དོན་ཚན་དང་པོ།         ཁྲིམས་ཡིག་གི་མིང༌།

ཁྲིམས་ཡིག་འདི་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པའི་ཁྲིམས་ཡིག ཕྱི་ལོ་ ༡༩༩༥ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       འགོ་འཛུགས།

ཁྲིམས་ཡིག་འདི་ཕྱི་ལོ་ ༡༩༩༥ ཟླ་ ༨ ཚེས་ ༢༦ ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་གསུམ་པ།      དགོས་དམིགས།

མང་གཙོ་རིང་ལུགས་སྤྱི་སྲོལ་ལྟར་གྲོས་ཚོགས་ཀྱི་མཚན་མཐོང་དང༌། དམིགས་བསལ་ཐོབ་ཐང་ལ་བརྩི་སྲུང༌། གྲོས་ཚོགས་ཀྱི་ལས་དོན་ཁག་ཁྲིམས་མཐུན་དང༌། མགྱོགས་མྱུར་འཇོན་ཐང་ལྡན་པར་བྱ་རྒྱུར་འགལ་རྐྱེན་མི་འབྱུང་བ། གྲོས་ཚོགས་ཀྱི་ཁྱབ་ཁོངས་ཡོངས་རྫོགས་ཀྱི་སྲུང་སྐྱོབ་དང་འཛིན་སྐྱོང་གཞན་དབང་སྟབས་བསྟུན་མི་དགོས་པ་བཅས་ཀྱི་ཆེད་སྤྱི་འཐུས་ཚོགས་ཁང་ཡན་ལག་དང་བཅས་པ་ཟུར་བཅད་ཐོག ཁང་ཁུངས་བེད་སྤྱོད་དང༌། སྲུང་སྐྱོབ། འཛུལ་ཞུགས། ཟུར་ཉན་ལྟ་སྐོར་བ་བཅས་ཀྱི་མཚམས་འཛིན་རྣམས་ཚོགས་གཙོ་སྦྲེལ་པོའི་ཐད་ཀའི་སྟངས་འཛིན་བཀོད་བྱུས་འོག་འཛིན་སྐྱོང་བྱེད་དགོས།

དོན་ཚན་བཞི་པ།        སྤྱི་འཐུས་ཁང་པའི་གསལ་བསྒྲགས།

བོད་མིའི་སྒྲིག་འཛུགས་ཀྱི་བདག་དབང་ཚད་ལྡན་འོག་ཡོད་པའི་ཁང་པ་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་གསར་རྒྱག་བྱས་པའམ། དེ་ལས་གཞན་པ། ཡང་ན་ཁྲིམས་མཐུན་ཁང་གླར་བླངས་པའི་ཁང་པའམ། ཁང་མིག་གང་རུང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པར་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་བཞིན་ཚོགས་གཙོ་སྦྲེལ་པོས་འཛིན་སྐྱོང་བཀོད་ཁྱབ་གསལ་བསྒྲགས་བྱ་འཐུས་དང༌། གསལ་བསྒྲགས་བྱས་པའི་ཚེས་གྲངས་ནས་བཟུང་དེར་གསལ་ཁང་པའམ། ཁང་མིག་སྤྱི་འཐུས་ལྷན་ཚོགས་ཀྱི་བདག་དབང་དུ་གྱུར་པ་ཡིན།

དོན་ཚན་ལྔ་པ།          སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པ་བེད་སྤྱོད།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པར་གསལ་བསྒྲགས་ཟིན་པའི་ཁང་ཁུངས་གང་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་མ་ཡིན་པའི་ལས་དོན་གཞན་གྱི་ཆེད་ཚོགས་གཙོ་སྦྲེལ་པོའི་བཀའ་འཁྲོལ་མེད་པར་བེད་སྤྱོད་མི་ཆོག

༢    གཞུང་འབྲེལ་ལས་དོན་གཞན་གྱི་ཆེད་དུས་ཡུན་ངེས་ཅན་བར་ཚོགས་གཙོ་སྦྲེལ་པོའི་བཀའ་འཁྲོལ་བྱུང་ན་བེད་སྤྱོད་བྱེད་ཆོག

༣   གཞུང་འབྲེལ་མིན་པའི་ལས་དོན་དང༌། གཞུང་འབྲེལ་ཡིན་ཡང་ལས་བྱེད་སྡོད་ཤག་དང་གཉེར་ཚང་ལྟ་བུར་བེད་སྤྱོད་ཆེད་བཀའ་འཁྲོལ་ཞུ་གཏོང་མི་ཆོག

དོན་ཚན་དྲུག་པ།        ཁང་པ་ཕྱིར་སློག

ཕྱིར་བསྡུ།

དོན་ཚན་བདུན་པ།       ཁང་པའི་འཛིན་སྐྱོང་དང་ཉམས་གསོ།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པར་གསལ་བསྒྲགས་བྱས་པའི་ཁང་ཁུངས་རྣམས་ཀྱི་འཛིན་སྐྱོང་དང་ཉམས་གསོ་ཚོགས་དྲུང་ལས་ཁུངས་ནས་བྱ་རྒྱུ་དང༌། དེའི་ཆེད་ལོ་ལྟར་ཚོགས་དྲུང་ལས་ཁུངས་ཀྱི་སྔོན་རྩིས་སུ་རྩིས་འགོ་ཟུར་དུ་འཁྱེར་དགོས།

༢    ཉམས་གསོ་དང་གསར་རྒྱག་གང་ཡིན་གྱི་ཨར་ལས་ཚོགས་དྲུང་ལས་ཁུངས་ཀྱིས་ཐད་ཀར་རམ། བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་བདག་གཉེར་ཁང་བརྒྱུད་དངུལ་འབབ་ཟུར་བཅུག་གིས་བྱ་རྒྱུ།

དོན་ཚན་བརྒྱད་པ།       ཁྲིམས་ཡིག་བསྐྱར་བཅོས།

ཁྲིམས་ཡིག་འདི་ལ་བསྐྱར་བཅོས་ནམ་དགོས་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་མོས་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༦།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།