐག་གཅོད་ཡིན།

༥    ཚོགས་ཆུང་དུ་བསྐོ་གཞག་བྱས་པའི་ཚོགས་མི་དེར་སྐྱོན་འཛུགས་བྱས་པའི་སྐོར་ཚོགས་གཙོས་ཐག་གཅོད་མ་བྱས་བར་ལས་དོན་མུ་མཐུད་བྱ་རྒྱུ་དང་གྲོས་བསྡུར་ནང་ཞུགས་ཆོག་པ་ཡིན། འོན་ཀྱང་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་མེད།

༦ གལ་ཏེ་སྐྱོན་འཛུགས་བྱ་ཡུལ་ཚོགས་མི་དེས་རང་ཉིད་ལ་དོན་གནད་གང་རུང་ཐོག་སྐྱོན་དང་ནོར་འཁྲུལ་མེད་པའི་ཁུངས་སྐྱེལ་མ་ཐུབ་པར་ཚོགས་གཙོས་ངོས་འཛིན་གནང་ཚེ་རང་ཉིད་ཚོགས་ཆུང་ནས་རང་བཞིན་གྱིས་བུད་པ་ཡིན། འོན་ཀྱང་དེས་ཚོགས་ཆུང་གི་ལས་དོན་ལ་འགྱུར་བ་གང་ཡང་འགྲོ་དགོས་མེད།

དོན་ཚན་གོ་གཅིག་པ།

༡ ཚོགས་མི་གང་ཞིག་ཚོགས་ཆུང་གི་ལས་འཁུར་ནས་རྩ་དགོངས་ཞུ་དགོས་རིགས་རྒྱུ་མཚན་གསལ་འཁོད་དང་སྦྲགས་ཚོགས་གཙོའི་མཚན་ཐོག་ཚོགས་མི་རང་ཉིད་ཀྱི་མིང་རྟགས་འཁོད་པའི་དགོངས་ཤོག་འབུལ་དགོས།

༢    གལ་ཏེ་རྩ་དགོངས་ཞུ་ཤོག་དེའི་ནང་དུས་ཚེས་གང་ཡང་འཁོད་མེད་ཚེ་ཚོགས་གཙོར་དགོངས་ཤོག་འབྱོར་བའི་དུས་ཚེས་ནས་རྩ་དགོངས་སྩལ་བར་བརྩི་རྒྱུ།

དོན་ཚན་གོ་གཉིས་པ།

༡    ཚོགས་ཆུང་གི་ཚོགས་མིའི་ཁོངས་ནས་ཚོགས་ཆུང་གི་ཚོགས་གཙོ་གཅིག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གམ། རང་ཁོངས་ནས་འོས་འདེམས་བྱ་རྒྱུ། གལ་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའམ། ཚོགས་གཞོན། ཚོགས་ཆུང་གི་ཚོགས་མི་ཡིན་ཚེ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ལྷན་ཚོགས་གཙོའམ་ཚོགས་གཞོན་གྱིས་བྱ་རྒྱུ།

༢    ཚོགས་ཆུང་གི་ཚོགས་གཙོས་ལས་འགན་བསྒྲུབ་མ་ཐུབ་ཚེ་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་གི་ཚོགས་གཙོ་ཚབ་གསར་བསྐོ་གཞག་ཆོག་རྒྱུ།

༣   ཚོགས་ཆུང་གི་ཚོགས་ཐེངས་གང་ཞིག་སྐབས་ཚོགས་གཙོ་ངོ་བཅར་མ་ཐུབ་ཚེ་ཚོགས་ཐེངས་དེའི་རིང་ཚོགས་གཙོ་ལས་ཚབ་ཅིག་ཚོགས་མི་ནང་ཁུལ་ནས་བསྐོ་གཞག་བྱ་རྒྱུ།

དོན་ཚན་གོ་གསུམ་པ།

༡    ཚོགས་ཆུང་གི་ཚོགས་འདུ་ནམ་ཚུགས་ཀྱི་ཚོགས་མིའི་ཉུང་ཚད་ཇི་དགོས་སྐབས་མཚམས་སོ་སོར་ཚོགས་ཆུང་ནས་ཐག་གཅོད་བྱ་རྒྱུ།

༢ ཚོགས་ཆུང་གི་ཚོགས་མིའི་ཉུང་ཚད་མ་ལོངས་པར་ཐེངས་གཉིས་བསྟུད་མར་ཚོགས་འདུ་ཕར་འགྱངས་བྱ་དགོས་བྱུང་ཚེ་ཚོགས་གཙོས་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ལ་སྙན་སེང་ཞུ་དགོས།

དོན་ཚན་གོ་བཞི་པ།

ཚོགས་མི་ཞིག་ལ་ཚོགས་ཆུང་གི་ཚོགས་གཙོས་དགོངས་འཁྲོལ་མེད་པར་ཐེངས་གཉིས་བསྟུད་མར་ཚོགས་ཆད་བྱུང་བ་ཡིན་ན། ཚོགས་མི་དེ་བཞིན་ཚོགས་ཆུང་ནས་རང་བཞིན་གྱིས་བུད་པར་ངོས་འཛིན་བྱ་རྒྱུ།

དོན་ཚན་གོ་ལྔ་པ།

ཚོགས་ཆུང་གི་ཚོགས་འདུའི་སྐབས་ལས་དོན་ཐག་གཅོད་ཚང་མ་ཚོགས་མི་ངོ་ཡོད་ཀྱིས་སྤྱི་མོས་སམ་མང་མོས་འོས་བསྡུའི་ལམ་ནས་བྱ་རྒྱུ།

དོན་ཚན་གོ་དྲུག་པ།

གལ་ཏེ་འོས་ཤོག་འདྲ་མཉམ་བྱུང་བ་ཡིན་ན་ཚོགས་ཆུང་གི་ཚོགས་གཙོའམ་ཚོགས་གཙོ་ལས་ཚབ་ནས་འོས་ཤོག་འཕངས་ཏེ་ཐག་གཅོད་བྱ་རྒྱུ།

དོན་ཚན་གོ་བདུན་པ།

༡ ཚོགས་ཆུང་གང་ཞིག་ཏུ་ནང་ཁུལ་ཡན་ལག་ཚོགས་ཆུང་ཇི་དགོས་བསྐོ་ཆོག་རྒྱུ་དང་དེའི་ལས་དོན་གང་ཞིག་ཐོག་ཞིབ་འཇུག་བྱ་རྒྱུའི་དབང་ཚད་ཀྱང་ཚོགས་ཆུང་ཨ་མ་དང་འདྲ་མཚུངས་ཡིན། ཡན་ལག་ཚོགས་ཆུང་ཁག་གི་ལས་དོན་སྙན་ཞུ་ཚོགས་ཆུང་ཨ་མར་གནང་དགོས་ཤིང་དེ་ནས་བཀའ་བསྡུར་ཐག་གཅོད་བྱུང་ཚེ་ཚོགས་ཆུང་སྤྱིའི་ལས་བསྡོམས་ཡིན་པར་ངོས་འཛིན་བྱ་ཆོག

༢    ཡན་ལག་ཚོགས་ཆུང་ཁག་ནས་ཞིབ་འཇུག་བྱ་དགོས་པའི་དོན་ཚན་རྣམས་ཚོགས་ཆུང་ཨ་མས་རེ་རེ་བཞིན་གསལ་འགོད་དགོས་རྒྱུ།

དོན་ཚན་གོ་བརྒྱད་པ།

ཚོགས་ཆུང་གི་ཚོགས་འདུའི་དུས་ཚེས་ཚོགས་ཆུང་གི་ཚོགས་གཙོས་གཏན་འབེབས་གནང་བ་ལྟར་གནང་རྒྱུ་དང༌། འོན་ཀྱང་ཚོགས་ཆུང་གི་ཚོགས་གཙོ་མ་བཞུགས་པའི་སྐབས་སུ་ཚོགས་ཆུང་གི་དྲུང་ཆེས་ཚོགས་འདུའི་དུས་ཚེས་གཏན་འབེབས་བྱེད་ཆོག་པ་ཡིན།

དོན་ཚན་གོ་དགུ་པ།

༡    ཚོགས་ཆུང་གི་ལས་དོན་ཆེད་ཚོགས་དྲུང་གི་ས་རྟགས་འཁོད་པའི་བཀོད་རྒྱའི་ལམ་ནས་སྐྱེ་བོ་གང་ཞིག་དཔང་པོར་བཀའ་འགུག་གནང་ཆོག་པ་དང༌། ཡིག་ཆ་ཇི་དགོས་འབུལ་ལམ་ཞུ་དགོས།

༢    ཚོགས་ཆུང་ནས་མཁྱེན་རྟོགས་དང་བཀའ་འཁྲོལ་མེད་པར་འབུལ་ལམ་ཞུས་ཟིན་པའི་ཡིག་ཆ་གང་ཞིག་ཕྱིར་འཐེན་དང་བཟོ་བཅོས་མི་ཆོག

དོན་ཚན་བརྒྱ་ཐམ་པ།

ཚོགས་ཆུང་གང་ཞིག་ནས་སྐྱེ་བོ་དང༌། ཡིག་ཆ། ལོ་རྒྱུས་ཟིན་ཐོ་བཅས་ཇི་དགོས་བཀའ་འགུག་དང་སྤྱན་ཞུར་བཀའ་ཁྱབ་དང་དངོས་ཆས་གཟུགས་བཤེར་གནང་རྒྱུའི་དབང་ཆ་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་གཞིའི་རྒྱུ་མཚན་ཡོད་ཚེ་གཞུང་ནས་ཡིག་ཆ་སྤྱན་ཞུར་འབུལ་མི་དགོས་པའི་སྙན་སེང་ཞུ་ཆོག

དོན་ཚན་བརྒྱ་དང་གཅིག

༡    ཚོགས་ཆུང་ནས་བཀའ་འགུག་གནང་བའི་དཔང་པོ་གང་ཞིག་ལ་དམ་བཅའ་འཇོག་བཅུག་དགོས།

༢    དམ་བཅའ་གཤམ་གསལ་ལྟར་ཡིན།

བདག་་་་་་་་་་་་་་་་་་་་་་་་་་་ ཞེས་བགྱི་བས་་་་་་་་་་་་་་་་་་་་་་་་་་་་ཚོགས་ཆུང་ནས་ཞིབ་འཇུག་གནང་རྒྱུའི་གནད་དོན་ཐོག་རང་ངོས་ནས་ར་སྤྲོད་གསལ་བཤད་ཞུ་རྒྱུའི་དོན་ཚན་རྣམས་སྦས་གསང་མེད་པར་བདེན་པ་ཁོ་ན་ཞུ་རྒྱུ་དང༌། བདེན་པ་མ་ཡིན་པའི་གནས་ཚུལ་གང་ཡང་མི་ཞུ་བའི་་་་་་་་་་་

༡༽        མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢༽        ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

དོན་ཚན་བརྒྱ་དང་གཉིས།

ཚོགས་ཆུང་གང་ཞིག་གི་མདུན་དཔང་པོར་ཞིབ་འཇུག་འདྲི་རྩད་བྱེད་སྟངས་གཤམ་གསལ།

༡    ཚོགས་ཆུང་ནས་དཔང་པོར་ཞིབ་འཇུག་བྱེད་སྟངས་ཀྱི་རིམ་པ་དང༌། དྲི་བ་ཁག་སྔོན་ཚུད་ནས་གཏན་འབེབས་བྱེད་དགོས།

༢    གཏན་འབེབས་གཞིར་བཟུང་ཚོགས་ཆུང་གི་ཚོགས་གཙོས་ཐོག་མར་དཔང་པོར་ལས་དོན་དང་འབྲེལ་བའི་དྲི་བ་ཁག་གཏོང་རྒྱུ།

༣   ཚོགས་ཆུང་གི་ཚོགས་གཙོས་ཚོགས་མི་གཞན་རྣམས་ལ། རིམ་པ་བཞིན་དྲི་བ་གཏོང་རྒྱུའི་གོ་སྐབས་སྤྲོད་རྒྱུ།

༤   དཔང་པོར་གོང་གསལ་དྲི་བ་ཁག་ནང་མ་ཚུད་པའི་འབྲེལ་ཡོད་དོན་ཚན་དོ་བདག་ནས་ཚོགས་ཆུང་མདུན་ཞུ་དགོས་ངེས་སུ་མཐོང་བ་རྣམས་སྙན་སེང་ཞུ་རྒྱུའི་གོ་སྐབས་སྤྲོད་དགོས།

༥    ཚོགས་ཆུང་མདུན་དཔང་པོ་ཡོད་སྐབས་ཀྱི་ཚོགས་འདུའི་ལས་རིམ་གྱི་ཟིན་ཐོ་ཆ་ཚང་ཞིག་བདག་ཉར་དགོས།

༦   ཚོགས་ཆུང་མདུན་ཕུལ་བའི་ཁུངས་སྐྱེལ་ར་སྤྲོད་ཀྱི་གནས་ཚུལ་ཚོགས་མི་ཚང་མར་སྤྲོད་ཆོག་རྒྱུ།

དོན་ཚན་བརྒྱ་དང་གསུམ།

ཚོགས་ཆུང་གི་གྲོས་ཆོད་ཁག་གི་ཟིན་ཐོ་བཟོ་ཉར་ཐོག་ཚོགས་ཆུང་གི་ཚོགས་གཙོའི་བཀོད་ཁྱབ་འོག་ཚོགས་མི་རྣམས་ལ་འགྲེམས་སྤྲོད་བྱེད་དགོས།

དོན་ཚན་བརྒྱ་དང་བཞི།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་བཀའ་འཁྲོལ་ཡོད་ན་ལས། ཚོགས་ཆུང་གང་ཞིག་གི་མདུན་ཡིག་ངག་གང་རུང་ཐོག་ཕུལ་བའི་ཁུངས་སྐྱེལ་ར་སྤྲོད་ཀྱི་གནས་ཚུལ་དང༌། ལས་བསྡོམས། ཡང་ན་ཚོགས་འདུའི་ལས་རིམ་བཅས་ཀྱི་ཆ་ཤས་ཙམ་ཡང་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ཀྱི་གསོལ་ཅོག་སྟེང་མ་ཕུལ་གོང་སུས་ཀྱང་བལྟ་རྟོག་མི་ཆོག

༢ ཚོགས་ཆུང་གང་ཞིག་གི་མདུན་བཞག་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་གནས་ཚུལ་རྣམས་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ཀྱི་གསོལ་ཅོག་སྟེང་མ་ཕུལ་གོང་ཚོགས་ཆུང་གི་ཚོགས་མིའམ་གཞན་སྐྱེ་བོ་སུ་ཞིག་ནས་འགྲེམས་སྤེལ་ཕྱི་གྱར་མི་ཆོག

དོན་ཚན་བརྒྱ་དང་ལྔ།

ཚོགས་ཆུང་གང་ཞིག་ནས་ཕྱག་ལས་གནང་རྒྱུན་རིང་ཚོགས་ཆུང་གི་ལས་དོན་དང་ཐད་ཀར་འབྲེལ་བ་མེད་པའམ་ལས་འགན་གྱི་ཐོ་གཞུང་ནང་མ་ཚུད་པའི་གནད་དོན་གང་ཞིག་སྤྱི་འཐུས་ལྷན་ཚོགས་སམ་དེའི་ཚོགས་གཙོས་ངེས་པར་མཁྱེན་དགོས་པ་མཐོང་ཚེ་དེའི་སྐོར་དམིགས་བསལ་གྱི་སྙན་ཐོ་བཟོ་འབུལ་ཆོག་རྒྱུ།

དོན་ཚན་བརྒྱ་དང་དྲུག

ཚོགས་ཆུང་གང་ཞིག་གི་ལས་བསྡོམས་ཚོགས་ཆུང་གི་ཚོགས་གཙོའམ། ཡང་ན་ཚོགས་མི་ཞིག་ནས་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ལ་འབུལ་དགོས།

དོན་ཚན་བརྒྱ་དང་བདུན།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཚོགས་ཆུང་གི་ཚོགས་གཙོར་དུས་ནས་དུས་སུ་ཚོགས་ཆུང་གི་ལས་དོན་ཚུལ་ལྡན་ཚགས་ཚུད་ཡོང་ཆེད་འོས་འཚམས་ཀྱི་བཀོད་ཁྱབ་གནང་ཆོག

༢ ཚོགས་ཆུང་གི་ལས་རིམ་མམ་གཞན་ཡང་གནད་དོན་གང་གི་ཐད་དོགས་གཞི་བྱུང་རིགས་ཚོགས་ཆུང་གི་ཚོགས་གཙོས་འོས་འཚམས་གཟིགས་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོར་སྙན་སེང་ཞུ་ཆོག་ཅིང༌། སྤྱི་ལྷན་ཚོགས་གཙོ་སྦྲེལ་པོས་མཐའ་མའི་ཐག་གཅོད་གནང་རྒྱུ།

དོན་ཚན་བརྒྱ་དང་བརྒྱད།

ཚོགས་ཆུང་གི་ལས་དོན་འཕྲོ་ཅན་དུ་ལུས་པ་གང་ཞིག་སྤྱི་འཐུས་ལྷན་ཚོགས་ལས་དོན་མཚམས་འཇོག་བྱས་པའི་རྒྱུ་མཚན་ཁེ་གཙང་ལ་བརྟེན་ནས་རྩིས་མེད་གཏོང་རྒྱུ་མིན་པར་ཚོགས་ཆུང་ནས་ལས་ཁུར་མཇུག་སྐྱོང་བྱ་དགོས་པ་ཡིན།

དོན་ཚ་བརྒྱ་དང་དགུ།

ཚོགས་ཆུང་གི་ལས་རྒྱུན་ཡུན་ཚད་མ་རྫོགས་སྔོན་ནམ། ཡང་ན་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་མ་སོང་གོང་ལས་དོན་མཇུག་སྒྲིལ་མ་ཐུབ་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་སུ་སྙན་སེང་ཞུ་ཆོག་པ་དང༌། ཚོགས་ཆུང་གི་ལས་དོན་ཟིན་པའི་ཡིག་ཆ་ཇི་ཡོད་ཚོགས་དྲུང་ལ་རྩིས་སྤྲོད་ཞུ་དགོས།

དོན་ཚན་བརྒྱ་དང་བཅུ།

ཚོགས་ཆུང་ཚང་མར་ལས་དོན་དགོས་མཁོར་གཞིགས་པའི་མཁས་པ་དང༌། ལས་རིགས་ཁྱད་ཡོན་ཅན། འཕྲུལ་ལས་པ། ལས་དྲུང་བཅས་ལས་བྱེད་ཇི་དགོས་བསྐོ་འཛུགས་ཆོག་ཁར། ལས་དོན་འབྲེལ་ཡོད་འགྲུལ་བསྐྱོད་བྱ་རྒྱུའི་དབང་ཚད་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་ཞུ་སྩོལ་ཆོག་རྒྱུ།

དོན་ཚན་བརྒྱ་དང་བཅུ་གཅིག

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐག་གཅོད་ལ་འགྲེལ་བརྗོད་བྱ་དབང་མེད་ཀྱང་ཚོགས་ཆུང་གི་ཚོགས་གཙོའི་ཐག་གཅོད་ལ་ཞུ་གཏུགས་བྱེད་མཁན་ཡོད་ཚེ་ཚོགས་ཆུང་དེ་གའི་ནང་བགྲོ་གླེང་མེད་པར་མང་མོས་ཐག་གཅོད་བྱ་འཐུས།

དོན་ཚན་བརྒྱ་དང་བཅུ་གཉིས།

ཚོགས་ཆུང་ཁག་ནང་གྲོས་འཆར་དང་བསྐྱར་བཅོས་གྲོས་འཆར་འདོན་ཕྱོགས་ཀྱི་སྒྲིག་གཞི་སྤྱི་འཐུས་ལྷན་ཚོགས་ལྟར་ཡིན་ཀྱང་གྲོས་འཆར་འདོན་སྐབས་སྔོན་བརྡ་དང་རྒྱབ་སྐྱོར་བྱེད་མཁན་མི་དགོས།

དོན་ཚན་བརྒྱ་དང་བཅུ་གསུམ།

སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་ལེའུ་འདིའི་ནང་མིང་འཁོད་མེད་པའི་དུས་ཐུང་འཕྲལ་སེལ་ལས་དོན་ཆེད་དམིགས་བསལ་ཚོགས་ཆུང་ཁག་གྲོས་འཆར་བཏོན་པའི་ཐོག་ནས་འཛུགས་ཆོག་ཅིང་དེའི་ལས་འགན་དང་དབང་ཚད་སོགས་སྐབས་མཚམས་སོ་སོར་གཏན་འབེབས་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་བཞི།

ཚོགས་ཆུང་བྱེ་བྲག་པ་གང་ཞིག་ལ་དམིགས་བསལ་གྱི་སྒྲིག་གཞི་ཡོད་ན་ལས་དེ་མིན་ལེའུ་འདིའི་ནང་འཁོད་སྤྱིར་བཏང་སྒྲིག་གཞི་ཁག་ཚོགས་ཆུང་ཡོངས་ལ་ཁྱབ་པ་ཡིན། དེ་ལྟའི་དམིགས་བསལ་སྒྲིག་གཞིའི་ཆ་རྐྱེན་གང་ཞིག་སྤྱིར་བཏང་སྒྲིག་གཞི་དང་ཕྱོགས་འགལ་དུ་གྱུར་ཚེ་དམིགས་བསལ་སྒྲིག་གཞི་བརྩི་འཇོག་བྱ་དགོས་པ་ཡིན།

དོན་ཚན་བརྒྱ་དང་བཅོ་ལྔ།

གྲོས་ཚོགས་ཀྱིས་ཆེད་བཙུགས་གནང་བའི་ཚོགས་ཆུང་གི་ལས་དོན་དང་འབྲེལ་བའི་སྐོར་ཚོགས་མི་སུ་ཞིག་ནས་ཚོགས་ཆུང་གི་བཀའ་འཁྲོལ་མེད་པར་གང་ཅིའི་ཐད་ནས་ཕྱི་བསྒྲགས་མི་ཡོང་བ་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་དྲུག       ལས་རིམ་ཚོགས་ཆུང༌།

སྤྱི་འཐུས་ལྷན་ཚོགས་འགོ་འཛུགས་ཀྱི་སྐབས་སམ། ཡང་ན་དུས་བབ་གང་རུང་ཐོག་ཚོགས་གཙོས་རང་ཉིད་ཐེ་བའི་ཚོགས་མི་ལྔ་ལས་མ་མང་བའི་ལས་དོན་ལས་རིམ་ཚོགས་ཆུང་ཞིག་བསྐོ་གཞག་གནང་ཆོག དེའི་གཙོ་སྐྱོང་ཚོགས་གཙོས་གནང་དགོས། དུས་ཡུན་གྲོས་ཚོགས་ཚོགས་དུས་རེའི་བར་ཡིན།

དོན་ཚན་བརྒྱ་དང་བཅུ་བདུན།     ཚོགས་ཆུང་གི་ལས་འགན།

༡    ཚོགས་ཆུང་ནས་གཞུང་འབྲེལ་ཁྲིམས་ཡིག་འཆར་ཟིན་ཁག་ལ་གོ་བསྡུར་བྱ་རྒྱུའི་རིམ་པ་དང༌། དུས་ཚོད་ཇི་ཙམ་དགོས་མིན་གྱི་འཆར་གཞི་བཟོ་དགོས།

༢    སྤྱི་འཐུས་བྱེ་བྲག་པ་ཞིག་གིས་བཅའ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུའི་སླད་ལས་དོན་ཐོ་གཞུང་ནང་ཐོ་འགོད་མ་བྱས་གོང་ཚོགས་ཆུང་ནས་ཞིབ་འཇུག་བྱེད་དགོས།

༣   སྤྱི་འཐུས་བྱེ་བྲག་པའི་ཁྲིམས་ཡིག་འཆར་ཟིན་ངོ་སྤྲོད་ཟིན་རྗེས་སྤྱི་འཐུས་ལྷན་ཚོགས་ནས་དགོངས་བཞེས་མ་གནང་གོང་དེ་དག་གི་ངོ་བོ་དང༌། ཛ་དྲག་གལ་གནད་ཆེ་ཆུང་བཅས་ཀྱི་རིམ་པ་གཉིས་སུ་དབྱེ་སྟེ་ཀ་སྡེ་དང་ཁ་སྡེ་ཞེས་འགོད་དགོས། ཁྲིམས་ཡིག་འཆར་ཟིན་དེར་དུས་ཚོད་ཟུར་བཅད་དགོས།

༤ སྤྱི་འཐུས་བྱེ་བྲག་པའི་ཁྲིམས་ཡིག་འཆར་ཟིན་གང་ཞིག་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་དབང་ཚད་ལས་བརྒལ་བ་ཡིན་པར་དགག་བྱ་བྱུང་བ་ལ་ཚོགས་གཙོས་ཀྱང་འཕྲལ་སེལ་གྱི་དགག་བྱ་ཡོད་པར་ངོས་འཛིན་གནང་རིགས་ཚང་མར་ཞིབ་འཇུག་བྱ་རྒྱུ།

༥    སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུར་ཚོགས་བཅར་དགོངས་འཁྲོལ་ཞུ་དགོས་ཀྱི་དགོངས་ཤོག་ཁག་ལ་ཞིབ་འཇུག་གིས་སྒྲིག་གཞི་འདིའི་ལེའུ་ ༡༩ པའི་ནང་དོན་ལྟར་ལག་ལེན་བསྟར་ཏེ་སྤྱི་ལྷན་ལ་སྙན་ཐོ་འབུལ་དགོས་རྒྱུ།

༦   ཚོགས་ཆུང་གི་བསམ་འཆར་ཁག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོའི་ལམ་ནས་འབུལ་དགོས།

༧   གྲོས་ཚོགས་སུ་སྙན་ཐོ་ཕུལ་རྗེས་དེར་མོས་མཐུན་ཡོད་མེད་དང༌། བཟོ་བཅོས་དགོས་མིན་གྱི་གྲོས་འདོན་ཐག་གཅོད་དགོས་པ་ཡིན། དེ་ལྟའི་བཟོ་བཅོས་གྲོས་འཆར་ཐོག་ཆུ་ཚོད་ཕྱེད་ཀ་ལས་མི་མང་བའི་དུས་ཚོད་སྤྲོད་རྒྱུ་དང༌། སྤྱི་འཐུས་རེ་ནས་སྐར་མ་ ༥ ལྷག་བཀའ་མོལ་གནང་མི་ཆོག

༨    ཟུར་བཅད་དུས་ཡུན་ནང་ཁྲིམས་ཡིག་འཆར་ཟིན་དང༌། ལས་དོན་གཞན་ཁག་ལས་འཆར་གྱི་གོ་རིམ་བཞིན་ཚོགས་གཙོས་གསལ་བསྒྲགས་ཀྱིས་ལས་དོན་རྣམས་མཇུག་སྒྲིལ་ཟིན་པ་དགོས་རྒྱུ།

༩    གྲོས་ཚོགས་ཀྱི་ངོས་ལེན་དང༌། ཚོགས་གཙོས་བཀའ་འཁྲོལ་གནང་བའི་ཐོག་ནས་གྲོས་འདོན་བྱས་པ་ཞིག་ལ་སྤྱི་འཐུས་ལྷན་ཚོགས་ནས་ངོས་ལེན་བྱུང་ན་མ་གཏོགས་དེ་མིན་དུས་ཚོད་གོ་རིམ་ཆ་བགོས་བྱས་པར་སྒྱུར་བཅོས་གཏོང་མི་ཆོག འོན་ཀྱང་ཚོགས་གཙོས་སྤྱི་འཐུས་ལྷན་ཚོགས་ཀྱི་བསམ་ཚུལ་ལ་གཞིགས་ནས་གྲོས་ཆོད་མ་དགོས་པར་ཆུ་ཚོད་ ༡ ལས་མི་བརྒལ་བའི་དུས་ཚོད་སྤར་ཆོག

༡༠  སྤྱི་འཐུས་ལྷན་ཚོགས་སམ་ཡང་ན་ཚོགས་གཙོ་སྦྲེལ་པོས་དུས་ནས་དུས་སུ་བསྐུར་བའི་ལས་དོན་གཞན་རྣམས་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་བཅོ་བརྒྱད།     ཁྲིམས་ཡིག་འཆར་ཟིན་སྐོར་ཆེད་བཙུགས་ཚོགས་ཆུང༌།

ཁྲིམས་ཡིག་འཆར་ཟིན་ཞིག་ལ་ཆེད་བཙུགས་ཚོགས་ཆུང་དགོས་པའི་གྲོས་འཆར་བཏོན་སྐབས་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ཇི་དགོས་དམིགས་འཛུགས་ཀྱིས་ཚོགས་ཆུང་ཞིག་བསྐོ་གཞག་བྱ་ཆོག འདིའི་དུས་ཡུན་ཚོགས་གཙོ་སྦྲེལ་པོས་གཏན་འབེབས་ཇི་བྱས་ལྟར་ཡིན།

དོན་ཚན་བརྒྱ་དང་བཅུ་དགུ།      ཚོགས་ཆུང་གི་ལས་འགན།

༡    ཚོགས་ཆུང་ནས་གྲོས་བསྡུར་བྱེད་པའི་སྐབས་སུ་ཆེད་བཙུགས་ཚོགས་ཆུང་གི་ཚོགས་མི་མ་ཡིན་པའི་སྤྱི་འཐུས་ཚོགས་བཞུགས་ཆོག འོན་ཀྱང་བསམ་འཆར་ཤོད་པ་དང་ཚོགས་མིའི་ཐོབ་ཐང་ལེན་མི་ཆོག

༢ ཁྲིམས་ཡིག་འཆར་ཟིན་ཆེད་བཙུགས་ཚོགས་ཆུང་ལ་ཕུལ་ཟིན་རྗེས་ཚོགས་མི་ཞིག་ནས་ཁྲིམས་ཡིག་འཆར་ཟིན་དེའི་ནང་གསེས་སྡེ་ཚན་ཞིག་ལ་བཟོ་བཅོས་གཏོང་རྒྱུའི་གྲོས་འཆར་འབུལ་ཆོག འོན་ཀྱང་ཚོགས་ཆུང་གི་ཚོགས་མི་མ་ཡིན་པའི་སྤྱི་འཐུས་སུ་ཞིག་ནས་གྲོས་འཆར་ཕུལ་ཚེ་གྲོས་འཆར་དེ་ཚོགས་ཆུང་གི་ཚོགས་མི་ཞིག་ནས་མ་བཏོན་བར་གྲོས་བསྡུར་བྱེད་མི་ཆོག

༣   ཆེད་བཙུགས་ཚོགས་ཆུང་ནས་མཁས་དབང་དང༌། དེ་བཞིན་ཁྲིམས་ཡིག་འཆར་ཟིན་དེས་དོ་ཕོག་ཐེབས་པའི་འཐུས་མི་རྣམས་ཀྱི་བསམ་ཚུལ་ཉན་ཆོག

༤   ཚོགས་ཆུང་གི་ཚོགས་གཙོའམ་ལས་ཚབ་ནས་ཆེད་བཙུགས་ཚོགས་ཆུང་གི་ལས་བསྡོམས་དང༌། མོས་མཐུན་མེད་པའི་བསམ་འཆར་ཡོད་རིགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་འབུལ་དགོས།

༥    ཆེད་བཙུགས་ཚོགས་ཆུང་གི་ལས་བསྡོམས་ཡོད་ཚད་ཚོགས་དྲུང་ནས་པར་སྐྲུན་བྱ་དགོས་པ་མ་ཟད། ལས་བསྡོམས་ཀྱི་ངོ་བཤུས་རེ་སྤྱི་འཐུས་སོ་སོར་འབུལ་གཏོང་དགོས། ཁྲིམས་ཡིག་འཆར་ཟིན་དང༌། ལས་བསྡོམས་ཁག་གཞུང་འབྲེལ་གསར་ཤོག་ནང་པར་འགྲེམས་དགོས་པ་ཡིན།

དོན་ཚན་བརྒྱ་དང་ཉི་ཤུ་ཐམ་པ།    མང་ཚོགས་རྩིས་ཁྲའི་ཚོགས་ཆུང༌།

སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཆེད་བཀའ་འཁྲོལ་བསྩལ་བའི་དངུལ་འབོར་གྱི་རྩིས་ཤོག་དང༌། གཞུང་གི་ཚོང་ལས་སྡེ་ཚན་ཁག་དམིགས་བཀར་རོགས་དངུལ་ཚུད་པའི་ལོ་འཁོར་དངུལ་གྱི་རྩིས་ཤོག་འཆར་རྩིས་ཁག གཞན་ཡང་སྤྱི་ལྷན་ལ་འབུལ་དགོས་ངེས་ཀྱི་རྩིས་ཤོག་བཅས་ལ་ཞིབ་འཇུག་ཆེད་ཚོགས་མི་ལྔ་ལས་མི་ཉུང་བའི་ཚོགས་ཆུང་ཞིག་སྤྱི་འཐུས་ལྷན་ཚོགས་ནས་འཛུགས་ཆོག འདིའི་དུས་ཡུན་ཚོགས་ཆུང་བཙུགས་པ་ནས་ཟླ་བ་བཅུ་གཉིས་ཀྱི་བར་ཡིན།

དོན་ཚན་བརྒྱ་དང་ཉེར་གཅིག་པ།   ཚོགས་ཆུང་གི་ལས་འགན།

༡    རྩིས་ཁྲའི་ནང་འགྲོ་སོང་གཏོང་ཁུངས་གསལ་བའི་དངུལ་འབབ་དེ་དག་བྱུང་སྟངས་དང༌། ཁྲིམས་མཐུན་ཡོད་མེད། ལས་དོན་གང་གི་ཆེད་དུ་དམིགས་པ་དེ་རང་ཐོག་འགྲོ་སོང་བཏང་ཡོད་མེད་ཞིབ་འཇུག་བྱ་རྒྱུ།

༢    འགྲོ་གྲོན་ཁག་སྒྲིག་གཞི་གཞིར་བཟུང་བཏང་ཡོད་མེད་ཞིབ་འཇུག་བྱ་རྒྱུ།

༣   འགྲོ་གྲོན་གཏོང་ཡུལ་ལ་བསྐྱར་བཅོས་བྱས་རིགས་སྒྲིག་གཞི་གཞིར་བཟུང་ཚད་ལྡན་དབང་ཚད་ཅན་གྱིས་བཟོ་འགོད་བྱས་ཡོད་མེད་ཞིབ་འཇུག་བྱ་རྒྱུ།

༤   རང་སྐྱོང་དང༌། ཕྱེད་རང་སྐྱོང་སྡེ་ཚན་ཁག་གི་བྱུང་སོང་རྩིས་ཤོག་ལ་ཞིབ་འཇུག་བྱ་རྒྱུ་དང༌། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱིས་རྩིས་ཞིབ་ལས་ཁང་ལ་རྩིས་ཞིབ་བྱེད་དགོས་བཀའ་ཁྱབ་སོང་བའི་རྩིས་ཞིབ་སྙན་ཞུ་ཁག་ལ་ཞིབ་འཇུག་བྱ་རྒྱུ།

༥    རྩིས་ལོ་གང་ཞིག་ནང་སྤྱི་འཐུས་ལྷན་ཚོགས་ནས་ལས་དོན་གང་ཞིག་གི་ཆེད་བཀའ་འཁྲོལ་བསྩལ་བའི་དངུལ་འབོར་ལས་བརྒལ་བའི་འགྲོ་གྲོན་བཏང་ཡོད་ཚེ། ཚོགས་ཆུང་ནས་རྒྱུ་མཚན་རེ་རེ་བཞིན་ཞིབ་འཇུག་དང་འབྲེལ་སྐབས་བསྟུན་དགོངས་འཆར་གནང་འོས་གནང་རྒྱུ།

༦   འཆར་རྩིས་ཀྱི་གཞི་རྩའི་སྲིད་བྱུས་དང་མཐུན་པའི་སྒྲིག་འཛུགས་ལེགས་བཅོས་དང༌། དཔལ་འབྱོར་གནས་སྟངས། འཛིན་སྐྱོང་ཚགས་ཚུད། ལེགས་བཅོས་བཅས་ཇི་ལྟར་ལག་ལེན་བསྟར་ཕྱོགས་ཐད་སྙན་ཤོག་འབུལ་རྒྱུ།

༧   དཔལ་འབྱོར་གནས་སྟངས་དང༌། སྒྲིག་འཛུགས་ཚགས་ཚུད་འབྱུང་ཐབས་སླད་ལེགས་ཆའི་སྲིད་བྱུས་གྲོས་འདོན་བྱ་རྒྱུ།

༨    འཆར་རྩིས་ཀྱི་སྲིད་བྱུས་ནང་གསལ་ལྟར་དངུལ་འབོར་བགོ་འགྲེམས་ཚུལ་བཞིན་བྱུང་ཡོད་མེད་ཞིབ་འཇུག་བྱ་རྒྱུ།

༩    འཆར་རྩིས་ཁག་རྣམ་པ་ཇི་འདྲ་ཞིག་གི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་སུ་འབུལ་ཕྱོགས་སྐོར་བསམ་འཆར་འདོན་རྒྱུ།

༡༠  ཚོགས་ཆུང་ནས་འཆར་རྩིས་ལ་ཞིབ་འཇུག་དུས་ནས་དུས་སུ་རྩིས་ལོ་ཧྲིལ་པོའི་དུས་ཡུན་རིང་བྱེད་ཆོག་ཅིང༌། ཞིབ་འཇུག་གནང་རིམ་བཞིན་སྤྱི་འཐུས་ལྷན་ཚོགས་ལ་སྙན་ཤོག་འབུལ་འཐུས། ཚོགས་ཆུང་ནས་ལོ་གང་ཞིག་གི་འཆར་རྩིས་ལ་དུས་གཅིག་ཏུ་ཞིབ་འཇུག་གནང་དགོས་པས་ཁྱབ་པ་མེད། ཚོགས་ཆུང་ནས་སྙན་ཤོག་ཕུལ་མེད་ཀྱང་དགོས་དངུལ་བཀའ་འཁྲོལ་གནང་རྒྱུར་འོས་བསྡུ་བྱེད་ཆོག

༡༡  གཞུང་གི་ཚོང་ལས་སྡེ་ཚན་ཁག་གི་ལས་བསྡོམས་དང༌། རྩིས་ཕྲར་ཞིབ་འཇུག་བྱ་རྒྱུ།

༡༢  གཞུང་གི་ཚོང་ལས་སྡེ་ཚན་ཁག་གི་སྐོར་རྩིས་ཞིབ་སྙན་ཐོ་དང༌། དེའི་ལན་འདེབས་ལ་ཞིབ་འཇུག་བྱ་རྒྱུ།

༡༣  གཞུང་གི་ཚོང་ལས་སྡེ་ཚན་ཁག་ཚོང་ལས་ཀྱི་རྩ་དོན་གཞིར་བཟུང་ཚགས་ཚུད་དང༌། དམིགས་ཡུལ་དོན་འཁེལ་ཚོང་དོན་སྒྲུབ་ཡོད་མེད་ཞིབ་འཇུག་བྱ་རྒྱུ།

༡༤  སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དུས་ནས་དུས་སུ་བསྐུར་བའི་ལས་དོན་གཞན་རྣམས་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་ཉེར་གཉིས་པ།   འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྐོར་གྱི་ཚོགས་ཆུང༌།

གཞིས་བྱེས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། བོད་ཀྱི་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་བོད་མིའི་སྒྲིག་འཛུགས་ནས་ལས་དོན་སྤེལ་བཞིན་པར་ཞིབ་འཇུག་དང༌། དེ་འབྲེལ་གྱི་ལས་དོན་སྒྲུབ་ཆེད་ཚོགས་མི་ལྔ་ལས་མི་ཉུང་བའི་ཚོགས་ཆུང་ཞིག་སྤྱི་འཐུས་ལྷན་ཚོགས་ནས་འཛུགས་ཆོག འདིའི་དུས་ཡུན་ཚོགས་ཆུང་བཙུགས་པ་ནས་ཟླ་བ་བཅུ་གཉིས་བར་ཡིན།

དོན་ཚན་བརྒྱ་དང་ཉེར་གསུམ་པ།   ཚོགས་ཆུང་གི་ལས་འགན།

༡    རྒྱ་མིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང༌། དེ་བཞིན་བོད་ཀྱི་རང་བྱུང་སྣོད་བཅུད་དང་ཁོར་ཡུག་ལའང་གཏོར་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་པ་བཅས་ལ་འགོག་ཐབས་ཀྱི་ཐབས་བྱུས་ཅི་མཆིས་སྤེལ་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞི་བའི་གྲོས་འཆར་དོན་ཚན་ལྔ་ནང་འཁོད་ལྟར་ལག་ལེན་དོན་འཁེལ་ཡོང་ཐབས་བྱ་རྒྱུ།

༢ བོད་ནང་རྒྱ་མིས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ངེས་གཏན་འཛིན་པའི་ཐོག་ནས་བོད་མི་རྣམས་རང་ཡུལ་ནང་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་ཡོད་པ་འགོག་ཐབས་ཆེད་ལས་འགུལ་ཇི་ཡོད་སྤེལ་རྒྱུ།

༣   འཛམ་གླིང་རྒྱལ་སྤྱིའི་ཚོགས་འདུ་ནས་ཡོངས་ཁྱབ་གཏན་འབེབས་ཟིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞིའི་འབྲུ་དོན་རྣམས། བོད་ནང་རྒྱ་མིས་བརྩི་མེད་གཏོང་བཞིན་པར་སྲུང་སྐྱོབ་ཐུབ་ཐབས་ཆེད་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང༌། མི་སྣ་གྲགས་ཅན། གཞུང་དང་གྲོས་ཚོགས་ཁག་སོགས་ལ་འབྲེལ་ལམ་དམ་ཟབ་ཀྱིས་རྒྱ་ནག་གཞུང་ཐོག་གནོན་ཤུགས་སླེབས་ཐབས་བྱ་རྒྱུ།

༤   རྒྱ་མིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཐོག་འཛིན་པའི་སྲིད་བྱུས་ལོག་པ་རྣམས་འཛམ་གླིང་ནང་ར་སྤྲོད་ཕྱིར་ཐབས་ཤེས་གང་འོས་བརྒྱུད་དྲིལ་བསྒྲགས་རྒྱ་གང་ཆེ་བྱ་རྒྱུ།

༥    ཚོགས་ཆུང་ནས་དུས་ནས་དུས་སུ་ལས་དོན་ལ་སྨན་པའི་བགྲོ་གླེང་སོགས་ཚོགས་འདུ་འདྲ་མིན་བསྡུ་བསྐོང་དང་དེ་ལྟའི་ཚོགས་འདུ་ཁག་གང་མང་ནང་ཞུགས་ཐབས་བྱ་རྒྱུ།

༦   གོང་གསལ་དམིགས་ཡུལ་རྣམས་འགྲུབ་ཐབས་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་ལྟར། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང༌། བོད་དེ་འཛམ་གླིང་རྒྱལ་སྤྱིས་ངོས་འཛིན་ཡོད་པའི་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་ཐབས་དེ་གཉིས་ཉག་ཅིག་ཡིན་གཤིས་དེ་ཐོག་འབད་འབུངས་བྱ་རྒྱུ།

༧   བོད་མིའི་སྒྲིག་འཛུགས་ནས་འགྲོ་བ་མིའི་ཐོབ་ཐང་དང༌། ཁོར་ཡུག་སྲུང་སྐྱོབ་ཆེད་སྤེལ་བཞིན་པའི་སྲིད་བྱུས་ཁག་ལ་ཞིབ་འཇུག་ཐོག་དགོས་ངེས་ལམ་སྟོན་བྱ་རྒྱུ་དང༌། གཞན་ཡང་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དམིགས་བསལ་བསྐུར་བའི་ལས་དོན་ཁག་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་ཉེར་བཞི་པ།     ཆོས་རིག་ཚོགས་ཆུང༌།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་འོག་ཆོས་རིག་ལས་ཁུངས་དང་དེའི་ཁྱབ་ཁོངས་ཁག་གི་ལས་དོན་འཆར་གཞིར་ཞིབ་འཇུག་ཆེད་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་སྤྱི་འཐུས་རེ་ཡོད་པའི་ཚོགས་ཆུང་ཞིག་འཛུགས་ཆོག་པར་ཚོགས་མི་ཆོས་བརྒྱུད་རང་ཁུངས་སོ་སོ་ནས་གཏན་འཁེལ་བྱེད་དགོས། འདིའི་དུས་ཡུན་ཚོགས་ཆུང་བཙུགས་པ་ནས་ཟླ་བ་བཅུ་གཉིས་བར་ཡིན།

དོན་ཚན་བརྒྱ་དང་ཉེར་ལྔ་པ།      ཚོགས་ཆུང་གི་ལས་འགན།

༡    ཆོས་རིག་ལས་ཁུངས་དང་དེའི་ཁྱབ་ཁོངས་ཁག་གི་ལས་དོན་འཆར་གཞི་སྤྱི་དང་ལྷག་པར་རབ་བྱུང་དང༌། སྔགས་འཆང་གི་བཤད་སྒྲུབ་ཆོས་སྡེ་ཁག་ཚགས་ཚུད་སྤུས་དག་ཡོང་ཐབས་དང༌། དེ་དག་གི་མཐུན་རྐྱེན་ལོག་འཚོས་མ་སླད་པའི་ཚུལ་མཐུན་ཡོང་ཐབས་སྐོར་ཞིབ་འཇུག་བྱ་རྒྱུ།

༢ ཆོས་རིག་ལས་ཁུངས་ནས་ཕྱོགས་འཛིན་མེད་པའི་ྋརྒྱལ་བསྟན་རིས་མེད་ཀྱི་བཞེད་སྲོལ་བཟང་པོ་གོང་མཐོར་སྤེལ་ཐབས་ཀྱི་ལས་དོན་ཁག་ལ་ཞིབ་འཇུག་དང་འོས་འཚམས་བསམ་འཆར་འབུལ་རྒྱུ།

༣   བོད་ཀྱི་གནའ་བོའི་རིག་གཞུང་སྤྱི་དང༌། ཟློས་གར། ལྕགས་ཟངས། གསེར་དངུལ་ལྟ་བུའི་རྒྱུ་རིགས་སྣ་ཚོགས་ཀྱི་བརྡུང་ཚག་ལུག་གསུམ་གྱིས་མཚོན་བཟོ་རིག་དང༌། ལག་རྩལ་རྩ་བརླག་ཏུ་འགྲོ་ཉེན་ཅན་རྣམས་རྒྱུན་འཛིན་དང༌། ཁྱབ་སྤེལ། ལག་རྩལ་མཁས་རིགས་ལ་ལྟ་སྐྱོང་གཟེངས་བསྟོད་གནང་རྒྱུའི་འཁུར་འགན་ཆོས་རིག་ལས་ཁུངས་ལ་ཡོད་པ་བཞིན་ལག་ལེན་འཐུས་གཙང་ཡོང་མིན་ཞིབ་འཇུག་བྱ་རྒྱུ།

༤   སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དུས་ནས་དུས་སུ་བསྐུར་བའི་ལས་དོན་གཞན་རྣམས་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་ཉེར་དྲུག་པ།     གཞིས་ཆགས་ལས་གཞི་ཚོགས་ཆུང༌།

བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་དང༌། གཞིས་ཆགས་ཁག་ནང་ཡར་རྒྱས་ཀྱི་ལས་གཞི་འཛུགས་སྐྲུན་དང་འབྲེལ་བའི་ལས་དོན་ཆེད་ཚོགས་མི་ལྔ་ལས་མི་ཉུང་བའི་ཚོགས་ཆུང་ཞིག་སྤྱི་འཐུས་ལྷན་ཚོགས་ནས་འཛུགས་ཆོག འདིའི་དུས་ཡུན་ཚོགས་ཆུང་བཙུགས་པ་ནས་ཟླ་བ་བཅུ་གཉིས་བར་ཡིན།

དོན་ཚན་བརྒྱ་དང་ཉེར་བདུན་པ།    ཚོགས་ཆུང་གི་ལས་འགན།

༡    བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་འོག་ནང་སྲིད་ལས་ཁུངས་དང༌། དེའི་ཁྱབ་ཁོངས་ཁག་ནས་བཙན་བྱོལ་བོད་མིའི་ཕན་བདེ་སྒྲུབ་ཆེད་འཚོ་བའི་མཐུན་རྐྱེན་འགྲུབ་ཐབས་དང༌། ལུས་སེམས་ཞི་བདེར་གནས་ཐབས་ཆེད་ལས་དོན་འདྲ་མིན་སྤེལ་བཞིན་པར་ཞིབ་འཇུག་བྱ་རྒྱུ།

༢    བོད་མིའི་སྒྲིག་འཛུགས་ནས་ངལ་སེལ་གྲོགས་ཕན་གྱི་ཐོབ་ཐང་འདྲ་མཉམ། གཞུང་དང་གཞུང་ཁོངས་ལས་དོན་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་ཡོང་བ་བཅས་ཀྱི་སྲིད་བྱུས་ཇི་བཞིན་ལག་ལེན་འཁེལ་མིན་ཞིབ་འཇུག་བྱ་རྒྱུ།

༣   རང་རེའི་སྤྱི་ཚོགས་ནང་ནད་གཅོང་དང༌། དབང་པོ་སྐྱོན་ཅན། འཁོས་དམན་ཉམ་ཐག ཕྲུ་གུ་མང་བས་འཚོ་སྐྱོང་མི་ཐུབ་པ་བཅས་དངོས་འབྲེལ་ཁྱིམ་འཚོ་མ་ཟིན་པའི་རིགས་ལ་ནང་སྲིད་ལས་ཁུངས་ནས་ལམ་སྟོན་སློབ་གསོ་དང༌། དཔལ་འབྱོར་གྱི་རོགས་རམ་སྤྲད་དེ་གཞན་གྱིས་བྲན་གཡོག་ཏུ་བཀོལ་བ་དང༌། དཔལ་འབྱོར་གྱི་གནོན་ཤུགས་རིགས་མི་འབྱུང་བའི་འགོག་ཐབས་གནང་དགོས་པ་ཇི་བཞིན་ཡོང་མིན་ཞིབ་འཇུག་དང་འབྲེལ་ཡར་རྒྱས་ཆེད་བསམ་འཆར་འབུལ་རྒྱུ།

༤   ནང་སྲིད་ལས་ཁུངས་ནས་བོད་མིའི་གཞིས་སྒར་དང༌། འདུ་སྡོད་ཁག་ཁ་འཐོར་དུ་མི་འགྲོ་བའི་ཆེད་སོ་ནམ་ལས་རིགས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང༌། བཟོ་ལས་འཛུགས་སྐྲུན། དེ་དག་གི་ཆེད་ད་ཡོད་མཉམ་འབྲེལ་ཁག་དང༌། བཟོ་གྲྭ། ཚོང་ལས་སོགས་ཚགས་ཚུད་ཡོད་མིན་ཞིབ་འཇུག་དང༌། འོས་འཚམས་བསམ་འཆར་འབུལ་རྒྱུ།

༥ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཚོ་ཐབས་དཔལ་འབྱོར་རང་རྐྱ་འཕེར་ཞིང་མུ་མཐུད་སོར་གནས་ཐུབ་ཐབས་སླད་གཞུང་འཛིན་ཙམ་མིན་པར་སྒེར་ངོས་ནས་རང་ཉིད་སྡོད་ཡུལ་ས་གནས་ནང་སོ་ནམ་དང༌། བཟོ་གྲྭ་ཆེ་ཆུང༌། ལག་ཤེས་བཟོ་གྲྭ། ཚོང་ལས་འདྲ་མིན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱ་རྒྱུར་ལམ་སྟོན་གནང་ཐབས་ཀྱི་འཆར་གཞི་བསམ་འཆར་འབུལ་རྒྱུ།

༦   བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཡོངས་ལ་རང་གི་ཤེས་ཚད་དང་འཚམས་པར་གཞུང་དང༌། གཞུང་འཛིན་སྒྲིག་འཛུགས་གང་རུང་གི་ལས་རིགས་སུ་ཞུགས་རྒྱུའི་གོ་སྐབས་འདྲ་མཉམ་སྤྲོད་དགོས་ཐད་ཞིབ་འཇུག་བྱ་རྒྱུ།

༧   སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དུས་ནས་དུས་སུ་བསྐུར་བའི་ལས་དོན་གཞན་རྣམས་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ།   ཤེས་ཡོན་ཚོགས་ཆུང༌།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་སྤྱི་དང༌། ཁྱད་པར་ཤེས་རིག་ལས་ཁུངས་དང༌། དེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་དང་ཤེས་ཡོན་སྡེ་ཚན་ཁག་ནས་བོད་མིའི་ཤེས་ཡོན་ཆེད་སྤེལ་བཞིན་པའི་ལས་དོན་ཡོངས་ལ་ཞིབ་འཇུག་དང༌། དེ་འབྲེལ་གྱི་བྱེད་སྒོ་ཅི་རིགས་སྒྲུབ་སླད་ཚོགས་མི་ལྔ་ལས་མི་ཉུང་བའི་ཚོགས་ཆུང་ཞིག་སྤྱི་འཐུས་ལྷན་ཚོགས་ནས་འཛུགས་ཆོག འདིའི་དུས་ཡུན་ཚོགས་ཆུང་བཙུགས་པ་ནས་ཟླ་བ་བཅུ་གཉིས་བར་ཡིན།

དོན་ཚན་བརྒྱ་དང་ཉེར་དགུ་པ།     ཚོགས་ཆུང་གི་ལས་འགན།

༡    དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང༌། སམ་བྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩ། བོད་ཁྱིམ་ཁག་བཅས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་སློབ་གྲྭ་ཁག་གི་ནང་སློབ་འཇུག་དང་སློབ་སྦྱོང་གི་གནས་ཚད་ཚད་ལྡན་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། ཡར་རྒྱས་གཏོང་ཐབས་སྐོར་འཆར་གཞི་སྙན་ཐོ་བཟོ་འབུལ་དགོས་རྒྱུ།

༢    སློབ་གྲྭ་ཁག་ནང་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་ཐབས་དང༌། སློབ་འཁྲིད་བྱ་ཕྱོགས། དུས་ཚོད། སློབ་དེབ་བཅས་ཀྱི་སྐོར་ལེགས་བཅོས་བསམ་འཆར་འབུལ་རྒྱུ།

༣ བོད་པའི་སློབ་གྲྭ་ཟུར་འཛུགས་གནང་བའི་དགོངས་གཞི་གཙོ་བོ་གཞོན་སྐྱེས་རྣམས་ལ་བོད་ཀྱི་ཐུན་མིན་རིག་གཞུང་སློབ་འཁྲིད་ཀྱིས་བོད་མིའི་ཡ་རབས་སྤྱོད་བཟང་རྒྱུན་འཇགས་ཐུབ་ཐབས་ཡིན་པར་ཉམས་ཆག་གྱུར་མིན་ཞིབ་འཇུག་ཐོག་དེང་རབས་ཀྱི་འགྱུར་འགྲོས་ཐོག་ནས་མིག་ལྟོས་ངན་པ་མི་ཡོང་སླད་སློབ་གྲྭ་ཁག་ནང་ཆོས་ལུགས་རྣམས་དང༌། ལུགས་ཀྱི་བསྟན་བཅོས་དག་ནས་བསྟན་པའི་ཡ་རབས་སྤྱོད་བཟང་གི་བསླབ་བྱ་རྣམས་རྩལ་བཏོན་གྱིས་དམིགས་བསལ་བཟང་སྤྱོད་ཤེས་ཡོན་སྤྲོད་ཐབས་ཀྱི་འཆར་གཞི་འབུལ་རྒྱུ།

༤   ཤེས་ལས་དང་ཁྱབ་ཁོངས་ཡན་ལག་ཁག་ནས་བོད་ཕྲུག་ཉམ་ཐག་བལྟ་སྐྱོང་དགོས་ངེས་ཅན་དང༌། དེ་བཞིན་འཛིན་གྲྭ་བཅུ་པ་དང༌། བཅུ་གཉིས་ཐོན་མཚམས་ལས་དོན་སྦྱོང་བརྡར་དང༌། མཐོ་རིམ་སློབ་སྦྱོང་ལ་བསྐྱོད་རྒྱུ་བཅས་ཀྱི་ཆེད་སློབ་ཡོན་སྩོལ་བཞིན་པ་དེ་དག་དྲང་བདེན་གྱུར་མིན་དང༌། འདི་འབྲེལ་གྱི་བདེ་སྡུག་རྙོག་གླེང་ཞུས་རིགས་ལ་ཞིབ་འཇུག་གནང་རྒྱུ།

༥    སློབ་ཕྲུག་རྣམས་ལ་ཕུགས་ལམ་འདེམས་ཕྱོགས་ཀྱི་སློབ་སྟོན་སྤྱི་དང༌། ལྷག་པར་ཚན་རིག་ལ་དོ་དབྱིངས་དང༌། མ་འོངས་རྒྱལ་ཁབ་འཛུགས་སྐྲུན་ལ་མཁོ་བའི་དམིགས་བཀར་ལས་རིགས་དང༌། བཟོ་རིག་ལག་རྩལ་མཐོ་རིམ་སློབ་སྦྱོང་བཅས་ཀྱི་གོ་སྐབས་སྤྲོད་ཐབས་སྐོར་ཞིབ་འཇུག་དང་བསམ་འཆར་འབུལ་རྒྱུ།

༦   ཤེས་ལས་ནས་རྩེད་རིགས་དང༌། ལུས་སྦྱོང་ཡར་རྒྱས་གཏོང་ཐབས་ཆེད་སྤེལ་དགོས་པའི་ལས་དོན་ཁག་ལ་ཞིབ་འཇུག་བྱ་རྒྱུ།

༧   ལུང་ཁུག་དང༌། ས་ཐག་རིང་བའི་སློབ་གྲྭ་ཁག་ཡར་རྒྱས་གཏོང་ཐབས་དམིགས་བསལ་འཆར་གཞི་བཟོ་འབུལ་དགོས་རྒྱུས་མཚོན་སློབ་གྲྭ་དང༌། ཉལ་ཁང་གི་མཐུན་རྐྱེན་རྣམས་སྤྱི་སྙོམས་སུ་ཐོབ་ཀྱི་ཡོད་མེད་ཞིབ་འཇུག་བྱ་རྒྱུ།

༨    སློབ་རིམ་ཚང་མའི་སློབ་དགེ་རྣམས་དུས་ནས་དུས་སུ་སྦྱོང་བརྡར་དང༌། གནས་སྤར་གོ་སྐབས་སོགས་དགོས་ངེས་མཐུན་རྐྱེན་སྦྱར་ཏེ་ལས་འགན་དོན་སྨིན་ཞུ་ཐུབ་པའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ།

༩    བོད་ཡིག་ཙམ་ཡང་འབྲི་ཀློག་མི་ཤེས་པའི་བོད་མི་རྣམས་ལ་ལས་ཞོར་སློབ་སྦྱོང་སྤྲོད་ཐབས་ཚགས་ཚུད་ཡོང་མིན་ཞིབ་འཇུག་བྱ་རྒྱུ།

༡༠  སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དུས་ནས་དུས་སུ་བསྐུར་བའི་ལས་དོན་གཞན་དག་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་སུམ་ཅུ་ཐམ་པ།  འཕྲོད་བསྟེན་ཚོགས་ཆུང༌།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་འོག་འཕྲོད་བསྟེན་ལས་ཁུངས་དང༌། དེའི་ཁྱབ་ཁོངས་ཁག་ནས་བོད་མིའི་འཕྲོད་བསྟེན་དང༌། སྨན་གྱི་མཐུན་རྐྱེན་འདང་ངེས་སྦྱོར་ཐབས་ཀྱི་ལས་དོན་འཆར་གཞི་ཁག་ལ་ཞིབ་འཇུག་དང༌། དེ་འབྲེལ་གྱི་ལས་གཞི་སྤེལ་སླད་ཚོགས་མི་ལྔ་ལས་མི་ཉུང་བའི་ཚོགས་ཆུང་ཞིག་སྤྱི་འཐུས་ལྷན་ཚོགས་ནས་འཛུགས་ཆོག འདིའི་དུས་ཡུན་ཚོགས་ཆུང་བཙུགས་པ་ནས་ཟླ་བ་བཅུ་གཉིས་བར་ཡིན།

དོན་ཚན་བརྒྱ་དང་སོ་གཅིག་པ།    ཚོགས་ཆུང་གི་ལས་འགན།

༡    མང་ཚོགས་ཀྱི་འཕྲོད་བསྟེན་དང༌། གཙང་སྦྲ། སྨན་བཅོས་བཅས་ཀྱི་མཐུན་རྐྱེན་འདང་ངེས་ཡར་རྒྱས་གཏོང་རྒྱུ་དང༌། འཁོས་དམན་རྣམས་ལ་རིན་མེད་སྨན་སྦྱིན་སྤྲོད་ཐབས་བྱ་རྒྱུ། གཅོང་ནད་དང༌། འགོས་ནད་རིགས་སྔོན་འགོག་དང༌། དམིགས་བསལ་སྨན་བཅོས་བྱ་རྒྱུ་བཅས་ཀྱི་ཆེད་གཞུང་གི་ལས་གཞི་ཁག་ལ་ཞིབ་འཇུག་དང་དེ་དག་ཆ་སྙོམས་སུ་ཐོབ་ཐུབ་པའི་བསམ་འཆར་འབུལ་རྒྱུ།

༢    འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་གནའ་སྲོལ་སྨན་གྱི་ལག་ལེན་དང༌། སྨན་སྦྱོར། བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་དབར་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས་སྐོར་ལས་དོན་ཇི་སྤེལ་ལ་ཞིབ་འཇུག་དང༌། འོས་འཚམས་བསམ་འཆར་འབུལ་རྒྱུ།

༣   འཕྲོད་ལས་ནས་བོད་སྨན་གྱི་སྨན་སྦྱོར་ལག་ལེན་བསྟར་ཕྱོགས་ཚད་ལྡན་ཡོང་ཐབས་སུ་ཁྲིམས་ལུགས་ལྟར་ལྟ་རྟོག་སྟངས་འཛིན་གནང་ཕྱོགས་འཐུས་ཚང་ཡོང་མིན་ཞིབ་འཇུག་བྱ་རྒྱུ།

༤   སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་དུས་ནས་དུས་སུ་བསྐུར་བའི་ལས་འགན་གཞན་རྣམས་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་སོ་གཉིས་པ།    སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བཀའ་ཤག་གམ། སྤྱི་འཐུས་རྒྱུན་ལས་སམ་སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༧།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།