དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       སྒྲིག་གཞི་འགོ་འཛུགས།

སྒྲིག་གཞི་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཉིན་ནས་འགོ་འཛུགས་ལག་བསྟར་བྱ་རྒྱུ།

དོན་ཚན་གསུམ་པ།      སྒྲིག་གཞིའི་ཁྱབ་ཚད།

རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་བཙུགས་བྱས་པའི་གཞིས་ཆགས་གཤམ་གསལ་ཟུར་འཛར་ཡིག་ཆ་ ཀ༽ པ་ནང་གསལ་དང༌། གཞན་ཡང་ནང་སྲིད་ལས་ཁུངས་ནས་ཐད་ཀའི་འཛིན་སྐྱོང་སྟངས་འཛིན་འོག་གསར་སྐྲུན་ཞུས་པའི་གཞིས་ཆགས་ཁག་ལ་ཁྱབ་པ་ཡིན།

དོན་ཚན་བཞི་པ།        ས་ཆའི་བདག་དབང་དང༌། བོགས་གཡར་བྱ་ཕྱོགས།

༡    བོད་མིའི་སྒྲིག་འཛུགས་ཀྱི་དབུས་ངལ་སེལ་ཚོགས་པས་སྤུས་ཉོ་བྱས་པའི་ས་ཆ་དང༌། འབྲེལ་ཡོད་ཚོགས་སྡེ་དང་སྒེར་གང་ཞིག་ནས་ནང་སྲིད་ལས་ཁུངས་ལ་རྩིས་འབུལ་ཞུས་པའི་ས་ཁང་རྣམས་ཀྱི་བདག་དབང་བཅས་དབུས་ངལ་སེལ་ཚོགས་པར་ཡོད་པ་ལས་གཞིས་མི་སུ་ལའང་མེད།

༢    གནས་ཡུལ་རྒྱལ་ཁབ་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་འཚོ་ཐབས་ཆེད་བོགས་གཡར་གནང་བའི་ས་ཆའི་བདག་དབང་འབྲེལ་ཡོད་མངའ་གཞུང་སོ་སོར་ཡོད། བོགས་མའི་གན་ཡིག་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དོན་ཚན་ ༤ ཟུར་འཛར་ ཅ། དགོངས་དོན་ལྟར་འཇོག་དགོས།

དོན་ཚན་ལྔ་པ།          ས་ཞིང་བེད་སྤྱོད།

༡    སྐྱབས་བཅོལ་བོད་མི་ཚོར་བཙན་བྱོལ་དུ་གནས་སྡོད་རིང་སྡོད་ཡུལ་དང་འཚོ་རྟེན། ཞིང་ལས་བཅས་ཀྱི་ཆེད་དུ་གནས་ཡུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མངའ་གཞུང་སོ་སོ་ནས་བོགས་མར་བཏང་བའམ། ཚོགས་སྡེ་དང་སྒེར་གང་ཞིག་ནས་ནང་སྲིད་ལས་ཁུངས་ལ་རྩིས་འབུལ་ཞུས་པ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ངལ་སེལ་ཚོགས་པས་སྤུས་ཉོ་བྱས་པའི་གཞིས་ས་རྣམས་གཞིས་མི་སོ་སོར་གཡར་བ་ཡིན་པས་ས་ཁང་ཐོབ་པའི་གཞིས་མིའམ། དེའི་འདོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་རེར་ཉུང་མཐར་ཟླ་གསུམ་གནས་སྡོད་བྱེད་དགོས་ཐོག ས་ཞིང་རྣམས་བདག་གཅེས་ཚད་ལྡན་གྱིས་སོ་ནམ་དང༌། སྐྱེད་ཚལ། ལྡུམ་རྭ། སྐྱེ་ཤིང་འདེབས་འཛུགས། སྡོད་ཁང་བཅས་ཀྱི་ཆེད་བེད་སྤྱོད་བྱེད་དགོས།

༢  ཀ    དགོས་མཁོའི་དབང་གིས་ས་ཆའི་ཆ་ཤས་གང་དུ་སྡོད་ཁང་དང༌། སོ་ནམ་ཞིང་ལས། ཚོང་དོན། ཆོས་ཕྱོགས་དང་རིག་གཞུང་ངམ་དེ་མཚུངས་རང་ཉིད་ཀྱི་ས་བགོས་སྟེང་ནས་འཚོ་རྟེན་ལ་ཕན་པའི་བྱ་བ་སྒྲུབ་དགོས་ཁག་ལ་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ལ་རྒྱུ་མཚན་གསལ་བཤད་ཀྱིས་མངའ་གཞུང་འབྲེལ་ཡོད་ལས་ཁུངས་ནས་འཛུགས་སྐྲུན་ཆོག་པའི་སྒྲིག་མཐུན་བཀའ་འཁྲོལ་ངེས་པར་ཞུ་དགོས། མངའ་གཞུང་འབྲེལ་ཡོད་ལས་ཁུངས་ནས་བཀའ་འཁྲོལ་ཐོག་ནང་སྲིད་ལས་ཁུངས་ཀྱི་བཀའ་འཁྲོལ་མེད་པར་ཞིང་ས་གཏོར་བཤིག་དང་ཁོར་ཡུག་ལ་གནོད་གཞིའི་འཛུགས་སྐྲུན་ལས་རིགས་ནམ་ཡང་བྱེད་མི་ཆོག

ཁ   དོན་ཚན་ ༤(༡) ནང་གསལ་དབུས་ངལ་སེལ་ཚོགས་པའི་བདག་དབང་འོག་ཡོད་པའི་ས་ཆའི་ཐོག་དེ་སྔོན་བཀའ་འཁྲོལ་མེད་པར་རང་འཚམས་ཨར་སྐྲུན་བྱས་རིགས་ལ་འོས་འཚམས་ཉེས་ཆད་ཀྱིས་སྒྲིག་མཐུན་བཟོ་རྒྱུ། དེ་བཞིན་མི་འབོར་འཕེལ་རྐྱེན་སྡོད་ཁང་དཀའ་ངལ་ཅན་རིགས་ནས་རྒྱུ་མཚན་གསལ་བཤད་ཀྱིས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་སྙན་གསེང་བྱུང་མཚམས་དབུས་ངལ་སེལ་ཚོགས་པས་བཀའ་འཁྲོལ་གནང་འཐུས།

༣ སྤྱི་ས་གང་ཡོད་བེད་མེད་ས་སྟོང་དུ་མ་བཞག་པར་སྤྱིའི་བདེ་རྩའི་ཆེད་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གིས་ས་གནས་འགོ་འཛིན་བརྒྱུད་ནང་སྲིད་ལས་ཁུངས་ནས་བཀའ་འཁྲོལ་ཞུས་ཏེ་བེད་སྤྱོད་གཏོང་ཆོག

 དོན་ཚན་དྲུག་པ།        ས་ཁང་ཚོང་བསྒྱུར་དང༌། ཕུལ་སྦྱིན།

༡    སྒྲིག་གཞི་འདི་གཏན་འབེབས་གསལ་བསྒྲགས་གནང་ཉིན་ནས་སྤྱིའི་བདེ་རྩའི་ཆེད་གཞུང་འབུལ་རིགས་ཕུད། དེ་མིན་གཞིས་མི་སུས་ཀྱང་ས་ཁང་མི་གཞན་ལ་ཕུལ་སྦྱིན་དང༌། ཚོང་བསྒྱུར། ཕྱི་མི་ལ་ཁང་གླ་གཏོང་བའི་རིགས་གཏན་ནས་མི་ཆོག

༢    གཞིས་མི་སུ་ཞིག་གིས་ས་ཁང་ཕུལ་སྦྱིན་དང༌། ཚོང་བསྒྱུར་བྱས་ཚེ་ས་གནས་ཡུལ་ཁྲིམས་དང༌། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་བྱས་པའི་ཉེས་འཛུགས་བྱ་རྒྱུ། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་དངོས་ར་འཕྲོད་ན་འཛིན་སྐྱོང་ནས་ཉེས་འཛོལ་བྱེད་པོ་རྣམས་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་མཁན་དུ་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་དང༌། ནང་མིར་རྒན་བྱིས་རོགས་རམ་དང༌། རྒྱབ་གཉེར་ཁག ཕྱི་རྒྱལ་ཁག་ཏུ་སྤྱི་སྒེར་གྱི་བསྐྱོད་རྒྱུར་དགོས་མཁོ་སྦྱོར་དགོས་བཅས་ཇི་ཡོད་བཀག་གཅོད་བྱ་རྒྱུ།

༣   དེ་སྔོན་ས་ཁང་ཚོང་བསྒྱུར་དང༌། ཕུལ་སྦྱིན་བྱེད་མཁན་རིགས་ལ་ཕྱིར་སློག་བྱུང་སྟེ་རང་བདག་ཐུབ་ན་དེའི་གོ་སྐབས་སྤྲོད་དགོས། དེ་མིན་བོད་མི་ཕན་ཚུན་ས་ཁང་ནང་ཤུགས་བྱ་དགོས་རིགས་ནས་འབྲེལ་ཡོད་སྤྱི་བརྒྱ་སོ་སོའི་བརྒྱུད་ས་གནས་འགོ་འཛིན་ལས་ཁང་དུ་བཀའ་ཤག་གི་གཏན་འབེབས་ལྟར་མིང་གཞུང་མ་དེབ་ནང་དེབ་འགོད་ཞུ་དགོས།

དོན་ཚན་བདུན་པ།       ས་ཁང་བོགས་གཡར།

༡    གཞིས་མི་སུ་ཞིག་གིས་རང་གི་སྡོད་ཡུལ་ཁང་པ་དང༌། ས་ཞིང་འདེབས་བེད་མ་བྱས་པར་བཙན་བྱོལ་བོད་མི་མིན་པའི་ཕྱི་མི་ལ་བོགས་གཏོང་མི་ཆོག ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་ཕྱི་མི་ལ་བོགས་གཏོང་བྱས་པ་ར་འཕྲོད་བྱུང་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ལ་བརྩི་སྲུང་མ་བྱས་པར་ངོས་འཛིན་གསལ་བསྒྲགས་དང་སྦྲགས་སོ་ནམ་དང་འབྲེལ་བའི་རོགས་སྐྱོར་གང་ཡང་གནང་རྒྱུ་མིན། ས་ཞིང་ཐོབ་སྐལ་ཡོད་པ་གང་ཞིག་འཚོ་བ་སོ་ནམ་འདེབས་ལས་ལ་བརྟེན་མ་དགོས་པའི་རིགས་ནས་ལུགས་མཐུན་ཞིང་ས་ཇི་ཡོད་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ལ་རྩིས་འབུལ་བྱེད་དགོས། གལ་ཏེ་གནས་སྐབས་ནང་ཁུལ་བོགས་གཏོང་མི་བྱེད་ཀ་མེད་རིགས་ནས་རང་ཉིད་ཀྱི་ས་ཆ་བདག་ཐོབ་མི་ཤོར་ཆེད་ནང་ཁུལ་ཡིག་ཐོག་མངགས་བཅོལ་བྱས་ཏེ་ས་ཁྲལ་དོད་གསབ་ལྟ་བུ་ས་རིན་སྣེ་སེལ་ཙམ་མ་གཏོགས་བོགས་རིན་ཞུ་ལེན་མི་ཆོག ལོ་ལྟར་ཕྱི་ཟླ་ ༨ པའི་ནང་ཞིང་ས་རང་འདེབས་དང་བོགས་འདེབས་བྱེད་མཁན་ཇི་ཡོད་ཀྱི་ཞིབ་གནས་མ་དཔེ་ཟུར་འཛར་ ཁ༽ ཞིབ་བསྐང་གིས་ས་གནས་འགོ་འཛིན་ལས་ཁང་སོ་སོའི་བརྒྱུད་ནང་སྲིད་ལས་ཁུངས་སུ་འབུལ་དགོས། སྟོན་ཉེས་ཕོག་པའི་གནས་ཚུལ་བྱུང་སྐབས་སྙན་ཐོ་འདི་ལ་རྩ་འཛིན་བྱེད་དགོས།

༢ གཞིས་ཆགས་ཀྱི་མ་དེབ་ནང་གསལ་ཕྱི་ནང་ཡུལ་གྲུ་གང་ནས་ཀྱང་ཤུལ་འཛིན་ལྟ་སྐྱོང་བྱེད་མཁན་མེད་པའི་གཞིས་མི་རྒས་འཁོགས་དང་ནད་གཅོང་རང་གི་ས་ཞིང་འདེབས་ལས་ཐུབ་རེ་བྲལ་བའི་རིགས་ལ་གྲོང་སྡེའི་སྤྱི་མིའམ་བརྒྱ་དཔོན་གྱི་རྒྱབ་གཉེར་བྱུང་ན་ས་གནས་འགོ་འཛིན་ལས་ཁང་ནས་ཞིབ་འཇུག་གིས་ས་ཞིང་རྣམས་ས་གནས་འགོ་འཛིན་ལས་ཁང་ནས་བཞེས་རྒྱུ་དང༌། དོ་བདག་ལ་ས་གནས་འགོ་འཛིན་ལས་ཁང་ནས་འོས་འཚམས་ཀྱི་མཐུན་རྐྱེན་སྤྲོད་རྒྱུ། སྤྱི་མི་བརྒྱ་དཔོན་མེད་སར་ས་གནས་རང་བདེན་ཚོགས་ཆུང་གིས་རྒྱབ་གཉེར་བྱ་འཐུས།

༣   ནད་མནར་རམ་རྐྱེན་ངན་དབང་གིས་ལོ་རེ་ཟུང་ས་ཞིང་འདེབས་ལས་མ་ཐུབ་པའི་རིགས་དང༌། ཞིང་ལས་འཕེར་བའི་མི་ཆ་མེད་མཁན་གྱི་ཁྱིམ་ཚང་རིགས་བཅས་ལ་གྲོང་སྡེའི་སྤྱི་མི་བརྒྱ་དཔོན་གང་རུང་དང༌། སྤྱི་བརྒྱ་མེད་སར་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར་བྱུང་ན་ས་གནས་འགོ་འཛིན་ལས་ཁང་ནས་ཞིབ་འཇུག་གིས་མཉམ་འབྲེལ་ལམ་སྤྱི་པའི་སྒྲིག་འཛུགས། ཡང་ན་གཞིས་མི་སྒེར་གང་རུང་ལ་དུས་ཚོད་ངེས་ཅན་རིང་བོགས་གཏོང་ཆེད་མཐུན་འགྱུར་བྱ་ཆོག

དོན་ཚན་བརྒྱད་པ།       རྗེས་ཤུལ་ལ་ས་ཁང་བགོ་སྤྲོད།

༡ ཐོག་མར་ས་ཁང་བགོ་འགྲེམས་སྐབས་བཅོས་མའི་ལྔ་ཚན་གཅིག་ནང་ཁྱིམ་ཚང་ཁག་གཉིས་དང་ཧྲེང་པོ་གཅིག་ལྟ་བུའི་མི་ལྔར་ས་ཁང་ཐོབ་ཐང་ཡོད་མུར་ནམ་ཞིག་མི་ཧྲེང་པོ་དེ་འདས་གྲོངས་སམ་གཏན་འཇགས་གཞིས་ཐོན་བྱས་ཚེ་དེའི་གཞིས་སྐལ་ས་ཁང་གོང་གསལ་ཁྱིམ་ཚང་གཉིས་ནས་ས་ཁང་མ་ཐོབ་པའི་ཕྲུ་གུ་མང་བ་དེར་ཐོབ་དགོས། ཕྲུ་གུ་མང་ཉུང་གཅིག་པ་ཡིན་ཚེ་ཕྲུ་གུ་ལོ་རྒན་ཤོས་དེར་ཐོབ་དགོས། ཁྱིམ་ཚང་གཉིས་ཀར་ཕྲུ་གུ་མེད་ན་གཞིས་གྲོང་སོ་སོའི་ནང་ས་ཁང་མ་ཐོབ་པའི་ཕྲུ་གུ་ཡོད་རིགས་ལ་མ་དེབ་ནང་གསལ་གྱི་སྒུག་ཐོ་བང་རིམ་གཞིར་བཟུང་ས་གནས་འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་མཐུན་མིང་སྒྱུར་བཀའ་འཁྲོལ་ཞུས་ཏེ་བགོ་སྤྲོད་བྱེད་ཆོག གཞིས་གྲོང་སོ་སོའི་ནང་སྒུག་ཐོ་ལྷག་མ་མེད་ཚེ་ས་ཁང་དེ་དག་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་གནས་སྐབས་རིང་བདག་ཉར་སྟངས་འཛིན་གནང་སྟེ་ས་གནས་འགོ་འཛིན་ལས་ཁང་བརྒྱུད་ནང་སྲིད་ལས་ཁུངས་སུ་འཕྲལ་དུ་སྙན་གསན་གྱིས་ནང་སྲིད་ལས་ཁུངས་ཀྱི་སྒུག་ཐོ་བང་རིམ་བཞིན་ཁྲིམས་མཐུན་བགོ་སྤྲོད་གནང་དགོས།

༢ ས་གནས་འགོ་འཛིན་ལས་ཁང་གི་མ་དེབ་ནང་གསལ་ལྔ་ཁང་ཐོབ་ཟིན་པའི་ཁྱིམ་ཚང་ནང་མི་ཆ་ཚང་འདས་གྲོངས་སུ་སོང་བའམ་གཏན་འཇགས་གཞིས་ཐོན་བྱས་ཚེ་དེབ་གསལ་འདོད་གཅིག་ཐབ་གཅིག་ནང་མི་མནའ་མའམ་མག་པར་སླེབས་པ་སྒུག་ཐོར་ཐོ་བཀོད་ཡོད་པ་ས་གནས་སུ་གཏན་སྡོད་ས་ཁང་མ་ཐོབ་པ་དེ་ཚོར་འཐོབ་རྒྱུ། དེ་འདྲའི་མནའ་མའམ་མག་པ་རྣམས་ས་གནས་གང་ནས་ཡོང་བའི་ས་ཁུལ་དེའི་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ས་ཁང་གཉིས་ཀ་ཕྱིར་བསྡུ་ཞུས་ཟིན་པའམ། ས་ཁང་ཐོབ་སྐལ་མེད་པའི་ངོས་སྦྱོར་མཉམ་འབུལ་དགོས། སྤྲོད་ཡུལ་རྗེས་ཤུལ་ཕྲུ་གུ་དང་གཞན་གང་ཡང་མེད་ཚེ་དེ་དག་གི་ས་ཁང་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་གནས་སྐབས་བདག་ཉར་བྱེད་དགོས། ལྔ་ཁང་དེའི་མ་དེབ་ནང་གསལ་ས་ཁང་བདག་དབང་ཡོད་པའི་འཚོ་གནས་མི་གཅིག་ལས་མ་ལྷག་ཚེ་དེ་ནམ་འཚོའི་བར་འཚོ་གནས་མི་གཅིག་དེའི་ས་ཞིང་ཐོབ་སྐལ་མ་གཏོགས་དེ་འཕྲོས་ཞིང་ས་རྣམས་ཕྱིར་ལོག་དགོས་རྒྱུ། ཕྱིར་བསྡུ་བྱས་པའི་ས་ཁང་ཇི་ཡོད་མ་དེབ་ནང་གསལ་སྒུག་ཐོ་བང་རིམ་གཞིར་བཟུང་ཁྲིམས་མཐུན་བགོ་སྤྲོད་བྱེད་དགོས། གཞིས་ཁང་ཐོབ་སྐལ་ཁང་ཁུངས་ཇི་ཡོད་རང་འཇགས་འཇོག་དགོས།

༣ ས་གནས་འགོ་འཛིན་ལས་ཁང་ནས་གཞིས་ཁོངས་སོ་སོའི་ས་ཞིང་བགོ་འགྲེམས་མིང་གཞུང་མ་དེབ་རེ་ཉར་ཚགས་བྱས་ཏེ་ལོ་ལྟར་དུས་བསྟུན་ཁ་སྐོང་བྱས་པའི་ངོ་བཤུས་རེ་མངའ་གཞུང་དང་དབུས་ངལ་སེལ་ཚོགས་པར་འབུལ་དགོས།

དོན་ཚན་དགུ་པ།        གནས་སྐབས་གཞིས་ཐོན།

སྒྲིག་གཞི་འདིའི་དོན་ཚན་ ༥ པའི་ནང་གསེས་ ༡ ནང་གསལ་ལྟར་གཞིས་མི་རྣམས་གཞིས་ཆགས་སོ་སོར་གཏན་སྡོད་དགོས་ཀྱང་གནས་སྐབས་གཞིས་ཐོན་ཆོག་པའི་དམིགས་བསལ་ཁག་གཤམ་གསལ།

༡ གཞིས་མི་སུ་ཞིག་གཞུང་སྒེར་སྡེ་ཚན་གང་རུང་དུ་གནས་སྐབས་སམ་གཏན་འཇགས་ལས་བྱེད་དུ་བསྐོས་ཏེ་ས་གནས་གཞན་དུ་བཀོད་སྒྲིག་བྱས་ན་ལས་འཁུར་མ་འཁྱུར་བར་རང་ཉིད་དང་འདོད་གཅིག་ནང་མི་བཅས།

༢    དང་སློབ་ཁོངས་ཚུད་ན་སྒྲིག་འཛུགས་ནས་ཕྱིར་ཐོན་མ་བྱས་བར་རང་ཉིད་དང་བཟའ་ཚང་བཅས།

༣   དྭ་ཕྲུག་སློབ་བཞེས་སོང་བ་སློབ་ཐོན་མ་བྱུང་བར།

༤   གཞིས་མི་ན་གཞོན་སློབ་སྦྱོང་དང་སྦྱོང་བརྡར་ཆེད་བསྐྱོད་དགོས་རྣམས་སློབ་སྦྱོང་མ་ཐོན་བར་བཅས། གོང་གསལ་རྣམས་འབྲེལ་ཡོད་སོ་སོའི་ལས་ཁུངས་ནས་ས་གནས་འགོ་འཛིན་ལས་ཁང་དུ་ངོས་སྦྱོར་ཡི་གེ་བྱུང་ན་གནས་སྐབས་གཞིས་ཐོན་ཆོག

༥   ཀ   ས་ཁང་མཐུན་རྐྱེན་ཡོད་པའི་གཞིས་མི་སུ་ཞིག་གནས་སྐོར་དང༌། ཚོང་འཁོས། གཉེན་འཕྲད་ལྟ་བུའི་གལ་ཆེའི་ལས་དོན་ཆེད་མང་མཐར་ཟླ་དགུའི་རིང་ཕྱོགས་བསྐྱོད་བྱ་རྒྱུའི་བརྒྱ་དཔོན་ནམ་སྤྱི་མི་བརྒྱུད་ས་གནས་འགོ་འཛིན་ལས་ཁང་ནས་ཡིག་ཐོག་བཀའ་འཁྲོལ་ཞུས་ཐོབ་ཡོད་པ་རྣམས་གནས་སྐབས་གཞིས་ཐོན་ཆོག

ཁ   ཟླ་དགུའི་ནང་ཕྱིར་ལོག་མ་ཐུབ་ཚེ་རྒྱུ་མཚན་གསལ་བཀོད་ཀྱིས་དགོངས་པ་བསྐྱར་ཞུ་དགོས་པ་དང༌། འདི་རིགས་མང་མཐར་ཟླ་བ་ ༣ ལྷག་བཀའ་འཁྲོལ་མི་ཆོག

ག   བོད་ནང་གཉེན་འཕྲད་དུ་བསྐྱོད་པ་གཞན་དབང་གིས་དུས་འབྱོར་མ་ཐུབ་པ་དང༌། གློ་བུར་རྐྱེན་ངན་ནད་མནར་དབང་གིས་དུས་འབྱོར་མ་ཐུབ་པའི་རིགས་ལ་རྒྱུ་མཚན་ཚད་ལྡན་འཁོད་པའི་དགོངས་སྙན་དུས་ཡུན་མ་རྫོགས་གོང་བྱུང་ན་མང་མཐའ་ལོ་གསུམ་བར་དམིགས་བསལ་གཏོང་ཆོག

༦   གནས་སྐབས་གཞིས་ཐོན་པ་སོ་སོའི་འདོད་མོས་ལྟར་འདོད་གཅིག་ནང་མིའམ། ཉེ་འབྲེལ། ཡང་ན་གཞིས་མི་སུ་འོས་ལ་ས་གནས་འགོ་འཛིན་ལས་ཁང་དུ་ཡིག་ཐོག་སྙན་གསན་དང་སྦྲགས་ས་ཁང་མངགས་བཅོལ་ཆོག མངགས་ཡུལ་དེས་གཞིས་གྲོང་སྤྱིའི་སྒྲིག་ལམ་དང༌། འཁྲི་ཆ་ཇི་ཡོད་སྲུང་བརྩི་དང༌། སྒྲུབ་འཇལ་ཞུ་དགོས། ལོ་ལྟར་སློབ་གཉེར་ཁང་ངམ། སྡེ་ཚན་གང་ཡིན་གྱི་ལས་ཤོག་སྟེང་འགན་འཛིན་གྱི་མཚན་རྟགས་འཁོད་པའི་ངོས་སྦྱོར་ཕུལ་རིགས་ལ་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་ཐག་གཅོད་བྱ་འཐུས།

 དོན་ཚན་བཅུ་པ།        གཏན་འཇགས་གཞིས་ཐོན།

༡    གཞིས་མི་སུ་ཞིག་འདས་གྲོངས་སོང་བ།

༢    བོད་དུ་རྩ་ལོག་བྱས་པ།

༣   ཕྱི་རྒྱལ་དུ་གཞུང་སྒེར་གྱིས་གཏན་བསྐྱོད་བྱས་པ།

༤   རང་འདོད་ཀྱིས་གཞིས་ཁོངས་ནས་རྩ་དགོངས་ཞུས་པ།

༥   ས་གནས་འགོ་འཛིན་ལས་ཁང་གི་བཀའ་འཁྲོལ་མེད་པར་རང་འཚམས་ཕྱིར་བསྐྱོད་ཀྱིས་ཟླ་དྲུག་ནང་ཕྱིར་ལོག་མ་བྱུང་བ།

༦   མང་མཐའི་ཟླ་དགུའི་ཕྱོགས་བསྐྱོད་དུ་སོང་སྟེ་དུས་ཐོག་ཕྱིར་ལོག་མ་བྱས་པའི་ཐོག་དགོངས་སྙན་བསྐྱར་ཞུ་མེད་པ།

༧   བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དོན་ཚན་ ༡༢ ནང་གསེས་ ༩ ནང་གསལ་བཞིན་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་ས་ཁང་སྒྲིག་གཞི་ཇི་ཡོད་འགལ་མེད་སྲུང་བརྩི་ཞུ་དགོས་ཐོག གཞིས་ཆགས་སོ་སོའི་ནང་ལག་འགྲོའི་འཁྲི་ཆ་ཞུ་སྒོ་སྤྱི་མཚུངས་ཞུ་དགོས། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། ལས་བྱེད་བགྲེས་ཡོལ་བ་བཅས་དོ་བདག་ནམ་འཚོའི་རིང་ངལ་རྩོལ་རྐང་འགྲོའི་ཁྲལ་རིགས་འདུར་རྒྱུགས་མ་དགོས་པ་དམིགས་བསལ་གཏོང་རྒྱུ།

དོན་ཚན་བཅུ་གཅིག་པ།   ས་ཁང་ཕྱིར་བསྡུ་དང་བགོ་སྤྲོད།

༡    སྒྲིག་གཞི་འདིའི་དོན་ཚན་ ༨ པའི་ནང་གསེས་ ༢ པ་དང༌། དོན་ཚན་ ༡༠ པའི་ནང་གསེས་ཁག་ལྟར་གཏན་འཇགས་གཞིས་ཐོན་བྱས་རིགས་ཀྱི་ས་ཁང་རྣམས་ས་ཁང་ཚོགས་ཆུང་གི་ཞིབ་འཇུག་སྐབས་འབྲེལ་ཡོད་གྲོང་སྡེ་སོ་སོའི་སྤྱི་མི་དང་བརྒྱ་དཔོན་ནས་འགན་འཁྱེར་ཏེ་ཕྱིར་ལོག་ཡོང་རེ་མེད་པ་ར་འཕྲོད་གསལ་པོ་བྱུང་ན། ས་གནས་འགོ་འཛིན་ལས་ཁང་ནས་དེའི་ས་ཁང་མངགས་ཡུལ་དེས་སྟོན་འབྲས་འདེབས་དུས་དེའི་སྟོན་ཐོག་བསྡུ་མཇུག་བསྒྲིལ་མཚམས་ས་ཁང་རྩིས་སྤྲོད་དགོས་པའི་བརྡ་ཁྱབ་གཏོང་དགོས། མངགས་བཅོལ་མེད་ན་ཐད་ཀར་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་གནས་སྐབས་ཕྱིར་བསྡུ་གནང་སྟེ་གོང་གསལ་དོན་ཚན་ ༧ པའི་ནང་གསེས་ ༢ པ་དང༌དོན་ཚན་ ༨ པའི་དགོངས་དོན་བགོ་འགྲེམས་བྱ་རྒྱུ་ལས། སྤྱི་མི་དང་བརྒྱ་དཔོན་ནས་བདག་ཉར་དང་རང་འཚམས་ཀྱིས་ནང་ཁུལ་བགོ་སྤྲོད་མི་ཆོག བོད་མིའི་སྒྲིག་འཛུགས་ཀྱི་གཞིས་སྤོས་ལས་འཆར་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏན་བསྐྱོད་བྱེད་མཁན་རྣམས་ཀྱི་ས་ཞིང་ཕྱིར་བསྡུ་བྱ་དགོས། སྒེར་སོ་སོའི་ཐབས་ཤེས་ཐོག་ཕྱི་བསྐྱོད་བྱས་ཏེ་ལོ་གཉིས་ནང་གཞིས་ཁོངས་སུ་ཕྱིར་ལོག་མ་བྱུང་ཚེ་དོ་བདག་དེའི་ས་ཞིང་ཕྱིར་བསྡུ་བྱ་དགོས། གཞིས་ཐོན་བྱ་མི་གང་ཞིག་ནས་སོ་སོའི་སྒོ་ར་ཚལ་ཞིང་ནང་སྡོད་ཁང་རྒྱ་བསྐྱེད་བྱས་རིགས་ལ་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཨར་གྲོན་ཇི་སོང་ཞིབ་འཇུག་གིས་འགྲོ་གྲོན་གུན་གསབ་ཕྲན་བུ་ས་ཁང་སྤྲོད་ཡུལ་འབྲེལ་ཆགས་སུ་ཡིན་ནས་སློག་དགོས།

༢    ས་ཁང་ཕྱིར་བསྡུ་བྱུང་བ་རྣམས་གྲོང་སྡེ་དེའི་ནང་ས་ཁང་མཐུན་རྐྱེན་མ་ཐོབ་པའི་གཞིས་མི་མ་དེབ་ནང་སྒུག་ཐོ་ཡོད་རིགས་ལ་སྒུག་ཐོ་འགོད་ཚེས་གོ་རིམ་དང་བསྟུན་ཏེ་བགོ་སྤྲོད་བྱ་རྒྱུ་དང༌། གྲོང་སྡེ་དེའི་ནང་སྒུག་ཐོ་མེད་ཚེ་གྲོང་སྡེ་གཞན་གྱི་སྒུག་ཐོ་ནས་འགོད་ཚེས་གོ་རིམ་བཞིན་བགོ་སྤྲོད་བྱ་རྒྱུ། སྒུག་ཐོ་འགོད་ཚེས་གཅིག་པ་མང་པོ་ཡོད་ཚེ་རང་ལོ་རྒན་རིམ་ལྟར་སྤྲོད་རྒྱུ་དང༌། དེའང་གཅིག་པ་ཡིན་ན་རྒྱན་རྒྱག་བྱ་རྒྱུ།

༣   ས་གནས་འགོ་འཛིན་ལས་ཁང་ཚང་མས་ཟུར་འཛར་ ག༽ ནང་གསལ་ལྟར་སྒུག་ཐོ་འགོད་ཡུལ་གྱི་མ་དེབ་རེ་བདག་ཉར་བྱེད་དགོས། སྒུག་ཐོའི་གནས་བབ་ལོ་རེ་བཞིན་ནང་སྲིད་ལས་ཁུངས་ལ་སྙན་གསན་ཞུ་དགོས།

༤   གཞིས་ཆགས་སོ་སོར་ས་ཁང་ཞུ་མཁན་སྒུག་ཐོའི་ནང་འགོད་ཆོག་པ་གཤམ་གསལ།

ཀ   རང་གི་ཕ་མ་གཞིས་ཆགས་དེའི་གཞིས་མི་ངོ་མ་ཡིན་པའི་བུ་ཕྲུག་ས་ཁང་གི་མཐུན་རྐྱེན་མ་ཐོབ་པ།

ཁ   གཞིས་མི་ངོ་མ་ཞིག་དང་ལུགས་མཐུན་གཉེན་སྒྲིག་བྱས་པའི་བུའམ་བུ་མོ་བོད་ཀྱི་ཡུལ་མིའི་ཆ་རྐྱེན་ཚང་ཞིང༌། བོད་མིའི་འདུ་སྡོད་གང་དུ་ཡང་ས་ཁང་མཐུན་རྐྱེན་མེད་པ།

༥   གཞིས་ཆགས་སོ་སོའི་ནང་སྒུག་ཐོ་མེད་ན་ནང་སྲིད་ལས་ཁུངས་ཀྱི་སྒུག་ཐོ་ནས་གཞིས་ཁོངས་དེར་འགྲོ་འདོད་ཡོད་པ་རྣམས་གཏོང་ཆོག

དོན་ཚན་བཅུ་གཉིས་པ།   ཧམ་ཟོས་དང་རྒྱ་བསྐྱེད།

༡    གཞིས་གྲོང་སྤྱི་པའི་ས་སྟོང་ལྷག་བསྡད་རིགས་ལ་གཞན་སྤྱི་སྒེར་སུ་ཐད་ནས་བེད་སྤྱོད་ཧམ་ཟོས་མི་ཆོག གལ་ཏེ་བཙན་ཤེད་ཀྱིས་ཧམ་ཟོས་བྱས་ཚེ་ཁྲིམས་གཏུགས་དང༌། སྒྲིག་གཞི་འདིའི་དོན་ཚན་ ༦ པའི་ནང་གསེས་ ༢ ནང་གསལ་ལྟར་ལག་བསྟར་ཞུ་དགོས།

༢    ཁྱིམ་ཚང་སོ་སོའི་བདག་ཐོབ་ཀྱི་ས་མཚམས་ལས་བརྒལ་ཏེ་སྤྱིའི་འགྲོ་ལམ་ལ་གནོད་སྐྱོན་དང༌། མུ་སྦྲེལ་ས་འདྲེས་ཁག་གི་ས་ཆ་ཧམ་ཟོས་ཀྱིས་རྩོད་གཞི་བཟོ་མི་ཆོག

༣   ས་ཆ་རྒྱ་ཁྱོན་ཚད་འཇལ་གྱིས་བཙུགས་པའི་རྡོ་རྟགས་རང་འཚམས་ཀྱིས་གནས་སྤོ་དང་བསྐྱར་བཟོ་མི་ཆོག

༤ གོང་གསལ་ནང་གསེས་གང་རུང་དང་འགལ་རིགས་བྱུང་ཚེ་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་ས་ཆ་ཧམ་ཟོས་བྱས་པ་རྣམས་ས་བདག་ངོ་མར་ཕྱིར་སློག་གམ་ཕྱིར་བསྡུ་བྱ་དགོས་པའི་ཐོག་ཉེས་ཆད་འོས་འཚམས་འགེལ་རྒྱུ།

དོན་ཚན་བཅུ་གསུམ་པ།   ས་ཁང་བདག་གཅེས།

༡    གཞིས་སྒར་སོ་སོར་རང་གི་ས་ཆའི་རྒྱ་ཁྱོན་དང༌། དེའི་ས་མཚམས། ཁང་པ་སོགས་ཇི་ཡོད་ཀྱི་གནས་ཚུལ་ཞིབ་ཕྲ་ས་གནས་གཞུང་གི་ཡིག་ཆར་ཇི་གསལ་ལྟར་དང༌། ཡིག་ཆའི་འདྲ་བཤུས་བཅས་ས་གནས་འགོ་འཛིན་ལས་ཁང་དུ་རྩ་འཛིན་ཡིག་ཆའི་གྲས་སུ་བདག་ཉར་དགོས་པ་དང༌། འབྲེལ་ཡོད་གཞུང་གི་ཁྲལ་དེབ་ཡིག་ཆའི་ནང་རང་ཕྱོགས་ནས་སྣོན་འཕྲི་ཞུ་དགོས་དེ་དག་སྐབས་མཚམས་སོ་སོར་འབྲེལ་ཡོད་ས་གནས་རྒྱ་གར་ལས་ཁུངས་ཀྱི་བཀའ་འཁྲོལ་དང་སྦྲགས་ནང་སྲིད་ལས་ཁུངས་སུ་སྙན་གསན་ཞུ་དགོས།

༢    གཞིས་སའི་ཐོག་སྔོན་ཡོད་རྒྱ་ལམ་དང༌། རྐང་ལམ། ཟམ་པ། རྒྱུག་ཆུ། ཆུ་མིག ཆར་དུས་ཀྱི་ཆུ་ཡུར་ཇི་ཡོད་ཀྱི་ཐོ་གཞུང་བདག་ཉར་དགོས་པ་དང༌། སྔོན་མེད་ཀྱི་རྒྱ་ལམ་གསར་གཏོད་མི་ཡོང་བ་དང༌། རྒྱུག་ཆུ་དང༌། ཆུ་མིག་ཇི་ཡོད་བདག་ཉར་དང་སྲུང་སྐྱོབ་དགོས།

༣   གཞིས་སའི་ས་མཚམས་ཁག་ཏུ་ཧམ་ཟོས་མི་ཡོང་བའི་ཆེད་རྒྱུན་དུ་ས་གནས་འགོ་འཛིན་ལས་ཁང་དང་སྤྱི་བརྒྱ། ས་ཁང་བདག་པོ་སོ་སོ་ནས་ལྟ་རྟོག་དགོས་པ་དང༌། ཧམ་ཟོས་ཀྱི་ཉེན་ཁ་ཡོད་ས་ཚང་མར་ཞིང་བདག་སོ་སོས་ས་རྟགས་རྡོ་རྩིག་སྲ་བརྟན། དགོས་གལ་གར་ཡོད་དུ་ཞིང་ཚིགས་འབུར་དོད་ཆེ་ཙམ། ཡང་ན་རྩི་ཤིང་གི་ལྕགས་རིའམ་རིབ་མ་སྲ་བརྟན་བཟོ་སྐྲུན་བྱེད་ཐུབ་པ་དགོས། ཅི་སྟེ་བཙན་ཤེད་ཧམ་ཟོས་བྱུང་ཚེ་ཁྲིམས་གཏུགས་དོ་ནན་བྱེད་དགོས། ཁྲིམས་རྩོད་པ་དང་ཁྲིམས་ཀྱི་འགྲོ་གྲོན་ས་གནས་ནས་གོ་སྒྲིག་མ་ཐུབ་ཚེ་ནང་སྲིད་ལས་ཁུངས་ནས་རོགས་སྐྱོར་བྱེད་དགོས།

༤   ས་གནས་འགོ་འཛིན་ལས་ཁང་ངམ་གཞིས་མི་སོ་སོས་ས་ཆའི་བོགས་ལེན་ལག་དེབ་ཞུས་ཏེ་བདག་ཉར་དགོས་པ་དང༌། ལག་དེབ་ཀྱི་དུས་ཚིགས་སྐབས་མཚམས་སོ་སོར་ཕྱིར་འགྱངས་ཞུ་རྒྱུ་དུས་འགྱངས་མ་སོང་བར་ཞུ་དགོས། མངའ་གཞུང་གི་བོགས་དུས་རྒྱས་བཅད་མ་རྫོགས་པའི་སྔོན་ཚུད་ལོ་གཉིས་ནས་འབྲེལ་ཡོད་ས་གནས་འགོ་འཛིན་སོ་སོས་བོགས་དུས་ཕར་འགྱངས་ཞུ་རྒྱུའི་ཞུ་གཏུགས་ལས་རིམ་འགོ་འཛུགས་བྱེད་དགོས།

༥   གནས་ཡུལ་རྒྱལ་ཁབ་ཀྱི་དབུས་སའི་གཞུང་དང༌། ཤིང་ནགས་ལས་ཁུངས། གྲོང་སྡེ་ལས་ཁུངས་བཅས་འབྲེལ་ཡོད་ལས་ཁུངས་ལ་ས་ཁྲལ་དང༌། ཁང་ཁྲལ་ལྟ་བུའི་ཁྲལ་རིགས་ཇི་ཐོབ་དུས་ཐོག་ཏུ་འབུལ་སྒྲུབ་ཟིན་པ་བྱེད་དགོས། ས་ཁང་ཁྲལ་རིགས་ས་གནས་འགོ་འཛིན་ལས་ཁང་བརྒྱུད་འབུལ་དགོས། ས་ཁྲལ་བསྡུ་འབུལ་ཇི་བྱེད་ཐོ་འགོད་ཆེད་ས་གནས་འགོ་འཛིན་ལས་ཁང་དུ་རྩ་འཛིན་མ་དེབ་ཀྱི་མ་དཔེ་ཟུར་འཛར་ ང༽ རེ་ངེས་པར་ཉར་དགོས།

༦   གཞིས་སའི་ནང་ས་གནས་འགོ་འཛིན་ལས་ཁང་བརྒྱུད་ཁྲིམས་མཐུན་བཀའ་འཁྲོལ་ཡིག་ཐོག་མེད་པར་ཁང་པ་གསར་རྒྱག་དང༌། ས་འོག་ནས་ཆུ་འདྲེན། ལམ་དང་ཆུ་ཡུར་གསར་བཟོ། ཤིང་སྡོང་གཅོད་འབྲེག ས་རྡོ་གཞན་དུ་འོར་འདྲེན། གཞིས་ས་ནས་ས་ཕག་ཐོན་སྐྱེད་བཟོ་བ་བཅས་ཀྱིས་མཚོན་ས་ཞིང་བདག་གཅེས་ལ་གནོད་པའི་རིགས་བྱེད་མི་ཆོག ས་གནས་འགོ་འཛིན་གྱི་བཀའ་འཁྲོལ་རྒྱབ་གཉེར་གནང་འོས་མཆིས་མིན་ཞིབ་གནས་ནང་སྲིད་ལས་ཁུངས་སུ་ཕུལ་ཏེ་དགོངས་སྐོར་ཞུ་དགོས།

༧   གཞིས་ཁོངས་སུ་ཤིང་སྡོང་ཇི་ཡོད་སྲུང་སྐྱོབ་དགོས་པ་དང༌། ཞིང་གི་མཐའ་འཁྱུད་དང༌། གཞུང་ལམ་གཡས་གཡོན། ཁང་པའི་མཐའ་སྐོར། གཞན་ཡང་སྤྱི་ས་ལྷག་འཕྲོས་དང༌། འོས་འཚམས་ཀྱི་རང་བདག་ས་ཁྱོན་གར་ཡོད་དུ་ས་ཁུལ་གྱི་རང་བཞིན་དང་འཚམས་པའི་སྐྱེ་ཤིང་འདེབས་འཛུགས་ལོ་རེ་བཞིན་བྱེད་དགོས།

༨    སྐྱེ་ཤིང་འདེབས་འཛུགས་བྱེད་པོ་སུ་ཡིན་ལ་མ་ལྟོས་པར་སྐྱེ་ཤིང་གང་དུ་ཡོད་པའི་ས་བདག་དེར་བདག་རྒྱུ།

༩   གོང་གསལ་ནང་གསེས་དོན་ཚན་ཁག་ས་གནས་འགོ་འཛིན་ལས་ཁང་གིས་འགན་འཁུར་རྐང་ལེན་དགོས་ཁར་སྒྲིག་འཛུགས་གཞན་དང་གཞིས་མི་ཚང་མས་མཉམ་རུབ་བྱེད་དགོས།

དོན་ཚན་བཅུ་བཞི་པ།    ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང༌།

༡    ས་ཁང་སྒྲིག་གཞི་འདིའི་དོན་ཚན་ཁག་འཚེམས་མེད་ལག་བསྟར་བྱེད་མཁན་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་རེ་དགོས།

༢    ཚོགས་ཆུང་དེའི་ཚོགས་གཙོ་ས་གནས་འགོ་འཛིན་དང༌། ཚོགས་གཞོན་འདེམས་ཐོན་བྱུང་བའི་ཚོགས་མི་རང་ཁོངས་ནས་འདེམས་བསྐོ་བྱ་རྒྱུ། ཚོགས་གཙོ་མ་ཐེ་བའི་ཚོགས་མི་བཞི་ནས་བརྒྱད་བར་དགོས་པ་ས་གནས་སོ་སོའི་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ། ཚོགས་ཆུང་དེའི་ཚོགས་དྲུང་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་ནས་བྱེད་དགོས།

༣   གཞིས་མི་རང་ཁོངས་ནས་འོས་བསྡུ་བྱས་པའི་ཚོགས་མི་རྣམས་ཀྱི་ལས་ཡུན་ལོ་གསུམ་ཡིན་ཅིང༌། བསྐྱར་དུ་འོས་འདེམས་བྱུང་བར་དགག་བྱ་མེད།

༤   སྒྲིག་གཞི་འདིའི་འབྲུ་དོན་ལྟར་ལག་བསྟར་དང་སྟངས་འཛིན་བྱ་རྒྱུའི་འགན་དབང་ཚོགས་ཆུང་ལ་ཡོད།

༥   ས་ཁང་ཞིབ་འཇུག་ཚོགས་ཆུང་གི་ཐག་གཅོད་དང༌། བཀོད་ཁྱབ་ཁག་ལ་དང་ལེན་མ་བྱུང་ཚེ་ས་གནས་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱེད་དགོས།

༦   ཚོགས་ཆུང་གི་ཚོགས་འདུ་ནམ་ཚོགས་སྐབས་ཚོགས་བཅར་དང་ལས་དོན་ཇི་ཞུས་ཀྱི་ལས་བསྡོམས་སྙིང་བསྡུས་ལམ་སྟོན་ལྟར་འབུལ་དགོས། ཚོགས་མིའི་ཉིན་རེའི་ལས་དོད་ནང་སྲིད་ལས་ཁུངས་ཀྱི་གཏན་འབེབས་ལྟར་འཐོབ་རྒྱུ།

 དོན་ཚན་བཅོ་ལྔ་པ།      ས་གནས་ཀྱི་ས་ཁང་སྒྲིག་གཞི།

༡    སྒྲིག་གཞི་འདི་འགོ་འཛུགས་བྱས་ཉིན་ནས་དེའི་སྔོན་དུ་ཡོད་པའི་ནང་སྲིད་ལས་ཁུངས་ནས་གཏན་འབེབས་བྱས་པའི་ས་ཁང་སྒྲིག་གཞི་དང༌། ས་གནས་འཐུས་མི་ཚོགས་འདུས་གཏན་འབེབས་བྱས་པའི་ས་ཁང་སྒྲིག་གཞི། བཀའ་ཤག་དང༌། ལས་ཁུངས་ཁག ས་གནས་བཅས་ནས་བཟོས་པའི་རྩ་འཛིན་ཡིག་ཆ་ཁག་བཅས་ཡོངས་རྫོགས་ནུས་མེད་དུ་འགྲོ་རྒྱུ།

༢ ས་གནས་སོ་སོའི་དམིགས་བསལ་དགོས་མཁོ་དང་འཚམས་པའི་སྒྲིག་གཞི་ཞིབ་ཕྲ་དགོས་གལ་བྱུང་ན་སྒྲིག་གཞི་འདིའི་དོན་ཚན་ཁག་དང་མ་འགལ་བའི་ཐོག་ནས་ས་གནས་འཐུས་ཚོགས་སོ་སོས་ལས་དོན་བྱ་ལམ་བྱེད་བདེ་གཏན་འབེབས་བྱ་འཐུས།

དོན་ཚན་བཅུ་དྲུག་པ།     བར་བརྒལ་གྱི་ཆ་རྐྱེན།

སྒྲིག་གཞི་འདི་འགོ་འཛུགས་བྱུང་འཕྲལ་ས་གནས་སོ་སོར་ནང་སྲིད་སྐུ་ཚབ་དང༌། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ཐུན་མོང་གིས་ས་ཁང་བདག་ཐོབ་ཀྱི་མ་དེབ་དང༌། དངོས་ཡོད་གནས་ཚུལ་ཞིབ་འཇུག་མཐིལ་ཕྱིན་བགྱིས་པའི་སྙན་ཐོ་ཕུལ་འབྱོར་ལ་གཞིགས་པའི་སྒྲིག་མཐུན་བཟོ་ཐབས་ཇི་ཡོད་སྐབས་བསྟུན་ཐག་གཅོད་བྱ་རྒྱུ།

དོན་ཚན་བཅུ་བདུན་པ།   སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་མོས་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །། 

༄༅། །ནང་སྲིད་ཁྱབ་ཁོངས་གཞིས་ཆགས་ཁག་གི་ཐོ་གཞུང༌། ཟུར་འཛར་ ཀ༽

ཨང། ས་གནས།
མོན་གྷོ་འདོད་རྒུ་གླིང༌།
སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང༌།
ལ་སླེ་བསོད་ནམས་གླིང་དང༌། ལ་བྱང་ས་ཁག
ཀོ་ལི་སྒལ་དོན་ལྡན་གླིང༌།
སྦེལ་ཀོབ་བདེ་སྐྱིད་སླར་གསོ།
ཧོན་སུར་རབ་རྒྱས་གླིང༌།
༧་ ཨོ་རི་ས་ཕུན་ཚོགས་གླིང༌།
མེའོ་ཆོས་འཕེལ་གླིང༌།
འབུམ་སྡེ་ལ་བསྟན་འཛིན་སྒང༌།
༡༠ མན་སྤར་ཕན་བདེ་གླིང༌།
༡༡ སིམ་ལ་དབྱངས་ཅན་དགའ་ཚལ་གླིང༌།
༡༢ ཏི་ཛུ་དར་རྒྱས་གླིང༌།
༡༣ སྦན་ད་ར་ནོར་རྒྱས་གླིང༌།
༡༤ ར་བང་ལ་ཀུན་ཕན་གླིང༌།
༡༥ ཌེ་ཌུན་བདེ་སྐྱིད་གླིང་དང་ཚེ་རིང་དོན་ལྡན།
༡༦ ཀུ་ལུ་དཔལ་རབ་གླིང༌།
༡༧ ཌལ་ཧོར་ཕུན་ཚོགས་གླིང༌།

ཟུར་འཛར་ ཁ༽ 

 ༄༅། །ཕྱི་ལོ་______ཞིང་ས་རང་འདེབས་དང་བོགས་མ་གཏོང་ལེན་ཇི་བྱེད་ཞིབ་གནས་འགོད་འབུལ་ཞུས་པ་གཤམ་གསལ།

(ལོ་ལྟར་ཕྱི་ཟླ་བརྒྱད་པའི་ནང་ཚུད་ཞིབ་གནས་ནང་སྲིད་ལས་ཁུངས་སུ་འབུལ་དགོས།)

གཞིས་ཆགས།______________   གྲོང་སྡེ། ______ 

ཨང་།

 

ནང་མི་འགན་འཁུར་བའི་མིང་། ཁང་ཨང་། ནང་མི་གྲངས། ཐོབ་སྐལ་ཨེ་ཀར་གྲངས། རང་འདེབས་ཨེ་ཀར་གྲངས། བོགས་ལེན་ཨེ་ཀར་གྲངས། འདེབས་ལས་བསྡོམས་ཨེ་ཀར་གྲངས། བོགས་མ་གཏོང་ཡུལ་ཞིང་པའི་ཞིབ་གནས། ¸Þ¼-zXôhü
མིང་། ཁང་ཨང་། གྲོང་སྡེ། ཨེ་ཀར་གྲངས།
བསྡོམས།

རྩིས་པ།/ལས་དྲུང/སོ་ནམ་སློབ་སྟོན་པ།                        ས་གནས་འགོ་འཛིན།

མིང།______________ས་རྟགས། ______          མིང།______________ས་རྟགས། ______ 

ཟུར་འཛར་ ག༽ 

༄༅། །གཞིས་ཆགས་སུ་གཞིས་སྐལ་མ་ཐོབ་པའི་སྒུག་ཐོ་འགོད་དེབ་ཀྱི་གཏན་འབེབས་རེའུ་མིག 

༡༠ ༡༡ ༡༢ ༡༣ ༡༤ ༡༥ ༡༦ ༡༧ ༡༨ ༡༩
ཨང༌། མིང༌། ཕོ་མོ། སྐྱེས་ཡུལ། སྐྱེས་ཚེས། བཟའ་ཟླའམ། ཕ་མིང༌།

 

གཞིས་ཆགས་སུ་ཡོང་ཡུལ། གཞིས་ཆགས་སུ་མ་འབྱོར་སྔོན་གྱི་འཚོ་ཐབས། སྐྱབས་བཅོལ་དུ་ཡོང་སྟངས་དང་འབྱོར་ཚེས། སྐྱབས་བཅོལ་ལག་འཁྱེར་ཞུ་ཡུལ་དང་ཨང༌། དཔྱ་དངུལ་ལག་དེབ་ཞུ་ཡུལ་དང་ཨང༌། གཞིས་ཆགས་སུ་འབྱོར་སྟངས་དང་འབྱོར་ཚེས། གསར་སྐྱེས་ཡིན་ན་གྲོང་སྡེ་དང་ཁྱིམ་རྟགས་ཨང༌། ས་སྐལ་ཐོབ་ཚེས། ས་སྐལ་རྒྱ་ཁྱོན། ས་ཐོབ་གྲོང་སྡེ་དང་ཁྱིམ་ཨང༌། རྡོ་རྟགས་ཨང༌། འདས་ཚེས་སམ། ཕྱིར་ཐོན་ཚེས། ཟུར་བརྗོད།

ཟུར་མཆན། གྲོང་སྡེ་སོ་སོར་གོང་གསལ་རེའུ་མིག་ལྟར་སྒུག་ཐོའི་མ་དེབ་རེ་ས་གནས་འགོ་འཛིན་ལས་ཁང་དུ་བདག་ཉར་རྩ་འཛིན་དགོས་པ་དང༌། མ་དེབ་ནང་མིང་ཐོ་གསར་འཇུག་དང་ཕྱིར་འཐེན་བཅས་ཀྱི་སྐབས་གཞི་འཛིན་བྱ་ཡུལ་སྤྱི་མི་དང་བརྒྱ་དཔོན་སོ་སོས་ཡིག་ཐོག་ཏུ་འབུལ་དགོས། ས་གནས་འགོ་འཛིན་ནས་སྒྲིག་གཞིའི་ཆ་རྐྱེན་དང་མཐུན་མིན་ཞིབ་འཇུག་གནང་སྟེ་མ་དེབ་ཏུ་འགོད་དགོས་པ་ཡིན། དེ་མཚུངས་སྤྱི་བརྒྱའི་ངོས་སྦྱོར་ཡིག་ཆུང་ཡང་ཁུངས་སུ་ཉར་ཚགས་བྱེད་དགོས། 

ཟུར་འཛར་ ང༽ 

༄༅། །མངའ་གཞུང་ས་ཁྲལ་བསྡུ་འབུལ་ཇི་བྱེད་ཐོ་འགོད་མ་དེབ། 

གཞིས་ཆགས།______________   གྲོང་སྡེ། ______

ཨང་།

 

ནང་མི་འགན་འཁུར་བའི་མིང་། ཁང་ཨང་། ནང་མི་གྲངས། ས་ཞིང་ཨེ་ཀར་གྲངས། ཨེ་ཀར་རེ་ལ་ས་ཁྲལ་འབབ་སྒོར། བསྡོམས་སྒོར། ཕྱི་ལོ་ _____ ཟུར་བརྗོད།
བྱུང་འཛིན་ཨང་། ཚེས་གྲངས། སྒོར།
བསྡོམས།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༦།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།