དོན་ཚན་དང་པོ།         གཟེངས་རྟགས་ཀྱི་མིང༌།

གཟེངས་རྟགས་འདི་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       སྒྲིག་གཞི་འགོ་འཛུགས།

སྒྲིག་གཞི་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཉིན་ནས་དངོས་སུ་རྩ་འཛིན་ལག་བསྟར་བྱ་རྒྱུ།

དོན་ཚན་གསུམ་པ།      གཟེངས་རྟགས་ཀྱི་དམིགས་ཡུལ།

གཟེངས་རྟགས་འདིའི་དམིགས་ཡུལ་ནི།

༡    གཞུང་དོན་སྲི་ཞུའི་ལས་དོན་ཐོག་དམིགས་བསལ་ཧུར་བརྩོན་དང་ལྷག་བློ་ཆེ་བསྐྱེད་ཀྱིས་བྱས་རྗེས་རྩེ་ཕུད་ཐོན་མཁན་རྣམས་ངོས་འཛིན་དང་གཟེངས་བསྟོད་བྱ་རྒྱུ།

༢    དེ་ལ་བརྟེན་ནས་ལས་བྱེད་གཞན་དག་ལ་མིག་དཔེ་དང་སེམས་ཤུགས་བསྐྱེད་པའི་ཆ་རྐྱེན་བསྐྲུན་རྒྱུ།

༣   མང་ཚོགས་ནས་ལས་བྱེད་ལྷག་བསམ་དང་འབད་བརྩོན་ཅན་རྣམས་ཀྱི་ལོ་རྒྱུས་ཤེས་རྟོགས་ཡོང་ཐབས་བཅས། 

དོན་ཚན་བཞི་པ།        གཟེངས་རྟགས་ཀྱི་གྲངས་དང་དངོས་པོ།

ལོ་ལྟར་འགན་འཛིན་སྡེ་ཚན་དང་ལས་བྱའི་སྡེ་ཚན་གཉིས་སོ་སོ་ནས་བྱས་རྗེས་རྩེ་ཕུད་ཅན་གྱི་ལས་བྱེད་རེར་གཟེངས་རྟགས་སུ་གཟེངས་བསྟོད་ལག་འཁྱེར་དང་། མཇལ་དར་ནང་མཛོད། ལེགས་སྐྱེས་ཧིན་སྒོར་ཆིག་ཁྲི་རེ༌གནང་རྒྱུ་དང་། ཞབས་ཡུན་ལོ་གཅིག་སྤར་རྒྱུ།

དོན་ཚན་ལྔ་པ།          གཟེངས་རྟགས་སྤྲོད་ཡུལ་འདེམས་སྒྲུག

༡    བཀའ་བློན་ལས་ཁུངས་སོ་སོའི་འགན་འཛིན་དྲུང་ཆེ་དང་། ཁྱབ་ཁོངས་དང་དམིགས་བསལ་སྡེ་ཚན་སོ་སོའི་དྲུང་ཆེའི་གནས་རིམ་ཅན་གྱི་འགན་འཛིན་རྣམས་ཀྱིས་སོ་སོའི་ཁྱབ་འོག་ལས་བྱེད་ཁག་གི་ཁོངས་ནས་གཟེངས་རྟགས་སྤྲོད་ཡུལ་གྱི་འོས་མི་ཡོད་ཚེ། ལོ་རེའི་ནང་མི་གསུམ་ལས་མ་མང་བའི་ལོ་རྒྱུས་འགེངས་ཤོག་གཏན་འབེབས་ལྟར་བསྐང་སྟེ་ལོ་དེའི་ཕྱི་ཟླ་བཞི་པའི་ཚེས་ ༣༠ ནས་མ་འགྱངས་པར་གཟེངས་རྟགས་འདེམས་སྒྲུག་ཚོགས་ཆུང་ལ་ངེས་པར་འབུལ་ལམ་ཞུ་དགོས།

༢    བཀའ་བློན་ལས་ཁུངས་དང་། དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་ཁག་ཏུ་དྲུང་ཆེའི་གནས་རིམ་ཅན་གྱི་འགན་འཛིན་མེད་སྐབས་དྲུང་ཆེ་ལས་ཚབ་ནས་འབྲེལ་ཡོད་ཁྲིམས་ཞིབ་པ་ཆེ་བ། ཚོགས་གཙོ་སྦྲེལ་པོ། སྲིད་སྐྱོང་། བཀའ་བློན་དང་། རང་དབང་ལྡན་པའི་སྡེ་ཚན་གྱི་ཚོགས་གཙོ་དང་འགན་འཛིན་བརྒྱུད་འབུལ་དགོས། 

དོན་ཚན་དྲུག་པ།        གཟེངས་རྟགས་སྤྲོད་ཡུལ་གྱི་མིང་ཐོར་ཚུད་རྒྱུའི་འོས་ཆོས་གཤམ་གསལ།

༡    ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་བསྐོ་གཞག་གནང་བའི་གཏན་འཇགས་ལས་བྱེད་དང་། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ གོང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱིས་བསྐོ་གཞག་གནང་བའི་ཐད་བསྐོས་ལས་བྱེད། ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༢༩ གོང་བསྐོ་གཞག་བྱས་པའི་དབུས་རང་ཁོངས་ལས་བྱེད་བཅས་གང་རུང་ཡིན་པ།

༢    ཚོད་བལྟའི་དུས་ཡུན་བརྩིས་པའི་ཞབས་ལོ་ལྔ་ཡན་ལོན་པ།

༣   དྲུང་ཆེའི་གནས་རིམ་ཅན་མིན་པ།

༤   འདས་མ་ཐག་པའི་ལོ་གསུམ་གྱི་གསང་སྙན་ནང་བརྗོད་ཚིག་ངན་པ་མེད་པ།

༥   འདས་མ་ཐག་པའི་ལོ་གསུམ་གྱི་ནང་ལས་དོན་མཚམས་འཇོག་དང༌། ལན་འཛུགས་པ་ལྟ་བུའི་སྒྲིག་འཛུགས་ཀྱི་ཉེས་བཀོད་ལས་རིམ་མ་བྱུང་བ།

༦   གཞུང་དངུལ་རྩིས་རྙོག་དང༌འབུལ་ཆད་མེད་པ།

༧   མིང་ཐོ་འབུལ་རྒྱུའི་དུས་ཚེས་ཀྱི་སྔོན་དུ་མིང་ཐོ་གང་ནས་འབུལ་བའི་ལས་ཁུངས་དེའི་ནང་མུ་མཐུད་ཟླ་བ་བཅུ་གཉིས་ལྷག་ལས་དོན་བྱེད་བཞིན་པ།

༨    འདས་མ་ཐག་པའི་ལོ་གསུམ་གྱི་ནང་ལས་བྱེད་དེའི་ལས་འགན་དང་འབྲེལ་བའི་དོན་གནད་སྐོར་སྤྱི་འཐུས་ལྷན་ཚོགས་སུ་སྐྱོན་བརྗོད་ཀྱི་རྣམ་པ་ཅན་གྱི་བགྲོ་གླེང་བྱུང་སྟེ་སྐྱོན་ར་འཕྲོད་པ་མ་ཡིན་པ།

༩    འདས་མ་ཐག་པའི་ལོ་གསུམ་གྱི་ནང་མིང་རྟགས་དང་ཁ་བྱང་གསལ་པོ་འཁོད་པའི་བོད་ཀྱི་ཡུལ་མི་བཅུ་ལས་བརྒལ་བ་མཉམ་འདུས་སམ། རེ་རེའི་ངོས་ནས་གཞི་རིམ་གྱི་དན་རྟགས་ཚང་བའི་སྐྱོན་བརྗོད་ཡིག་ཐོག་ཏུ་གོང་རིམ་ལ་འབུལ་ཡོད་པ་དང་འབུལ་མཁན་མི་ངོ་ར་འཕྲོད་ངོས་ལེན་བྱུང་བ་མ་ཡིན་པ།

༡༠  འདས་མ་ཐག་པའི་ལོ་གསུམ་གྱི་ནང་འབྲེལ་ཡོད་ལས་བྱེད་དམ། སྲིད་སྐྱོང་། བཀའ་བློན། སྤྱི་འཐུས། ཁྲིམས་ཞིབ་པ། རང་དབང་སྡེ་ཚན་ཁག་གི་འགན་འཛིན་བཅས་ཀྱིས་ལས་བྱེད་སོ་སོའི་རང་འཁྲིའི་འཆར་འཕར་ལས་དོན་གང་རུང་གི་ཐོག་ཐུགས་འདོད་མ་ཁེངས་པའི་ཚིག་ཐོ་ཁུངས་ལྡན་ཡིག་ཐོག་ཏུ་བཀོད་པར་དབུས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན་དང༌། ཡང་ན་བཀའ་ཤག་ནས་ངོས་ལེན་ཡོད་པ་མ་ཡིན་པ།

༡༡  རྩིས་པའམ། གཉེར་པ། ཡང་ན་གཏོང་ལེན་འགན་འཛིན་ལྟ་བུའི་རྩིས་དང༌། དཔལ་འབྱོར་གྱི་ལས་དོན་དང་འབྲེལ་ཡོད་ཀྱི་ལས་བྱེད་ཡིན་ན། འདས་མ་ཐག་པའི་ལོ་གསུམ་གྱི་ནང་སྤྱི་འཐུས་ལྷན་ཁང་དུ་ཕུལ་བའི་རྩིས་ཞིབ་སྙན་ཐོའི་ནང་གཞུང་དངུལ་གྱོང་གུན་སོང་བའི་སྐྱོན་བརྗོད་ཡོད་པ་མ་ཡིན་པ། 

དོན་ཚན་བདུན་པ།       གཟེངས་རྟགས་སྤྲོད་ཡུལ་འདེམས་སྒྲུག་ཚོགས་ཆུང༌།

ལོ་རེའི་གཟེངས་རྟགས་སྤྲོད་ཡུལ་གྱི་ལས་བྱེད་གཉིས་འདེམས་སྒྲུག་ཆེད་འདེམས་སྒྲུག་ཚོགས་ཆུང་ཞིག་དགོས་པ་གཤམ་གསལ།

༡    ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོས། ཚོགས་གཙོ།

༢    སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ། ཚོགས་གཞོན།

༣   ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་གཉིས། ཚོགས་མི།

༤   བཀའ་དྲུང༌། ཚོགས་མི་ / ཚོགས་དྲུང༌།

དོན་ཚན་བརྒྱད་པ།       འདེམས་སྒྲུག་ཚོགས་ཆུང་གི་ཚོགས་འདུ།

༡    བཀའ་དྲུང་ཡིག་ཚང་ནས་ལོ་ལྟར་ཕྱི་ཟླ་ལྔ་པའི་བདུན་ཕྲག་དང་པོའི་ནང་འདེམས་སྒྲུག་ཚོགས་ཆུང་ལྷན་ཚོགས་གནང་སྟེ། གཟེངས་རྟགས་སྤྲོད་ཡུལ་གྱི་ལས་བྱེད་འདེམས་སྒྲུག་ལས་དོན་འགོ་འཛུགས་བྱ་རྒྱུ།

༢    འོས་མིའི་ལོ་རྒྱུས་འགེངས་ཤོག་དང༌། འདེམས་སྒྲུག་བྱེད་ཚུལ་གྱི་ཐབས་ལམ་སྒྲིག་གཞི་ནང་གསལ་ལྟར་ཚོགས་ཐེངས་དང་པོར་གཏན་འབེབས་བྱ་རྒྱུ།

༣   འདེམས་སྒྲུག་ཚོགས་ཆུང་གི་ཚོགས་ཐེངས་དང་པོའི་ནང་ལས་ཁུངས་ཁག་སོ་སོ་ནས་འབུལ་འབྱོར་གྱི་མིང་ཐོ་རྣམས་ཞིབ་འཇུག་ནན་ཏན་གྱིས་འོས་ཆོས་མ་ཚང་བ་རྣམས་ཟུར་དབྱེ་དང༌། འོས་ཆོས་ཚང་བའི་མིང་ཐོ་ཇི་ཡོད་ཕྱི་ཟླ་ལྔ་པའི་ཚེས་ ༡༥ འགྱངས་མེད་ལས་བྱེད་ཡོངས་དང༌། སྤྱི་འཐུས་རྒྱུན་ལས་བཅས་པར་གསལ་བསྒྲགས་བྱ་རྒྱུ།

༤   ལས་བྱེད་དམ། སྤྱི་འཐུས་སུ་རུང་ནས་མིང་ཐོར་ཐོན་པའི་ལས་བྱེད་སུ་ལའང་སྐྱོན་བརྗོད་དང་དགག་བྱ་ཡོད་ཚེ་ཕྱི་ཟླ་དྲུག་པའི་ཚེས་ ༡༥ མ་འགྱངས་པར་འདེམས་སྒྲུག་ཚོགས་ཆུང་ལ་སྙན་ཞུ་འབུལ་འཐུས།

༥   དེ་འདྲའི་སྙན་ཞུ་འབྱོར་རིགས་བྱུང་ཚེ། འདེམས་སྒྲུག་ཚོགས་ཆུང་གིས་ཞིབ་འཇུག་གཟབ་ནན་གྱིས་མིང་གཞུང་ནས་ཕྱིར་འཐེན་དགོས་མིན་ཐག་གཅོད་བྱ་རྒྱུ།

༦   དེའི་རྗེས་འདེམས་སྒྲུག་ཚོགས་ཆུང་གིས་ལོ་མཚམས་་དེའི་གཟེངས་རྟགས་སྤྲོད་ཡུལ་གྱི་ལས་བྱེད་གཉིས་སྤྱི་མོས་སམ། མང་མོས་ཀྱིས་ཐག་གཅོད་ཐོག་ཕྱི་ཟླ་དྲུག་པའི་ཚེས་ ༢༥ འགྱངས་མེད་གསལ་བསྒྲགས་བྱ་རྒྱུ།

༧   གཟེངས་རྟགས་སྤྲོད་ཡུལ་ཆ་རྐྱེན་འཛོམས་མིན་བྱུང་ཚེ་སྤྱི་མོས་སམ། མང་མོས་ཀྱིས་ལོ་གཅིག་ཕྱི་བཤོལ་བྱ་རྒྱུའི་ཐག་གཅོད་བྱ་འཐུས།

དོན་ཚན་དགུ་པ།        གཟེངས་རྟགས་གནང་ཚེས།

ལོ་ལྟར་ཕྱི་ཟླ་བདུན་པའི་ཚེས་ ༦ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཟེངས་རྟགས་གསོལ་སྩལ་གནང་རྒྱུ།

དོན་ཚན་བཅུ་པ།        འདེམས་སྒྲུག་ཚོགས་ཆུང་གི་ཐག་གཅོད།

འདེམས་སྒྲུག་ཚོགས་ཆུང་གིས་ཐག་གཅོད་གང་གནང་མཐའ་མའི་ཐག་གཅོད་ཡིན་ཞིང་། དེ་ལ་གླེང་རྙོག་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་མ་གཏོགས་ཞུ་གཏུག་མི་ཆོག

དོན་ཚན་བཅུ་གཅིག་པ།   སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་སྤྱི་འཐུས་རྒྱུན་ལས་དང་། བཀའ་ཤག སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༦།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།