དོན་ཚན་དང་པོ།         སྒྲིག་གཞིའི་མིང་དང་ཁྱབ་ཚད།

༡    བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༢༠ ཕྱི་ལོ་ ༡༩༩༣ ཞེས་འབོད་རྒྱུ།

༢    སྒྲིག་གཞི་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག དམིགས་བསལ་གཞུང་ནས་ལས་ཤག་གོ་སྒྲིག་དགོས་རིགས་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་གཉིས་པ།       འགོ་འཛུགས།

སྒྲིག་གཞི་འདི་བོད་རྒྱལ་ལོ་ ༢༡༢༠ ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡༦ ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་གསུམ་པ།      དབུས་ལས་ཤག་བགོ་འགྲེམས་ཚོགས་ཆུང༌།

༡    དབུས་ལས་བྱེད་རྣམས་ལ་ལས་ཤག་བགོ་འགྲེམས་ཀྱི་ཆེད་ཚོགས་ཆུང་ཞིག་དགོས་པ་བཀའ་ཤག་གིས་བསྐོ་འཛུགས་བྱ་རྒྱུ།

༢    ཚོགས་ཆུང་དེའི་ནང་ནང་སྲིད་ལས་ཁུངས་ཀྱི་ངོ་ཚབ་གཅིག་དང༌། ལས་བྱེད་པའི་འཐུས་མི་གསུམ། ས་ཁང་དོ་དམ་པ་བཅས་དགོས་ཤིང༌། ནང་སྲིད་ལས་ཁུངས་ཀྱི་ངོ་ཚབ་ཀྱིས་ཚོགས་གཙོ་དང༌། ས་ཁང་དོ་དམ་པས་ཚོགས་དྲུང་བྱ་རྒྱུ།

༣   ནང་སྲིད་ལས་ཁུངས་ཀྱི་ངོ་ཚབ་ཀྱིས་གཏན་དུ་ཚོགས་གཙོ་གནང་རྒྱུ་དང༌། ལས་བྱེད་པའི་འཐུས་མི་རྣམས་ལོ་གཉིས་རེ་ནས་བརྗེ་ལེན་བྱ་རྒྱུ། ལས་བྱེད་འཐུས་མི་གསུམ་གནས་རིམ་མི་གཅིག་པ་དང༌། སྡེ་ཚན་གཉིས་ནས་དགོས་ཤིང༌། གང་ཟག་གཅིག་བསྟུད་མར་ལན་གཉིས་ལས་མང་བར་ལས་བྱེད་པའི་འཐུས་མིར་བསྐོ་འཛུགས་མི་ཆོག

༤   འཐུས་མི་གང་ཞིག་འཕོ་འགྱུར་བྱུང་ཚེ་དེའི་ཚབ་ཉིན་གྲངས་བཅོ་ལྔའི་ནང་ངེས་པར་བསྐོ་གཞག་ཐུབ་པ་དགོས།

༥   ས་ཁང་བདག་གཉེར་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་ཁང་ཁུངས་བགོ་འགྲེམས་དང༌། ཕྱིར་བསྡུ་སོགས་ཀྱིས་མཚོན་པའི་ལས་དོན་ཞུ་སྒོ་མཐའ་དག་གི་འགན་དབང་ལས་ཤག་བགོ་འགྲེམས་ཚོགས་ཆུང་ལ་ཡོད།

དོན་ཚན་བཞི་པ།        ས་གནས་ལས་ཤག་བགོ་འགྲེམས་ཚོགས་ཆུང༌།

༡    བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ཚན་གང་དུའང༌། ལས་ཤག་སྤྲོད་དགོས་ཀྱི་ལས་བྱེད་ས་མིག་བཅུ་ལས་མང་བ་ཡོད་ས་དེར་ས་གནས་ལས་ཤག་བགོ་འགྲེམས་ཚོགས་ཆུང་ཞིག་དགོས་པ་ས་གནས་འགོ་འཛིན་གྱིས་ལས་བྱེད་གཉིས་ལས་མི་ཉུང་བའི་ཚོགས་ཆུང་ཞིག་བསྐོ་འཛུགས་དང༌། ས་གནས་འགོ་འཛིན་གྱིས་ཚོགས་གཙོ་བྱ་རྒྱུ།

༢ སྡེ་ཚན་གང་དུ་ལས་ཤག་སྤྲོད་དགོས་ཀྱི་ལས་བྱེད་ས་མིག་བཅུ་ལས་ཉུང་བ་ཡོད་པ་རྣམས་སུ་ལས་ཤག་བགོ་འགྲེམས་ཚོགས་ཆུང་གི་ལས་དོན་རྣམས་ཚོགས་ཆུང་ཟུར་འཛུགས་མ་དགོས་པར་ས་གནས་འགོ་འཛིན་དེས་བྱ་རྒྱུ། 

དོན་ཚན་ལྔ་པ།          ལས་ཤག་གི་གྲལ་རིམ་ཚད་གཞི།

༡    གཞུང་གི་རང་བདག་དང༌། གླ་གཡར་བྱས་པའི་ལས་བྱེད་པའི་སྡོད་ཡུལ་བཅས་ལས་ཤག་ཏུ་གསལ་བསྒྲགས་བྱས་པའི་ཁང་ཁུངས་ཡོངས་རྫོགས་གཤམ་གསལ་གྲལ་རིམ་ཁག་ཏུ་དབྱེ་རྒྱུ།

ཀ   ཁང་ཁྱོན་ཕི་ཀྲི་གྲུ་བཞི་བདུན་བརྒྱ་ནས་བརྒྱད་བརྒྱ་དགུ་བཅུ་གོ་དགུ་ (༧༠༠ ནས་ ༨༩༩) བར། གྲལ་རིམ་དང་པོའི་ ཀ ཕི་ཀྲི་གྲུ་བཞི་དྲུག་བརྒྱ་ནས་དྲུག་བརྒྱ་དགུ་བཅུ་གོ་དགུ་ (༦༠༠ ནས་ ༦༩༩) བར། གྲལ་རིམ་དང་པོའི་ ཁ

ཁ   ཕི་ཀྲི་གྲུ་བཞི་ལྔ་བརྒྱ་ནས་ལྔ་བརྒྱ་དགུ་བཅུ་གོ་དགུ་ (༥༠༠ ནས་ ༥༩༩) བར། གྲལ་རིམ་གཉིས་པའི་ ཀ ཕི་ཀྲི་གྲུ་བཞི་བཞི་བརྒྱ་ལྔ་བཅུ་ནས་བཞི་བརྒྱ་དགུ་བཅུ་གོ་དགུ་ (༤༥༠ ནས་ ༤༩༩) བར། གྲལ་རིམ་གཉིས་པའི་ ཁ

ག   ཕི་ཀྲི་གྲུ་བཞི་སུམ་བརྒྱ་ལྔ་བཅུ་ནས་བཞི་བརྒྱ་བཞི་བཅུ་ཞེ་དགུ་ (༣༥༠ ནས་ ༤༤༩) བར། གྲལ་རིམ་གསུམ་པ།

ང   ཕི་ཀྲི་གྲུ་བཞི་ཉིས་བརྒྱ་ལྔ་བཅུ་ནས་སུམ་བརྒྱ་བཞི་བཅུ་ཞེ་དགུ་ (༢༥༠ ནས་ ༣༤༩) བར། གྲལ་རིམ་བཞི་པ།

ཅ   ཕི་ཀྲི་གྲུ་བཞི་ཉིས་བརྒྱ་ནས་ཉིས་བརྒྱ་ཞེ་དགུ་ (༢༠༠ ནས་ ༢༤༩) བར། གྲལ་རིམ་ལྔ་པ།

༢       ཁང་ཁྱོན་བརྩི་ཚུལ། བཅད་མེད་བར་ཁྱམས་མ་གཏོགས་ཐོག་ཡོད་ཁང་མིག་དང༌། གསང་སྤྱོད་ཁྲུས་ཁང་ཐབ་ཚང་བཅས་ཡོངས་རྫོགས་བརྩི་རྒྱུ་དང༌། རྒྱ་ཁྱོན་ཚོད་དཔག་རགས་རྩིས་ཀྱིས་གྲལ་རིམ་དབྱེ་རྒྱུ་ལས་ངེས་གཏན་ཡོང་དཀའ་ཡང་ཕི་ཀྲི་གྲངས་ཚད་གང་ལ་ཉེ་བ་དེར་ཚད་འཛིན་བྱ་རྒྱུ་དང༌། ཁང་པའི་སྤུས་ཚད་དང༌། བཟོ་དཔྱད་ལ་གཞིགས་པའི་གྲལ་རིམ་དབྱེ་རྒྱུ། ཁང་ཁུངས་དེ་དག་ཉམས་གསོ་ཞུ་སྐབས་ས་ཁང་བདག་གཉེར་ཁང་ནས་ཞིབ་འཇུག་གིས་དུས་ནས་དུས་སུ་སྣོན་འཕྲི་དང༌། གྲལ་རིམ་བསྒྱུར་བཅོས་བྱ་འཐུས།

ཀ   གྲལ་རིམ་དང་པོ་དང་གཉིས་པ་ལ་ཀ་ཁ་གཉིས་སུ་དབྱེ་རྒྱུ།

ཁ   ཁང་པའི་རྒྱ་ཁྱོན་ཕི་ཀྲི་གྲུ་བཞི་དགུ་བརྒྱ་ལས་བརྒལ་བ་རྣམས་ལས་ཤག་གཅིག་ཏུ་འཇོག་མི་ཆོག

དོན་ཚན་དྲུག་པ།        ལས་བྱེད་གནས་རིམ་གྱི་ལས་ཤག་ཐོབ་ཐང༌།

༡       ལས་ཤག་གྲལ་རིམ་དང་པོའི་ཀ་པ།

ཀ   ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས།

ཁ   སྤྱི་འཐུས་ཚོགས་གཙོ།

ག   སྲིད་སྐྱོང།

ང   ཚོགས་གཙོ་གཞོན་པ་དང༌། བཀའ་བློན་རྣམ་པ།

༢    ལས་ཤག་གྲལ་རིམ་དང་པོའི་ཁ་པ།

ཀ   རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ།

ཁ   སྤྱི་འཐུས་རྒྱུན་ལས་རྣམ་པ།

༣   ལས་ཤག་གྲལ་རིམ་གཉིས་པའི་ཀ་པ།

འགན་འཛིན་སྡེ་ཚན་གྱི་དྲུང་ཆེ།

༤   ལས་ཤག་གྲལ་རིམ་གཉིས་པའི་ཁ་པ།

འགན་འཛིན་སྡེ་ཚན་གྱི་དྲུང་ཆེ་ལས་འཕར་དང་ཟུང་དྲུང་བཅས།

༥   ལས་ཤག་གྲལ་རིམ་གསུམ་པ།

འགན་འཛིན་སྡེ་ཚན་གྱི་དྲུང་གཞོན་དང༌། དྲུང་གཞོན་ལས་རོགས།

༦   ལས་ཤག་གྲལ་རིམ་བཞི་པ།

ལས་བྱའི་སྡེ་ཚན་གྱི་སྡེ་ཚན་འགན་འཛིན། ལས་ཁུངས་དོ་དམ་པ། ལས་དྲུང་བཅས།

༧   ལས་ཤག་གྲལ་རིམ་ལྔ་པ།

ལས་བྱའི་སྡེ་ཚན་གྱི་རྒན་དྲུང་དང༌། གཞོན་དྲུང༌། ལས་བྱ་བཅས།

དོན་ཚན་བདུན་པ།       ལས་ཤག་བགོ་འགྲེམས།

༡    ལས་བྱེད་གང་ཞིག་དངོས་སུ་ས་གནས་སུ་ལས་བཅར་ཞུས་ཉིན་ནས་ལས་ཤག་དགོས་གལ་ནམ་བྱུང་སྐབས་ལས་ཤག་ཆེད་ས་ཁང་བདག་གཉེར་ཁང་དུ་སྙན་ཞུ་འབུལ་དགོས། ལས་ཤག་གྲལ་རིམ་སྟོང་པ་མེད་ཚེ་སྒུག་ཐོའི་ནང་བཞག་སྟེ་ཁང་དོད་དུས་ནས་དུས་སུ་གཏན་འབེབས་ལྟར་ཞུ་ཆོག སྙན་ཞུ་མ་ཕུལ་བའི་རིགས་ལ་ཁང་དོད་ཞུ་སྤྲོད་མི་ཆོག ལས་ཤག་བགོ་སྤྲོད་སྐབས་འཛིན་ཆས་ཐོ་གཞུང་འགེངས་ཤོག་བསྐངས་ཏེ་ས་ཁང་བདག་གཉེར་འགན་འཛིན་ལ་འབུལ་དགོས། དམིགས་བསལ་དཀའ་ངལ་དབང་གིས་ལས་ཤག་སྒུག་ཐོའི་ནང་ཡོད་ལས་བྱེད་ལས་ཤག་གྲལ་རིམ་དང་སྒུག་ཐོའི་གནས་སྟངས་གཅིག་པ་ཕན་ཚུན་དཀའ་སེལ་སླད་གཉིས་མོས་ཞུ་སྙན་ཕུལ་འབྱོར་བྱུང་རིགས་ལ་ཞུ་དོན་ལྟར་ལས་ཤག་སྒུག་ཐོ་བང་རིམ་སྔ་རྟིང་བརྗེ་བསྒྱུར་ཆོག་རྒྱུ།

༢ ས་ཁང་བདག་གཉེར་འགན་འཛིན་ནས་དགོས་གལ་ནམ་བྱུང་ལ་སྙན་ཤོག་ཇི་འབྱོར་གྱི་སྒུག་ཐོ་མཚན་རིམ་ཐོབ་ཐང་གི་ཁང་པའི་གྲལ་རིམ་ལྟར་སོ་སོར་བཟོས་ཏེ་ལས་ཤག་བགོ་འགྲེམས་ཚོགས་ཆུང་ལ་འབུལ་རྒྱུ། དེ་མཚུངས་ལས་ཤག་སྟོང་པ་ཇི་ཡོད་དང༌། ཟླ་བ་རྗེས་མའི་ནང་སྟོང་པ་ཐོན་ངེས་ཇི་ཡོད་ཀྱི་ཐོ་གསལ་བགོ་འགྲེམས་ཚོགས་ཆུང་ལ་འབུལ་དགོས།

༣   ཕྱོགས་མཐའི་ལས་བྱེད་གང་ཞིག་དབུས་སུ་གནས་སྤོས་ཀྱིས་ལས་བཅར་ཞུ་ཉིན་ནས་ཉིན་ ༡༥ ནང་ཚུན་སྙན་ཞུ་ཕུལ་བསྟུན་ལས་ཤག་མ་ཐོབ་པའི་སྒུག་ཐོ་དང་པོར་འཇོག་ཆོག དེ་ལྟར་བཞག་ཟིན་རྗེས་ཕན་ཚུན་བརྗེ་བསྒྱུར་ནམ་ཡང་མི་ཆོག འོན་ཀྱང་རང་དང་འདོད་གཅིག་ནང་མི་སུ་རུང་ལ་ལས་ཤག་ཡོད་ཚེ་སྒུག་ཐོ་སྤྱི་མཚུངས་ནང་འཇོག་དགོས།

༤   ལས་བྱེད་གང་ཞིག་གནས་སྤར་གྱིས་ལས་ཤག་གྲལ་རིམ་གོང་མའི་ཐོབ་ཐང་ཅན་དུ་གྱུར་རིགས་གྲལ་རིམ་གོང་མའི་སྒུག་ཐོ་ནང་གནས་སྤར་གྱི་ཚེས་ཆ་གོ་རིམ་གཞི་བཟུང་འགོད་རྒྱུ་དང་། དེ་རིགས་ལ་གྲལ་རིམ་གོང་མའི་ལས་ཤག་བགོ་འགྲེམས་བྱུང་མཚམས་ཀ་ཀོར་མེད་པར་ལས་ཤག་རྩིས་ལེན་གྱིས་ལས་ཤག་རྙིང་པ་སྟོང་པ་བཟོ་དགོས་རྒྱུ།

༥   སྤྱིར་བཏང་ལས་བྱེད་རྣམས་ལ་རང་གི་ཐོབ་ཐང་དང་འཚམས་པའི་ལས་ཤག་གྲལ་རིམ་བགོ་འགྲེམས་དགོས་ཀྱང༌། གནས་རིམ་དང་མཚུངས་པའི་ལས་ཤག་མེད་ཚེ་གྲལ་རིམ་གོང་འོག་གང་རུང་ལ་ལས་ཤག་སྟོང་པ་ཡོད་ན་འཕྲལ་སེལ་སྤྲོད་འཐུས། ལས་ཤག་བགོ་འགྲེམས་ཚོགས་ཆུང་གིས་སྒུག་ཐོ་དང་ལས་ཤག་སྟོང་པའི་ཐོ་གཞིར་བཟུང་ཞིབ་འཇུག་གིས་ལས་ཤག་བགོ་འགྲེམས་བྱ་རྒྱུ།

༦   ས་ཁང་བདག་གཉེར་ཁང་གིས་ལས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་གཞིར་བཟུང་བཀོད་ཁྱབ་གནང་ཟིན་རིགས་ནས་འགྲིག་མིན་ཀ་ཀོར་ཞུ་མི་ཆོག གལ་ཏེ་དེ་ལྟར་བྱུང་ཚེ་དོ་བདག་ལ་དགོས་གལ་མེད་པའི་ངོས་འཛིན་དང༌། ཁང་དོད་ཀྱང་ཞུ་སྤྲོད་མི་ཆོག

༧   ལས་ཤག་ཁང་འཕྲོས་མེད་སྐབས་ཟླ་རེའི་སྒུག་ཐོ་རྣམས་ཟླ་གྲངས་གོང་རིམ་བཞིན་གཅིག་མཇུག་གཉིས་མཐུད་ཀྱིས་སྒུག་ཐོ་བཟོ་རྒྱུ་དང༌། སླད་ཁང་ཁུངས་ཐོན་རིམ་བཞིན་སྒུག་ཐོའི་གོ་རིམ་གཞིར་བཟུང་ལས་ཤག་བགོ་འགྲེམས་བྱ་རྒྱུ།

༨ རྒྱུ་མཚན་དམིགས་བསལ་དབང་གིས་ལས་བྱེད་སུ་ཞིག་སྒུག་ཐོའི་གོ་རིམ་ནང་སྒུག་མ་དགོས་པར་དམིགས་བསལ་ཐོད་བརྒལ་གྱིས་ལས་ཤག་བགོ་འགྲེམས་བྱ་དགོས་རིགས་ལ་ལས་ཤག་བགོ་འགྲེམས་ཚོགས་ཆུང་གི་རྒྱུ་མཚན་གསལ་འཁོད་རྒྱབ་གཉེར་བྱུང་མཚམས་བཀའ་ཤག་གིས་འོས་མིན་ཞིབ་འཇུག་ཐག་གཅོད་བྱ་རྒྱུ།

༩   ས་གནས་གཅིག་ཏུ་ལས་ཤག་ཐ་དད་དུ་ཡོད་བཞིན་པའི་ལས་བྱེད་གཉིས་གཉེན་སྒྲིག་བྱས་ཚེ་དུས་ཡུན་ཟླ་གཅིག་ནང་ལས་ཤག་གཅིག་ཏུ་ཟླ་བསྒྲིལ་བྱེད་དགོས་ཤིང༌། ཁྱོ་ཤུག་སུའི་ལས་ཤག་ཏུ་ཟླ་བསྒྲིལ་བྱ་རྒྱུར་རང་མོས་ཀྱིས་འདེམས་འཐུས།

༡༠ ཁྱོ་ཤུག་མིན་ཡང་འདོད་གཅིག་ཐབ་གཅིག་གི་མི་ཚང་གཅིག་ནས་ལས་བྱེད་གཅིག་ལས་མང་བ་ཡོད་ཚེ་ལས་ཤག་དང་ཁང་དོད་གཅིག་ལས་མང་བ་བགོ་འགྲེམས་མི་ཆོག་ཁར་ཟླ་བསྒྲིལ་ལམ་མཉམ་སྡོད་གནང་མཁན་གྱི་གཞུང་བསྐོས་དང༌། ཟུར་སྐྱོང༌། རང་ཁོངས་ལས་བྱེད་སུ་ལ་ཡང་ལས་ཤག་དང༌། ཁང་དོད་སྡེ་ཚན་གཅིག་ནས་མ་གཏོགས་ཞུ་སྤྲོད་མི་ཆོག ཡང་ལས་བྱེད་གང་ཞིག་ཀི་ལོ་མི་ཊར་ ༥ ནང་ཚུན་རང་གི་བཟའ་ཡར་ཁྱབ་ཁོངས་ཟུར་སྐྱོང་སྡེ་ཚན་ཞིག་ནས་ལས་ཤག་ཐོབ་ཡོད་པའི་ནང་མཉམ་སྡོད་བྱེད་པས་འགྲིག་ངེས་ཡོད་ན་ལས་ཤག་གནང་རྒྱུ་མིན་ཅིང༌། ཟུར་སྐྱོང་སྡེ་ཚན་ནས་ཐོབ་པའི་ལས་ཤག་ཁང་ཁུངས་ཆུང་རྐྱེན་གྱིས་མ་སྤོ་ཐབས་མེད་གྱུར་ཚེ་ལས་ཤག་ཞུ་འཐུས་ཀྱང་ཟུར་སྐྱོང་སྡེ་ཚན་ནས་ཐོབ་པའི་ལས་ཤག་ཕྱིར་འབུལ་ཞུས་པའི་ངོས་སྦྱོར་ནང་སྲིད་ས་ཁང་བདག་གཉེར་ཁང་ངམ་ས་གནས་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཚོགས་ཆུང་གང་རུང་ལ་འབུལ་དགོས། ལས་ཤག་ཐོབ་ཐང་གཅིག་ལས་ཕྱོགས་གཉིས་ཀ་ནས་ལེན་ཉར་མི་ཆོག གལ་ཏེ་ཟུར་སྐྱོང་སྡེ་ཚན་དུ་བཟའ་ཡའི་ལས་ཤག་ནང་མཉམ་སྡོད་བྱས་ཚེ་ཁང་དོད་ཞུ་སྤྲོད་མི་ཆོག

༡༡  ལས་བྱེད་སུའང་རང་གི་ལས་འཁུར་ཞུ་སའི་ལས་ཁུངས་ནས་ས་ཐག་ཀི་ལོ་མི་ཊར་ལྔ་ཡི་ནང་ཚུན་རང་ཉིད་དམ། རང་དང་འདོད་གཅིག་ཐབ་གཅིག་གི་རང་བདག་ཁང་པ་ཡོད་ཚེ་གཞུང་གི་ལས་ཤག་ཞུ་རྒྱུའི་ཐོབ་ཐང་མེད་ཅིང༌། དེ་རིགས་ལ་རང་ཁྱིམ་དོད་སྐབས་མཚམས་སོ་སོར་བཀའ་ཤག་ནས་གཏན་འབེབས་ལྟར་འཐོབ་རྒྱུ། ལས་ཤག་ཏུ་ཡོད་པའི་ལས་བྱེད་གང་ཞིག་རང་ཉིད་དམ། རང་དང་འདོད་གཅིག་ཐབ་གཅིག་གི་ཁྱིམ་མི་གང་རུང་མིང་ཐོག་རང་བདག་ཁང་པ་གསར་རྒྱག་གམ་སྤུས་ཉོ་བྱས་ཚེ་ཟླ་བ་གསུམ་གྱི་དུས་ཡུན་ནང་ལས་ཤག་ཕྱིར་འབུལ་ཞུ་དགོས།

༡༢ ལས་བྱེད་གཉིས་ལས་ཤག་གཅིག་ནང་མཉམ་སྡོད་ཡོད་ན་ལས་བྱེད་གནས་རིམ་མཐོ་བའི་སྒྲིག་གསལ་ལས་ཤག་ཕྱིར་འབུལ་དགོས་རིགས་ནས་ཕྱིར་འབུལ་གྱིས་གནས་རིམ་དམའ་བ་དེ་ལས་ཤག་སྒུག་ཐོའི་བང་རིམ་དང་པོར་འཇོག་དགོས། དེ་ཡང་སོ་སོའི་གནས་རིམ་ལྟར་ལས་ཤག་མ་ཐོབ་བར་ཁང་དོད་ཞུ་སྤྲོད་ཆོག་རྒྱུ།

 དོན་ཚན་བརྒྱད་པ།       ལས་ཤག་ནང་གནས་སྡོད་དང༌། ལས་ཤག་ཐོབ་དོད།

༡    ལས་བྱེད་སུའང་ལས་ཤག་བགོ་འགྲེམས་ཀྱི་བཀོད་ཁྱབ་ཡི་གེ་ཐོབ་ཉིན་ནས་བཟུང་ཉིན་ ༡༥ ནང་ཚུན་བགོ་འགྲེམས་བྱས་པའི་ལས་ཤག་ནང་སྤོས་ཟིན་པ་དགོས། ཅི་སྟེ་ཉིན་ ༡༥ ནང་མ་སྤོས་ཚེ་བགོ་འགྲེམས་བཀོད་ཁྱབ་ཕྱིར་བསྡུ་ཟིན་པར་ངོས་འཛིན་བྱ་རྒྱུ་མ་ཟད། དེ་ཉིན་ནས་བཟུང་ཟླ་བ་ ༡༢ ནང་ཡང་བསྐྱར་ལས་ཤག་དང་ཁང་དོད་ཞུ་རྒྱུའི་ཐོབ་ཐང་མེད། ཟླ་བ་ ༡༢ ཀྱི་དུས་ཚོད་རྫོགས་མཚམས་བསྐྱར་དུ་སྙན་ཞུ་གསར་པ་འབུལ་དགོས།

༢    ལས་ཤག་རྩིས་ལེན་སྐབས་གཏན་འབེབས་འགེངས་ཤོག་སྟེང་དོ་བདག་གི་ས་རྟགས་འགོད་རྒྱུ་དང༌། ལས་ཤག་ལ་ཙག་ཙིག་བཟོ་བཅོས་དགོས་རིགས་ཐོ་འགོད་སྙན་ཞུ་ཕུལ་བསྟུན་དགོས་གལ་ལ་གཞིགས་པའི་ས་ཁང་བདག་གཉེར་ནས་ཉམས་གསོ་གནང་རྒྱུ། དེ་རྗེས་དོ་བདག་གནས་ཡུན་རིང་ལས་ཤག་ནང་ཆག་སྐྱོན་མི་ཡོང་བའི་དམ་དོན་དགོས་ཐོག་དེ་རིགས་བྱུང་ཚེ་དོ་བདག་སོ་སོས་བཟོ་བཅོས་དགོས་པ་ཡིན། ལས་ཤག་ནང་ཆུ་གློག་ལ་བསྲི་ཚགས་དང༌། རང་ཉིད་ཀྱི་ཁང་ཐོག་དང༌། ལས་ཤག་གཡས་གཡོན་ཕི་ཀྲི་བཅོ་ལྔའི་རྒྱང་ཚད་ཀྱི་གཙང་སྦྲ་འཕྲོད་བསྟེན། ཤིང་སྣ། མེ་ཏོག་འདེབས་ཡུལ་ཡོད་རིགས་ནས་དོ་འཁུར་འགན་ལེན་ཞུ་གལ། ལས་ཤག་ནང་དོ་བདག་ནས་བཟོ་བཅོས་ཆེ་བའི་རིགས་དང༌། དཀར་རྩི་གང་བྱུང་གཏོང་ཐལ་མི་ཆོག་ཅིང༌། གལ་ཏེ་དགོས་གལ་ཆེ་ཆགས་བྱུང་ཚེ་ས་ཁང་བདག་གཉེར་ཁང་དུ་བཀའ་འཁྲོལ་ཆོག་མཆན་ངེས་ཞུ་དགོས་པ་ལས་བཀའ་འཁྲོལ་མེད་པའི་བཟོ་བཅོས་མི་ཆོག་པ་དང༌། རང་ཉིད་ལས་ཤག་ཏུ་མ་བསྡད་པར་དགའ་གཉེན་སོགས་འཇོག་པའམ། ཁང་གླར་གཏོང་རིགས་གཏན་ནས་མི་ཆོག

༣   བགོ་འགྲེམས་བྱས་པའི་ལས་ཤག་ཕན་ཚུན་བརྗེ་བསྒྱུར་ནམ་ཡང་མི་ཆོག ཅི་སྟེ་གྲལ་རིམ་གཞིར་བཟུང་ཐོབ་པའི་ལས་ཤག་ནང་འཕྲོད་མིན་སོགས་ཀྱི་གནད་དོན་བྱུང་ཚེ་དངོས་ཡོད་རྒྱུ་མཚན་དན་རྟགས་དང་སྦྲགས་བསྐྱར་དུ་སྙན་ཞུ་ཕུལ་བསྟུན་ལས་ཤག་བགོ་འགྲེམས་ཚོགས་ཆུང་ནས་དཔྱད་ཞིབ་ཀྱིས་རྒྱུ་མཚན་དངོས་ཡོད་མཐོང་མཚམས་སྒུག་ཐོ་ཟུར་འཇོག་གིས་གྲལ་རིམ་དེའི་ནང་ལས་ཤག་སྟོང་པ་ཐོན་ཚེ་བརྗེ་བསྒྱུར་ཆོག་རྒྱུ། འོན་ཀྱང་སྙན་ཞུ་ཐེངས་གཅིག་ལས་མང་བ་འབུལ་མི་ཆོག

དོན་ཚན་དགུ་པ།        ལས་ཤག་ཕྱིར་འབུལ།

༡    སྒྲིག་གཞི་འདིའི་ཁྱབ་ཁོངས་སུ་གཏོགས་པའི་ལས་ཤག་བགོ་འགྲེམས་བྱུང་བ་སུའང་ལས་དུས་རྗོགས་པ་དང༌། བགྲེས་ཡོལ་ཐོན་པ། རྩ་དགོངས་ཞུས་པ། གནས་དབྱུང་བྱས་པ་བཅས་ཀྱི་སྐབས་ལས་དོན་མཚམས་འཇོག་བྱས་པའི་ཉིན་མོ་ནས་བཟུང་མང་མཐར་ཟླ་བ་གཉིས་ནང་ལས་ཤག་ས་ཁང་བདག་གཉེར་འགན་འཛིན་ལ་རྩིས་འབུལ་ཞུ་དགོས།

༢ ལས་བྱེད་གང་ཞིག་ལས་འཁུར་ཞུ་བཞིན་པའི་སྐབས་འདས་གྲོངས་སུ་གྱུར་ཚེ་དེའི་ནང་མིར་ལོ་འཁོར་འདས་མཆོད་བར་ཐོབ་དོད་མ་དགོས་པར་ལས་ཤག་ཏུ་རང་འཇགས་བསྡད་འཐུས་དང༌། ལོ་མཆོད་གཙང་འཕྲལ་ལས་ཤག་གླེང་མེད་ཕྱིར་འབུལ་ངེས་ཞུ་དགོས་རྒྱུ།

༣   གཞུང་འབྲེལ་སློབ་སྦྱོང་དུ་གཏོང་དགོས་བྱུང་རིགས་མང་མཐའ་ལོ་གཅིག་རིང་ལས་ཤག་རང་འཇགས་དང༌། དེ་ལས་བརྒལ་བར་ལས་ཤག་བདག་ཉར་མི་ཆོག

༤   སྒྲིག་དོན་བཞིན་གཞུང་འབྲེལ་མིན་པའི་སློབ་སྦྱོང་གི་གུང་གསེང་དང༌། དམིགས་བསལ་ཕོགས་མེད་གུང་གསེང་ལ་དུས་ཡུན་ཉིན་གྲངས་བརྒྱ་དང་བརྒྱད་ཅུ་ནང་ཚུན་ཡིན་ན་འདོད་གཅིག་ནང་མི་ཡོད་མེད་ལ་མ་ལྟོས་པར་སྡོད་ཤག་རང་གནས་ཆོག་རྒྱུ།

༥   ཉིན་གྲངས་བརྒྱ་དང་བརྒྱད་ཅུའི་དུས་ཡུན་ལས་བརྒལ་བའི་གུང་གསེང་ཞུས་རིགས་ལ་ལོ་གཅིག་གི་དུས་ཡུན་ནང་ལས་བཅར་ཞུས་ཚེ་ཐོག་མའི་ཟླ་དྲུག་ཕུད། འཕྲོས་ཉིན་གྲངས་ཇི་སོང་ལ་སྒྲིག་གཞི་དོན་ཚན་ ༩ པའི་ནང་གསེས་ ༩ པ་ལྟར་ཁང་དོད་ཕུལ་ཏེ་ལས་ཤག་བདག་ཉར་བྱེད་ཆོག ཁང་དོད་ཇི་འབབ་ཀྱི་བརྒྱ་ཆ་ ༥༠ གུང་གསེང་དུ་མ་ཐོན་གོང་སྒྲུབ་འབུལ་ཞུ་དགོས། ལོ་གཅིག་ནང་ལས་བཅར་མ་ཞུས་ཚེ་ཁང་དོད་འཕྲོས་གཟིགས་གསོལ་དང་གསོག་དངུལ་གང་རུང་ནས་གཅོག་འཐེན་གྱིས་ལས་ཤག་ཕྱིར་བསྡུ་བྱ་རྒྱུ། གོང་གསལ་ལྟར་ལས་ཤག་བདག་ཉར་བྱེད་འདོད་མེད་རིགས། འདོད་གཅིག་ནང་མི་ཡོད་མེད་ལ་མ་ལྟོས་པར་གུང་གསེང་དུ་ཐོན་ཉིན་ནས་ཟླ་གྲངས་གཅིག་ནང་ཚུན་ལས་ཤག་ཕྱིར་འབུལ་ཟིན་པ་དགོས། གཟིགས་གསོལ་འཐོབ་རྒྱུའི་ཞབས་ལོ་མ་ལོན་པ་དང༌། གསོག་དངུལ་གྱི་ཐོབ་ཐང་མེད་པའི་ལས་བྱེད་རིགས་ལ་གོང་གསལ་སྒྲིག་གཞིས་མ་ཁྱབ་པས། ལས་ཤག་གུང་གསེང་ཐོན་ཉིན་ནས་ཉིན་གྲངས་བཅོ་ལྔའི་ནང་ཕྱིར་འབུལ་དགོས།

༦   དབུས་དང༌། ཕྱོགས་མཐར་ལས་བྱེད་གང་ཞིག་གནས་སྤོས་དང་ཞབས་གཡར་འགྲོ་རྒྱུའི་བཀོད་ཁྱབ་བྱུང་སྐབས་ཐོན་ཉིན་ནས་དོ་བདག་སོ་སོས་ལས་ཤག་དང་ཐོ་གསལ་འཛིན་ཆས་ཁག་ས་ཁང་བདག་གཉེར་ཁང་དུ་རྩིས་འབུལ་ཞུ་དགོས། འོན་ཀྱང་གནད་དོན་གང་རུང་གིས་དགོངས་བཞེས་དགོས་གལ་བྱུང་ན་སྙན་ཞུ་དང་སྦྲགས་ཞིབ་འཇུག་གིས་ཉིན་གྲངས་དྲུག་ཅུ་བར་བཞག་ཆོག་ཀྱང༌། དེ་ལས་བརྒལ་བའི་འགྱངས་ཆ་ཞུ་སྤྲོད་མི་ཆོག ཅི་སྟྟེ་ལས་ཤག་རྩིས་སྤྲོད་མ་བྱས་པར་རྡོག་ཐོན་གྱིས་འཛིན་ཆས་སོགས་ཚང་མིན་གྱི་རིགས་ལ་དོ་བདག་སོ་སོའི་གསོག་དངུལ་དང་གླ་ཕོགས་གང་རུང་ནས་གཅོག་རྒྱུ།

༧   གུང་གསེང་གཅིག་མཇུག་གཉིས་མཐུད་ཀྱིས་ཟླ་བ་དྲུག་ནས་བརྒལ་ཚེ་བརྒལ་ཉིན་ནས་ལས་ཤག་ཕྱིར་བསྡུ་བྱ་རྒྱུ།

༨ གོང་གསལ་ལས་ཤག་ཕྱིར་འབུལ་ཞུ་དགོས་ཀྱི་ལས་བྱེད་གང་ཞིག་རང་ཉིད་ཀྱི་བུ་ཕྲུག་ས་གནས་དེའི་སློབ་གྲྭ་ཞིག་གི་ཉིན་སློབ་ཡིན་ཚེ་ལོ་དེའི་མཐའ་མའི་ཡིག་རྒྱུགས་མ་ཟིན་བར་ལས་ཤག་འཆར་ཅན་ཐོབ་དོད་ཀྱི་ཐོག་བདག་ཉར་ཆོག་པའི་བཀའ་འཁྲོལ་ཞུ་འཐུས་དང༌། བུ་ཕྲུག་རྣམས་ཀྱི་མཐའ་མའི་ཡིག་རྒྱུགས་ཟིན་པའི་དུས་ཚེས་ནས་ཉིན་བཅུའི་ནང་ལས་ཤག་ཕྱིར་འབུལ་ཞུ་དགོས། འོན་ཀྱང་རྩ་དགོངས་ཞུས་པ་དང༌། གནས་དབྱུང་བཏང་བ་ལ་ཐོབ་ཐང་མེད།

༩   དོན་ཚན་འདིའི་ནང་གསེས་དང་པོ་ནས་ལྔ་པ་བར་གྱི་ལས་ཤག་ཕྱིར་འབུལ་ཞུ་དགོས་དུས་ཡུན་སོ་སོའི་ནང་ལས་ཤག་ཕྱིར་འབུལ་མ་ཞུས་ཚེ། ས་ཁང་བདག་གཉེར་ཁང་ནས་གནས་ཚུལ་བྱུང་བསྟུན་འབྲེལ་ཡོད་ལས་ཁུངས་ནས་ཟླ་བ་གཅིག་རིང་ཁང་དོད་ཕི་ཀྲི་གྲུ་བཞི་མ་རེ་ལ་ཧིན་སྒོར་ ༡༠ དང༌། ཟླ་བ་གཅིག་བརྒལ་ཉིན་ནས་གུང་གསེང་ཁྱོན་ལོ་གཅིག་མ་ཟིན་བར་གྱི་ཟླ་གྲངས་ཇི་སོང་ལ་ཟླ་རེར་ཁང་དོད་ཕི་ཀྲི་གྲུ་བཞི་མ་རེར་ཧིན་སྒོར་ ༤༠ འབབ་དོ་བདག་སོ་སོའི་ཕོགས་སམ། གཟིགས་གསོལ། གསོག་དངུལ་གང་རུང་ནས་གཅོག་འཐེན་གྱིས་སྒུག་ཆོག དེའི་ནང་ལས་བཅར་ཞུས་ཚེ་ལས་ཤག་རང་འཇགས་གནས་རྒྱུ། དེ་ལས་བརྒལ་ཚེ་ལས་ཤག་བགོ་འགྲེམས་ཚོགས་ཆུང་གི་ལྟ་སྐྱོང་འོག་ལས་ཤག་སྟོང་པ་བཟོས་ཏེ་སྒེར་གྱི་འཛིན་ཆས་ཇི་ཡོད་ཐོ་འགོད་ཀྱིས་ཟུར་འཇོག་དང༌། ལས་ཤག་ལས་བྱེད་གཞན་ལ་བགོ་འགྲེམས་བྱ་རྒྱུ།

༡༠  སྒྲིག་གཞི་དོན་ཚན་ ༡ ནང་གསེས་ ༢ པ་ནང་གསལ་གྱི་ལས་ཤག་ཐོབ་རིགས་དང༌། ལས་བྱེད་ལས་དུས་རྫོགས་པ། བགྲེས་ཡོལ། དགོངས་ཞུས། གནས་དབྱུང་བཅས་ལ་ལས་ཤག་ཕྱིར་འབུལ་ཟིན་པའི་ངོས་སྦྱོར་ས་ཁང་བདག་གཉེར་ཁང་ནས་མ་བྱུང་བར་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་གསོག་དངུལ་དང༌། བགྲེས་ཕོགས། དངུལ་འབབ་སྤྲོད་བསྡད་གཞན་གང་ཡང་སྤྲོད་ཐལ་མི་ཆོག་ཅིང༌། གནས་སྤོས་སོང་རིགས་དུས་བཀག་ནང་ཚུན་ལས་ཤག་ཕྱིར་འབུལ་མ་ཞུས་ཚེ་གོང་གསལ་དོན་ཚན་ ༩ པའི་ནང་གསེས་ ༩ པ་ལྟར་ལག་བསྟར་བྱ་འཐུས།

༡༡ ལས་བྱེད་གང་ཞིག་གནས་དབྱུང་བྱས་པར་ཁྲིམས་ཁང་ནང་ཞུ་གཏུགས་ཀྱིས་གལ་སྲིད་ཁྲིམས་ཁང་ནས་ལས་ཤག་གནས་སྐབས་རྩིས་སྤྲོད་མི་དགོས་པའི་བཀོད་ཁྱབ་གནང་ཚེ་ཁྲིམས་ཁང་ནས་གྱོད་ཐག་མ་ཆོད་བར་ལས་ཤག་ནང་བསྡད་ཆོག

དོན་ཚན་བཅུ་པ།        དམིགས་བསལ་ཁང་གླ།

༡    ལས་ཤག་གྲལ་རིམ་དང་པོའི་ཀ་པའི་ཐོབ་ཐང་ཅན་རྣམས་རྡ་སར་རང་བདག་བཞུགས་ཁང་མེད་ཚེ། ལས་ཤག་ངེས་པར་འབུལ་དགོས་གྲས་ཡིན་པས་ཁང་ཁུངས་ཐོན་མིན་བྱུང་ཚེ་གྲལ་རིམ་དང་པོའི་ལས་ཤག་གི་རྒྱ་ཁྱོན་ལས་མི་བརྒལ་བའི་སྒེར་ཁང་ངམ། མགྲོན་ཁང་ཁང་གླར་བླངས་ཏེ་དེའི་ཡུལ་ཐང་ཁང་གླ་ཐད་ཀར་ཁང་བདག་ལ་སྤྲོད་དགོས།

༢    དེ་འཕྲོས་ལས་བྱེད་ལས་ཤག་མ་ཐོབ་པའི་རིགས་ལ་བཀའ་ཤག་ནས་དུས་སྐབས་སོ་སོར་གཏན་འབེབས་བྱས་པའི་ཁང་དོད་ལས་ཡུལ་ཐང་ཁང་གླ་ཐོབ་ཐང་མེད། ལས་ཤག་མ་ཞུས་པ་དང་ལས་ཤག་སྤྲད་ཀྱང་མ་བླངས་པར་ཁང་པ་སྒེར་གཡར་བྱས་རིགས་ལ་ཁང་དོད་ཐོབ་ཐང་མེད།

 དོན་ཚན་བཅུ་གཅིག་པ།   ཆེད་དམིགས་ལས་ཤག

༡    ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས། ཚོགས་གཙོ་དང་ཚོགས་གཞོན། སྲིད་སྐྱོང་དང་། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ལ་ཆེད་དམིགས་ལས་ཤག་བཟོ་སྐྲུན་ཟིན་མཚམས་ནས་ལས་ཤག་དེ་དག་གོ་གནས་རྗེས་འབྲེལ་གྱི་ལས་ཐོག་རྣམ་པ་མ་གཏོགས་ལས་བྱེད་གཞན་ལ་བགོ་འགྲེམས་མི་ཆོག གནས་རིམ་དང་འབྲེལ་བའི་འཛིན་ཆས་ཚད་ལྡན་སྤྲོད་དགོས་པ་དང༌། དོན་ཚན་ ༧ པའི་ནང་གསེས་ ༡༡ དང་འབྲེལ་བ་མེད། ལས་དོན་འཁྱུར་ཚེས་ནས་བཟུང་ཉིན་གྲངས་ ༣༠ ནང་ཚུན་ལས་ཤག་ས་ཁང་བདག་གཉེར་ཁང་ལ་རྩིས་འབུལ་ཞུ་དགོས། དུས་ཐོག་ལས་ཤག་ཕྱིར་འབུལ་མ་ཞུས་ཚེ་ལས་ཤག་བགོ་འགྲེམས་ཚོགས་ཆུང་གི་ལྟ་སྐྱོང་འོག་ལས་ཤག་སྟོང་པ་བཟོས་ཏེ་སྒེར་གྱི་འཛིན་ཆས་ཇི་ཡོད་ཕྱིར་འདོན་རྩིས་སྤྲོད་དང༌། ལས་ཤག་མཛད་གཙོ་ལས་ཐོག་པ་སུ་ཡིན་ལ་བགོ་འགྲེམས་བྱ་རྒྱུ།

༢    སྒྲིག་གསལ་དུས་ཡུན་རིང་ལས་ཤག་མ་ཐོན་ཚེ་གཞུང་ནས་འཕྲལ་སེལ་དོན་ཚན་ ༡༠ པའི་ནང་གསེས་ ༡ ནང་གསལ་ལྟར་མགྲོན་ཁང་ངམ་ཁང་གླ་གོ་སྒྲིག་ཞུ་རྒྱུ།

 དོན་ཚན་བཅུ་གཉིས་པ།   བགྲེས་ཡོལ་ལས་བྱེད་ཀྱི་སྡོད་ཁང༌།

༡    བགྲེས་ཡོལ་ཐོན་པའི་ལས་བྱེད་རྣམས་ལ་སྡོད་ཁང་སྤྲོད་རྒྱུའི་ཆེད་གཞུང་ནས་ཆེད་མངགས་འཛུགས་སྐྲུན་བྱེད་པའམ། ཁང་གླ་ལེན་པ་གང་ཡང་བགྲེས་ཡོལ་བའི་སྡོད་ཤག་ཏུ་ཆེད་དམིགས་ཟུར་བཅད་བྱས་པའི་ཁང་པ་གང་འཚམས་རེ་ས་གནས་གང་འོས་སུ་གོ་སྒྲིག་བྱེད་ཆོག་ཅིང༌། བགྲེས་ཤག་དེ་རིགས་འགན་འཛིན་སྡེ་ཚན་དང༌། ལས་བྱའི་སྡེ་ཚན་དུ་དབྱེ་བའི་གནས་རིམ་སོ་སོར་གཞིགས་པའི་གཞུང་ནས་བགོ་འགྲེམས་ཇི་གནང་ལྟར་འཐོབ་རྒྱུ།

༢    བགྲེས་ཡོལ་ཐོན་པའི་ལས་བྱེད་གང་ཞིག་གཞིས་ཆགས་ཀྱི་ཐོབ་ཐང་མེད་པ་དང༌། ས་གནས་གང་དུའང་རང་བདག་གི་ཁང་པ་མེད་པ་མ་ཟད། བགྲེས་ཡོལ་སྡོད་ཁང་ཡོད་སའི་ས་གནས་ཤིག་ཏུ་རང་ཉིད་གཏན་སྡོད་བྱ་འདུན་ཡོད་ཚེ་བགྲེས་ཡོལ་གྱི་སྡོད་ཁང་ཞུ་ཆོག བགྲེས་ཡོལ་བ་གང་ཞིག་ཆུང་དུས་ཕ་མ་དང་མཉམ་དུ་གཞིས་ཆགས་ཐོབ་ཐང་ཡོད་རུང་ལོ་མང་རྗེས་བཟའ་ཟླ་བུ་ཕྲུག་དང་བཅས་གཞིས་ཆགས་སུ་ཕྱིར་ལོག་གཏན་སྡོད་བྱ་ཡུལ་ཁང་ཁུངས་མེད་པའི་རིགས་ལ་གཞིས་ཆགས་ས་ཁང་དང་བགྲེས་ཤག་གཉིས་གང་རུང་གོ་བརྗེས་ཞུ་ཆོག བགྲེས་ཡོལ་ཐོབ་ཐང་མེད་རིགས་ཀྱིས་བགྲེས་ཤག་ཞུ་མི་ཆོག

༣ ཀ   ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཟླ་དྲུག་རེའི་ནང་བགྲེས་ཡོལ་ཐོན་མཁན་གྱི་མཚན་ཐོ་ཐོན་པ་དང་ཆབས་ཅིག་བགྲེས་ཡོལ་སྡོད་ཁང་ཞུ་མཁན་སོ་སོའི་སྙན་ཞུ་གཏན་འབེབས་འགེངས་ཤོག་ཐོག་བསྐངས་ཏེ་ས་ཁང་བདག་གཉེར་འགན་འཛིན་ལ་འབུལ་དགོས། ས་ཁང་བདག་གཉེར་འགན་འཛིན་གྱིས་སྙན་ཞུ་དེ་དག་འབྱོར་རིམ་ལྟར་སྒུག་ཐོའི་ནང་དེབ་འགོད་བྱེད་དགོས། ཕྱི་རྒྱལ་དུ་གཞིས་སྤོས་ཟིན་པའི་བགྲེས་ཡོལ་བ་ཕུད་བགྲེས་ཡོལ་ཐོན་མཚམས་སྒུག་ཐོ་ནང་གསལ་ལྟར་གནས་རིམ་ལ་གཞིགས་པའི་བགྲེས་ཤག་ཨང་རིམ་བཞིན་འབུལ་རྒྱུ་དང་། ཅི་སྟེ་བགྲེས་ཁང་མེད་པ་དང་། ཡང་སྐབས་དུས་སོ་སོར་བགོ་སྤྲོད་མ་ཐུབ་ཚེ་དུས་ནས་དུས་སུ་བཀའ་ཤག་གིས་གཏན་འབེབས་གནང་བ་ལྟར་ཟླ་རེ་བཞིན་བགྲེས་ཤག་གོ་སྒྲིག་མ་ཐུབ་བར་ཁང་དོད་སྤྲོད་རྒྱུ། གཞིས་ཁང་ཐོབ་ཐང་ཡོད་མེད་ལ་མ་ལྟོས་པར་རང་གི་བགྲེས་ཕོགས་ཇི་ཐོབ་ལོ་བཅུས་སྒྱུར་བའི་དངུལ་འབོར་སྡེབ་གཅིག་ལ་བགྲེས་ཤག་གི་དོད་དུ་ཞུ་སྤྲོད་ཆོག་ཀྱང་འགན་འཛིན་སྡེ་ཚན་གྱི་ལས་བྱེད་རྣམས་ལ་མང་མཐར་ཧིན་སྒོར་འབུམ་བཅུ་དྲུག་དང་ཉི་ཁྲི་ལྔ་སྟོང་དང་ལས་བྱའི་སྡེ་ཚན་གྱི་ལས་བྱེད་རྣམས་ལ་མང་མཐར་ཧིན་སྒོར་འབུམ་བཅུ་བཞི་ལས་མ་བརྒལ་བ་བྱ་དགོས། འདི་རིགས་ལ་དེའི་རྗེས་བགྲེས་ཤག་གི་ཐོབ་ཐང་མེད། ལས་ཤག་སྒྲིག་དོན་ལྟར་ཟླ་གཉིས་ནང་ཚུན་ཕྱིར་འབུལ་ཞུ་དགོས། འོན་ཀྱང་དེ་སྔ་བགྲེས་ཤག་གི་དོད་སྔ་འདོན་ཞུས་ཟིན་རིགས་ནས་གནས་སྟངས་དབང་གིས་བགྲེས་ཤག་ཞུ་དགོས་བྱུང་ན་ས་ཁང་བདག་གཉེར་ཁང་ལ་རྒྱུ་མཚན་དང་བཅས་སྙན་ཞུ་འབུལ་དགོས། བགྲེས་ཤག་གསར་རྒྱག་གམ་སྟོང་པ་བྱུང་ཚེ་བགོ་སྤྲོད་ཆོག་རྒྱུའང་དོ་བདག་ནས་དེ་སྔ་བགྲེས་ཤག་དོད་ཞུ་ལེན་ཇི་བྱས་ཐོག་སྐྱེད་འབབ་བརྒྱ་ཆ་ ༧ བསྣན་ཏེ་ཕྱིར་འབུལ་དགོས་པ་ཡིན།

ཁ   ཕྱི་རྒྱལ་ཡུལ་གྲུར་གཞིས་སྤོས་ཟིན་པའི་བགྲེས་ཡོལ་བ་གང་ཞིག་ཁང་དོད་མུ་མཐུད་ཞུ་བཞིན་པ་རྣམས་ལ་ཡུལ་དུས་གནས་བབ་དང་། ཁྲིམས་དོན་གང་ཅིའི་ཆ་ནས་བགྲེས་ཤག་གོ་སྒྲིག་ཞུ་ཐབས་མེད་པར་བརྟེན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོས་བྱ་གཏན་འཁེལ་བ་དང་བྱེད་ལ་ཉེ་བ་རྣམས་ལ་བགྲེས་ཡོལ་ཐོན་ཉིན་ནས་སྒྲིག་གསལ་བགྲེས་ཤག་གི་དོད་ཞུ་སྤྲོད་ཆོག་རྒྱུ་ལས་ཁང་དོད་དང་བགྲེས་ཤག་གི་ཐོབ་ཐང་མེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོས་ཟིན་པ་གང་ཞིག་ཁང་དོད་ཞུ་མུས་ཡིན་ན། དེ་རྣམས་ལ་སྐབས་དེའི་བགྲེས་ཕོགས་ཐོག་རྩིས་སྐོར་གྱིས་བགྲེས་ཤག་གི་དོད་གཅིག་མཚུངས་འཐོབ་རྒྱུ་ཡིན་ཡང་ལོ་ ༡ ནས་ ༢ ཧྲིལ་པོར་ཁང་དོད་ཞུས་ཟིན་རིགས་ལ་བགྲེས་ཤག་གི་དོད་བརྒྱ་ཆ་ ༧༠ དང་། ལོ་ ༣ ནས་ ༥ ཧྲིལ་པོར་བརྒྱ་ཆ་ ༥༠། ལོ་ ༦ ཧྲིལ་པོར་ཡན་ལ་བརྒྱ་ཆ་ ༣༥ རེ་གནང་སྟེ་ཁང་དོད་གནང་རྒྱུ་མཚམས་འཇོག་དང་བགྲེས་ཤག་སྒུག་ཐོ་ནས་ཀྱང་ཕྱིར་འཐེན་བྱ་དགོས།

༤   བགྲེས་ཡོལ་སྡོད་ཁང་ས་གནས་གར་ཡོད་དུ་སྒུག་ཐོའི་གོ་རིམ་ལྟར་དབུས་ལས་ཤག་བགོ་འགྲེམས་ཚོགས་ཆུང་གིས་བགོ་འགྲེམས་ཆོག

༥   བགྲེས་ཡོལ་སྡོད་ཁང་དུ་ཡོད་པའི་བགྲེས་ཡོལ་བ་སུ་ཞིག་སྡོད་ཁང་ཡོད་སའི་ས་གནས་དེ་ནས་ས་གནས་གཞན་དུ་གནས་སྤོས་བྱས་པའམ། སྡོད་ཁང་དེར་ལོ་རེའི་ནང་ཟླ་བ་དྲུག་ལས་ལྷག་པར་མ་བསྡད་པ། ཡང་ན་རང་ཉིད་དམ། རང་དང་འདོད་གཅིག་གི་ཁྱིམ་མི་གང་རུང་ལ་རང་བདག་སྡོད་ཁང་བྱུང་བ་བཅས་ཀྱི་སྐབས་ཟླ་གཅིག་ནང་ཚུན་བགྲེས་ཡོལ་སྡོད་ཁང་ཕྱིར་འབུལ་ཞུ་དགོས།

༦   ས་གནས་གང་ཞིག་ཏུ་ལན་གཅིག་བགྲེས་ཡོལ་སྡོད་ཁང་བགོ་འགྲེམས་བྱས་ཟིན་པའི་བགྲེས་ཡོལ་བ་ཞིག་ཡང་བསྐྱར་ས་གནས་གཞན་དུ་བགྲེས་ཡོལ་སྡོད་ཁང་ཞུ་སྤྲོད་མི་ཆོག འོན་ཀྱང་བགྲེས་ཡོལ་བ་གཉིས་ཕན་ཚུན་འདོད་མཐུན་གྱིས་སྡོད་ཁང་བརྗེ་ལེན་བྱས་པར་དགག་བྱ་མེད།

༧   ལས་བྱེད་བགྲེས་ཡོལ་བ་སུའང་འདས་གྲོངས་གྱུར་ཚེ་དེའི་རྗེས་ཤུལ་ནང་མིའམ་ཤག་ཚང་གཅིག་པ་ནམ་འཚོའི་བར་བགྲེས་ཤག་ནང་བསྡད་ཆོག་པ་དང་། རྗེས་ཤུལ་ནང་མིའམ་ཤག་ཚང་གཅིག་པར་གཞིས་སྐལ་ཐོབ་པའམ། རང་བདག་ཁང་པ་མཁོ་གྲུབ་བྱུང་བ། དོ་བདག་འདས་གྲོངས་གྱུར་བ་སོགས་བྱུང་ཚེ་དེ་ཉིན་ནས་ཉིན་གྲངས་ ༦༠ ནང་ཚུན་བགྲེས་ཤག་ཕྱིར་འབུལ་ཞུ་དགོས།

༨    བགྲེས་ཡོལ་བ་གང་ཞིག་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དང་བཅས་པའི་ལས་བྱེད་དུ་བསྐྱར་བསྐོ་བྱུང་བ་ཡིན་ན། ལས་དོན་ཞུ་ཡུལ་དེར་ལས་ཤག་ཐོབ་མིན་ལ་མ་ལྟོས་པར། བགྲེས་ཡོལ་སྡོད་ཁང་ཕྱིར་འབུལ་ཞུ་མི་དགོས།

༩   གཞིས་ཆགས་ཐོབ་ཐང་ངོ་བོར་བགྲེས་ཤག་ཞུས་རིགས་ནས་གཞིས་ཁོངས་སོ་སོའི་ཁྲིམས་སྒྲིག་སྲུང་བརྩི་ཞུ་དགོས་པ་ལས། སྒྲིག་གཞི་འདི་དང་བསྟུན་མ་དགོས།

༡༠  བགྲེས་ཡོལ་ཐོན་པ་བགྲེས་ཁང་ཐོབ་འོས་པ་ཞིག་རང་གི་ནང་མི་ལས་བྱེད་ས་གནས་ཉེ་འགྱངས་གང་དུ་ཡོད་པའི་གཞུང་ཁང་ནང་མཉམ་སྡོད་རིང་བགྲེས་ཁང་དོད་སྤྲོད་མི་དགོས།

༡༡  བགྲེས་ཡོལ་བ་སོ་སོའི་བགྲེས་ཤག་གི་ཆུ་གློག་རིན་འབབ་དོ་བདག་སོ་སོས་འགན་འཁུར་གྱིས་ཁུངས་སྤྲོད་ཞུ་དགོས།

དོན་ཚན་བཅུ་གསུམ་པ།   དམིགས་བསལ་ལས་ཤག་དང༌། གཞུང་གི་ས་ཁང་བེད་སྤྱོད་བྱེད་ཕྱོགས།

༡  ཀ    བོད་མིའི་སྒྲིག་འཛུགས་དང་དམིགས་བསལ་འབྲེལ་ཡོད་ཀྱི་སྐུ་མགྲོན་ནམ། གང་ཟག་ཁྱད་པར་བ་སུ་ཞིག་ལ་གཞུང་གི་ལས་ཤག་འབུལ་དགོས་རིགས་ཀྱི་མཚན་དང༌། ཁང་པའི་རྒྱ་ཁྱོན། ལས་ཤག་ཐོབ་དོད་ཀྱི་ཚད། དུས་ཡུན་ཇི་ཙམ་བར་བདག་ཉར་ཆོག་པ་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་འཁོད་པའི་བཀའ་ཤག་གི་ཐག་གཅོད་ཡིག་ཆ་གསལ་པོ་ས་ཁང་བདག་གཉེར་ཁང་དུ་གཏོང་རྒྱུ་དང༌། ས་ཁང་བདག་གཉེར་ཁང་ནས་བཀའ་ཤག་གི་ཐག་གཅོད་གཞིར་བཟུང་ལག་བསྟར་ཞུ་དགོས།

ཁ སྒྲིག་གཞི་འདི་འགོ་འཛུགས་མ་བྱས་པའི་སྔོན་ནས་དམིགས་བསལ་ལས་ཤག་བགོ་འགྲེམས་ཟིན་པ་ད་ལྟ་བདག་ཉར་བྱེད་བཞིན་པའི་རིགས་ཀྱང་སྒྲིག་གཞི་འདི་འགོ་འཛུགས་བྱས་པ་ནས་བཟུང་དོན་ཚན་འདིའི་ནང་གསེས་ ༡ གཞིར་བཟུང་བཀའ་ཤག་གིས་ཐག་གཅོད་ཡི་གེ་སྤྲོད་དགོས།

༢  ཀ    གཞུང་ཁང་གང་ཡང་ལས་ཤག་བགོ་འགྲེམས་དང༌། བགྲེས་ཡོལ་སྡོད་ཁང་བགོ་འགྲེམས་ཀྱི་སྒྲིག་གཞི་ལྟར་བགོ་འགྲེམས་མ་བྱས་པར་སུས་ཀྱང་བདག་ཉར་བེད་སྤྱོད་བྱེད་མི་ཆོག

ཁ   གཞུང་གི་ས་ཆའི་ཐོག་ལས་བྱེད་དམ། གཞན་པ་སུ་ཐད་ནས་འཕྲལ་སེལ་ལམ། གཏན་འཇགས་ཀྱི་ཁང་པ་རྒྱག་པ་དང༌། ཆར་གཡབ་བཟོས་པ། གུར་ཕུབ་པ་ལྟ་བུའི་ཐབས་ལམ་གྱིས་སྡོད་ཤག་དང༌། ལས་གྲྭ། སྒོ་ཕྱུགས་འཇུག་ཡུལ། གནས་ཚུལ་གཞན་གང་རུང་བཅས་ཀྱི་ཆེད་བེད་སྤྱོད་གཏོང་རིགས་རྩ་བ་ནས་མི་ཆོག

ག   སྒྲིག་གཞི་འདི་འགོ་འཛུགས་མ་བྱས་པའི་སྔོན་ནས་དབུས་དང་ས་གནས་གང་དུའང་གཞུང་སའི་ཐོག་སྒེར་གྱིས་འཛུགས་སྐྲུན་བེད་སྤྱོད་བྱས་པ་ཡོད་ཚེ། སྒྲིག་གཞི་འདི་འགོ་འཛུགས་བྱས་པ་ནས་ལོ་གཅིག་གི་ནང་ཚུན་གཞུང་ས་ཕྱིར་འབུལ་དགོས་རྒྱུ་དང༌། དེའི་ཆེད་ཕན་ཚུན་གཉིས་བདེའི་བྱེད་ཕྱོགས་ས་ཁང་བདག་གཉེར་ཁང་ནས་དོ་བདག་སོ་སོར་འཕྲོས་མོལ་གྱིས་ཐག་གཅོད་བྱ་རྒྱུ།

 དོན་ཚན་བཅུ་བཞི་པ།    ལས་ཤག་དང༌། སྡོད་ཁང་ཕྱིར་བསྡུ་བྱ་རྒྱུའི་དབང་ཚད།

ལས་ཤག་དང་བགྲེས་ཡོལ་སྡོད་ཁང༌། དམིགས་བསལ་ལས་ཤག་བཅས་བགོ་འགྲེམས་བྱས་པའི་གཞུང་ཁང་གང་འདྲ་ཞིག་ཡིན་རུང༌། དགོས་གལ་བྱུང་ཚེ་ཟླ་བ་གཅིག་གི་སྔོན་བརྡའི་ཐོག་ཕྱིར་ལེན་བྱ་རྒྱུའི་དབང་ཚད་ཆ་ཚང་བོད་མིའི་སྒྲིག་འཛུགས་ལ་ཡོད།

དོན་ཚན་བཅོ་ལྔ་པ།      སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་མོས་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༧།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།