དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བོད་རྒྱལ་ལོ་ ༢༡༣༢ ཕྱི་ལོ་ ༢༠༠༥ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༠ དང་དོན་ཚན་ ༤༦ ནང་གསེས་ ༢ པའི་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ལོ་ ༢༡༣༢ ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༣ ཉིན་ཆོག་མཆན་སྩལ་བ་ནས་བཟུང་འགོ་འཛུགས་ཞུས།

དོན་ཚན་བཞི་པ།        སྒྲིག་གཞིའི་ཁྱབ་ཚད།

སྒྲིག་གཞི་འདིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༧ ནང་གསལ་འདེམས་ཐོན་གྱིས་དོན་ཚན་ ༤༧ དགོངས་དོན་དམ་བཅའ་ཕུལ་བའི་སྤྱི་འཐུས་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་ལྔ་པ།          སྨན་བཅོས་ཐོབ་ཐང༌།

༡    སྨན་བཅོས་ཀྱི་འགན་འཁུར།

ནད་མནར་སྨན་བཅོས་འགན་འཁུར་འཕྲོད་བསྟེན་ལས་ཁུངས་ལ་ཡོད།

༢    སྨན་བཅོས་བྱ་ཡུལ།

ཀ    སྤྱི་འཐུས་གང་ཞིག་ཛ་དྲག་དང༌། ཛ་དྲག་མ་ཡིན་པའི་ནད་མནར་སྨན་བཅོས་བསྟེན་གཏུགས་བྱ་ཡུལ་ཐད་ས་གནས་སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་སྨན་ཁང་ཡོད་རིགས་ཀྱི་སྨན་པའི་འཛིན་སྐྱོང་སྤྱི་ཁྱབ་ཡོད་ན་དང༌། དེ་མིན་འགན་འཛིན་སུ་ཡིན་ནས་ནད་བབས་ངོས་སྦྱོར་ཡོད་པའི་ཐོག་སྨན་ཁང་དེ་ནས་སྨན་བཅོས་བྱེད་དགོས།

ཁ    སྨན་ཁང་དེ་ནས་སྨན་བཅོས་མ་ཐུབ་པ་དང༌། མཐུན་རྐྱེན་འཛོམས་མིན་གྱི་གནས་ཚུལ་བྱུང་ན་ངོས་སྦྱོར་དང་སྦྲགས་རྒྱ་བལ་འབྲུག་གསུམ་ནང་གི་གཞུང་གི་སྨན་ཁང་དང༌། གཞུང་གི་ཡན་ལག་སྨན་ཁང་གང་རུང་ལ་བསྟེན་གཏུགས་སྨན་བཅོས་བྱེད་དགོས། གལ་སྲིད་ནད་བབས་འདྲ་མིན་དང༌། ཛ་དྲག་ཆེ་བ། དུས་ཚོད་དང༌། ཆ་རྐྱེན་མ་འཛོམས་པ་བཅས་བྱུང་ན་སྒེར་པའི་སྨན་ཁང་གང་རུང་ལ་བསྟེན་གཏུགས་ཆོག

ག    གལ་སྲིད་བོད་མིའི་སྒྲིག་འཛུགས་དང་། རྒྱ་བལ་འབྲུག་གསུམ་ནང་གི་གཞུང་གི་སྨན་ཁང༌། ཡན་ལག་སྨན་ཁང་བཅས་མེད་པའི་ས་གནས་ཤིག་ཡིན་ན། སྒེར་པའི་སྨན་ཁང་དང་སྨན་བཅོས་བྱ་ཡུལ་གང་འོས་སུ་སྨན་བཅོས་བྱེད་དགོས།

ང    གློ་ནད་ཀྱི་རིགས་དང༌། འབྲས་ནད། མཛེ་ནད། རིག་འཚོ་མ་ཟིན་པ་བཅས་འབྲེལ་ཡོད་སྨན་ཁང་གང་རུང་ལ་བསྟེན་གཏུགས་བྱ་རྒྱུ།

༣   སྨན་བཅོས་ཐོབ་ཐང་དང༌། འགན་འཁུར།

ཀ བཞུགས་སྒར་དུ་སྨན་རྩིས་ཁང་དང༌། བདེ་ལེགས་སྨན་ཁང་སོ་སོ་ནས་སྨན་བཅོས་འགན་འཁུར་དང༌། འགན་འཁུར་མི་ཐུབ་པའི་རིགས་སྨན་ཁང་གཞན་ལ་བསྟེན་གཏུགས་བྱ་རྒྱུའི་སྒྲིག་གསལ་ནད་བབས་གཞིར་བཟུང་ངོས་སྦྱོར་དང་འབྲེལ་ལམ་སྟོན་དགོས་རིགས་ཀྱི་འགན་འཁུར་བྱེད་དགོས། ནད་བབས་ཆུང་ཙག་རིགས་བསྟེན་གཏུགས་སྐབས་གོང་གསལ་སྨན་ཁང་གཉིས་ནས་སྤྱི་མཚུངས་བང་རིམ་དུ་སྒུག་སྡོད་མ་དགོས་པར་དམིགས་བསལ་དུས་ཚོད་སྤྲོད་དགོས།

ཁ ཕན་ཚུན་ཕྱོགས་བསྐྱོད་སྐབས་ས་གནས་གང་རུང་དུ་ནད་མནར་བྱུང་ཚེ་ས་གནས་དེར་ཡོད་འཕྲོད་བསྟེན་ཁྱབ་ཁོངས་ཕྱི་ལུགས་དང༌། བོད་ཀྱི་གསོ་བ་རིག་པའི་ཡན་ལག་སྨན་ཁང་གང་འོས་ནས་སྤྱི་མཚུངས་སྨན་བཅོས་འགན་འཁུར་བྱེད་དགོས།

༤   སྨན་བཅོས་ཐོབ་ཐང་གི་རིམ་པ།

ཀ    སྨན་བཅོས་བྱ་ཡུལ་གང་ཡིན་དེའི་ཉལ་ཁང་ཨང་དང་པོའི་ཐོབ་ཐང་ཡོད། འོན་ཀྱང་རིམ་པ་སོ་སོའི་ཐོབ་ཐང་ལྟར་གྱི་ཉལ་ཁང་མེད་པ་དང༌། ཡང་ན་གཤམ་འོག་ཉལ་ཁང་ནང་མཐུན་རྐྱེན་འགྲིགས་ངེས་ཡོད་ན་དེས་འཐུས་རྒྱུ།

ཁ    སྤྱི་འཐུས་གང་ཞིག་ནད་མནར་སྨན་བཅོས་ཆེད་སྨན་ཁང་གང་ཞིག་ཏུ་བསྐྱོད་དགོས་ཀྱི་ལམ་གྲོན་བཅས་ལས་དོན་ཕྱོགས་བསྐྱོད་སྐབས་ཀྱི་ཐོབ་ཐང་ཇི་ཡོད་ལྟར་དང༌། ནད་གཡོག་གཅིག་གི་ལམ་གྲོན་ནད་པ་གང་ཡིན་དེ་དང་གཅིག་གྱུར་ཡིན། ནད་པར་གོ་བབས་གཞིར་བཟུང་དང༌། ནད་གཡོག་ལ་རྒན་དྲུང་དང་འདྲ་བའི་ཟུར་ཕོགས་འཐོབ་རྒྱུ།

ག དགོས་གལ་མཆིས་རིགས་ནས་འདས་པའི་ལོ་གཉིས་ནང་སྨན་བཅོས་ཀྱི་ཐོབ་ཐང་ཞུས་སྩལ་མེད་ཚེ་བརྟག་དཔྱད་བྱ་དགོས་ཀྱི་གནས་ལུགས་དང་སྦྲགས་གཟུགས་བབས་བརྟག་དཔྱད་ཐེངས་རེ་གནང་རྒྱུར་འཕྲོད་བསྟེན་ལས་ཁུངས་སུ་སྙན་སེང་བཀའ་འཁྲོལ་ཞུ་ཐོབ་དགོས།

ང    སྤྱི་འཐུས་གང་ཞིག་ནད་མནར་སྨན་བཅོས་བྱ་དགོས་སྐབས་ས་ཐོག་འཁོར་ལམ་མེད་པ་དང༌། ས་ལམ་བདེ་བགྲོད་མེད་པ། ཛ་དྲག་ཆེ་བ། ནད་བབས་དང་གང་ཅིའི་ཐད་སྔོན་ཚུད་བཀའ་འཁྲོལ་ཞུ་ཁོམ་མ་བྱུང་ན་རྗེས་སུ་རྩིས་འགྲོ་འཕེར་ངེས་ཐོབ་འཛིན་དང་མཉམ་དུ་གནམ་ཐོག་བསྐྱོད་དགོས་བྱུང་བའི་རྒྱུ་མཚན་གསལ་བཀོད་ཁུངས་སྐྱེལ་ཞུ་དགོས་པ་ཡིན། གལ་སྲིད་རྒྱུ་མཚན་ཁུངས་འཕེར་འདང་ངེས་མེད་ན་རྩིས་འགྲོ་གཏོང་རྒྱུ་མིན། འདི་རིགས་ལ་ཉིན་དོད་ཀྱི་ཐོབ་ཐང་མེད།

ཅ    སོའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཕྱི་ལུགས་སྨན་ཁང་དུ་བསྟེན་གཏུགས་བྱས་ཚེ་སྨན་གྲོན་འཛིན་གསལ་འཐོབ་རྒྱུ། སྒེར་པའི་སྨན་ཁང་དུ་བསྟེན་དགོས་མཆིས་ཚེ་འཕྲོད་བསྟེན་ཁྱབ་ཁོངས་ཕྱི་ལུགས་སྨན་ཁང་ནས་ངོས་སྦྱོར་དང་སྦྲགས་ལོ་ ༣ ནང་སྨན་ཡོན་འགྲོ་གྲོན་མཐོ་ཚད་ཧིན་སྒོར་ ༣༠༠༠།༠༠ ལས་མ་བརྒལ་བ་ཞུ་སྤྲོད་ཆོག དེ་རིགས་ལ་ལམ་གྲོན་ཐོབ་ཐང་མེད།

ཆ    སྨན་པའི་བརྟག་དཔྱད་ལྟར་མིག་ཤེལ་གསར་དུ་བཟོ་དགོས་དང༌། བརྗེ་དགོས། ཆག་སྐྱོན་སོང་བ་བཟོ་དགོས་མཆིས་ཚེ་ལོ་ ༥ ནང་མཐོ་ཚད་ཧིན་སྒོར་ ༢༢༥༠།༠༠ འཐོབ་རྒྱུ། དེ་རིགས་ལ་ལམ་གྲོན་ཐོབ་ཐང་མེད། དེ་ཡང་འཕྲོད་བསྟེན་ལས་ཁུངས་ནས་སྔོན་ཚུད་བཀའ་འཁྲོལ་ཞུ་ཐོབ་དགོས།

ཇ གཞུང་འབྲེལ་མིན་པ་སྒེར་དོན་སླད་རྒྱ་བལ་འབྲུག་གསུམ་ཕུད་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་རིང་ནད་མནར་སྨན་བཅོས་བྱ་དགོས་མཆིས་ཚེ་སྨན་བཅོས་ཀྱི་འགྲོ་གྲོན་ཇི་སོང་དོ་བདག་སོ་སོས་སྤྲོད་དགོས།

ཉ    སྒྲིག་གཞི་འདིའི་དགོངས་དོན་ཐོབ་ཐང་བཞེས་མཁན་རྣམས་ལ་འཕྲོད་བསྟེན་ལས་ཁུངས་ནས་ངོ་སྤྲོད་ཕྱག་འཁྱེར་རེ་འབུལ་དགོས།

༥    སྨན་བཅོས་མཐུན་རྐྱེན།

ཀ    སྨན་བཅོས་ཀྱི་འགྲོ་གྲོན་འགན་འཁུར་འཕྲོད་བསྟེན་ལས་ཁུངས་ནས་བྱ་དགོས་ཚེ་ཟླ་རེར་མཚན་དོད་དང་ལས་དོད་འབབ་ཀྱི་བརྒྱ་ཆ་ ༢ རེ་འཕྲོད་བསྟེན་ལས་ཁུངས་སུ་འབུལ་དགོས། གལ་སྲིད་གོང་གསལ་སྨན་དོད་ཀྱི་ཐོབ་ཆ་བསྡུ་འབུལ་མ་ཞུས་རིགས་ལ་ནད་མནར་བྱུང་བ་ཡིན་ན་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་མཐུན་རྐྱེན་འགན་ལེན་བྱ་དགོས་མེད།

ཁ གོང་གསལ་བརྒྱ་ཆ་གཏན་འབེབས་ལྟར་སྨན་བཅོས་དོད་ཕུལ་རིགས་ལ་རྒྱ་བལ་འབྲུག་གསུམ་ནང་ནད་མནར་སྨན་བཅོས་སྐབས་སྒྲིག་མཐུན་སྨན་བཅོས་འགྲོ་གྲོན་ཇི་སོང་འཕྲོད་བསྟེན་ལས་ཁུངས་ནས་གནང་རྒྱུ།

ག    ནད་མནར་སྐབས་སྒྲིག་གཞི་ལྟར་གྱི་སྨན་བཅོས་འགྲོ་གྲོན་གཏོང་དགོས་རིགས་འཕྲོད་བསྟེན་ལས་ཁུངས་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས། འོན་ཀྱང་གློ་བུར་ཛ་དྲག་གི་ནད་མནར་རིགས་ནས་ཉིན་བཅུའི་ནང་ཚུན་བཀའ་འཁྲོལ་ཞུ་འཐུས།

ང    སྨན་བཅོས་ཇི་བྱས་ཀྱི་འགྲོ་སོང་རྩིས་ཁྲ་མཐའ་དག་ཁུངས་སོ་སོ་ནས་ཟླ་བ་ ༣ ནང་ཚུན་ཁུངས་འཕེར་ཐོབ་འཛིན་དང་བཅས་རྩིས་འགྲོ་འཕེར་ངེས་ཀྱི་རྩིས་ཁྲ་ཁམས་དྭངས་འབུལ་དགོས།

དོན་ཚན་དྲུག་པ།        གཞུང་དོན་ཕྱོགས་བསྐྱོད་ཀྱི་འགྲིམ་འགྲུལ་འགྲོ་གྲོན་ཐོབ་ཐང༌།

སྤྱི་འཐུས་རྣམས་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་བཅས་དང༌། དེ་ལས་གཞན་པའི་ཡུལ་གྲུ་ཁག་ཏུ་གཞུང་དོན་ཕྱོགས་བསྐྱོད་སྐབས་ཀྱི་འགྲིམ་འགྲུལ་འགྲོ་གྲོན་ཐོབ་ཐང༌།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པར་གནམ་གྲུ་དཀྱུས་མ་ (Economy) དང༌། མེ་འཁོར་ཨང་དང་པོ། གྲང་གློག་ཨང་གཉིས་པར་བསྐྱོད་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་གྲང་གློག་ཨང་གཉིས་པར་གཟིམ་ཁྲི་མ་ཐོབ་ཚེ་གྲང་གློག་ཨང་དང་པོར་བསྐྱོད་ཆོག

༢    སྤྱི་འཐུས་རྣམ་པར་མེ་འཁོར་ཨང་དང་པོ། གྲང་གློག་ཨང་གཉིས་པ། རྒྱ་གར་ཕུད་པའི་ཕྱི་རྒྱལ་དུ་ཕྱོགས་བསྐྱོད་དང༌། ཕྱི་རྒྱལ་ནས་ཚོགས་བཅར་སྐབས་སུ་ལྡི་ལི་བར་ཕར་ཚུར་གནམ་གྲུ་དཀྱུས་མའི་(Economy)ནང་བསྐྱོད་རྒྱུའི་ཐོབ་ཐང་ཡོད།

༣ སྤྱི་འཐུས་གྲང་གློག་ཨང་གཉིས་པའི་ཐོབ་ཐང་ཡོད་པ་རྣམས་ཛ་དྲག་གི་ཕེབས་དགོས་ཀྱིས་གྲང་གློག་ཨང་གཉིས་པར་གཟིམ་ཁྲི་མ་ཐོབ་སྐབས་གྲང་གློག་དང་པོ་དང་གནམ་གྲུ་དཀྱུས་མ་(Economy)གང་འོས་བསྐྱོད་འཐུས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་ནས་བཀའ་འཁྲོལ་ཞུ་ཐོབ་དགོས། འོན་ཀྱང་གྲང་གློག་ཨང་གཉིས་པའི་ཐོག་ཉིན་གཅིག་གི་ལས་དོད་དང༌། ཉིན་དོད་བསྡོམས་པའི་དངུལ་འབོར་གནམ་གྲུ་དཀྱུས་མའི་རིན་གོང་ལས་མ་བརྒལ་ཚེ་གནམ་གྲུ་དཀྱུས་མའི་ནང་བསྐྱོད་རྒྱུའི་བཀའ་འཁྲོལ་ཞུ་མི་དགོས།

༤ སྤྱི་འཐུས་རྣམས་སོ་སོའི་གཏན་སྡོད་ས་གནས་ནས་ཐག་ཉེ་ཤོས་མེ་འཁོར་བབས་ཚུགས་བར་ཡར་མར་འབྲེལ་ཡོད་སྡེ་ཚན་ནས་ཕེབས་འཁོར་མཐུན་འགྱུར་གནང་ཐུབ་མིན་བྱུང་ཚེ་གླ་གཏོང་སྣུམ་འཁོར་(Taxi)འཁྲིད་འཐུས།

༥    སྤྱི་འཐུས་སྐབས་རེའི་ལས་ཡུན་རིང་སོ་སོའི་འདེམས་ཁོངས་ནང་སྡོད་གནས་ཐེངས་གཅིག་བརྗེ་བསྒྱུར་ཆོག་རྒྱུར་སྤྱི་འཐུས་རྒྱུན་ལས་ནས་བཀའ་འཁྲོལ་ཞུ་ཐོབ་དགོས།

དོན་ཚན་བདུན་པ།       སྤྱི་འཐུས་ཀྱི་མཚན་མཐོང་དོད་དང༌། ལས་དོད། ཉིན་དོད། དེ་བཞིན་གཞུང་དོན་ཕྱོགས་བསྐྱོད་ཀྱི་ལས་དོད་དང་ཉིན་དོད་ཐོབ་ཐང༌།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ལ་མཚན་མཐོང་དོད་དང༌། ལས་དོད། ཉིན་དོད་བཅས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཇི་གནང་ལྟར་འཐོབ་རྒྱུ།

སྤྱི་འཐུས་རྒྱུན་ལས་དང༌། ཕྱོགས་བཞུགས་སྤྱི་འཐུས་རྣམས་གཞུང་དོན་ཕྱོགས་བསྐྱོད་དང༌། གྲོས་ཚོགས་ཚོགས་བཅར། ཆེད་བཙུགས་ཚོགས་ཆུང་ཁག་ལ་ལས་བཅར་སྐབས་ཡར་མར་ལམ་བར་ཉིན་གྲངས་ཇི་འགོར་དང་ལས་ཡུན་ཉིན་གྲངས་ཇི་འགོར་ལ་རེས་གཟའ་སྤེན་པ་དང་པོ་ཕུད་དེ་མིན་རེས་གཟའ་སྤེན་ཉི་རྣམས་དང་། གཞུང་འབྲེལ་གུང་གསེང་ཁག་བཅས་ཚུད་པའི་ལས་དོད་ཐོག་ཉིན་རེའི་ཕྱོགས་བསྐྱོད་ཉིན་དོད་འཐོབ་རྒྱུ། གཞུང་དོན་ཕྱོགས་བསྐྱོད་སྐབས་སྤྱི་འཐུས་རང་ངོས་ནས་གནམ་ཐོག་བསྐྱོད་ཚེ་མེ་འཁོར་གྱི་གླ་འབབ་ཇི་ཐོབ་ལྟར་འབུལ་རྒྱུའི་ཐོག ལམ་བར་ཇི་འགོར་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་གནང་བའི་ཉིན་གྲངས་ལྟར་ལས་དོད་དང་། ཉིན་དོད་འཐོབ་རྒྱུ།

༢    ཕྱོགས་བསྐྱོད་ཉིན་རེའི་ཉིན་དོད་ཀྱི་དུས་ཡུན་དང་ས་ཐག་བརྩི་སྟངས་ནི།

ཀ    ས་ཐག་ཀི་ལོ་མི་ཊར་ ༡༢ བརྒལ་ཏེ་ཆུ་ཚོད་ ༦ ཡན་གྱི་དུས་ཡུན་ཇི་སོང་ལ་ཉིན་རེའི་ཉིན་དོད་ཆ་ཚང་འཐོབ་རྒྱུ་དང༌། དུས་ཡུན་ཚོུད་ ༦ མན་དང་ཆུ་ཚོད་ ༣ ཡན་ལ་ཉིན་རེའི་ཉིན་དོད་ཕྱེད་འཐོབ་རྒྱུ།

ཁ    ས་གནས་གཅིག་ཏུ་འགོར་ཡུན་ཉིན་གྲངས་ ༡༥ བར་ཉིན་རེའི་ཉིན་དོད་ཆ་ཚང་དང༌། དེ་རྗེས་ས་གནས་གཅིག་ཏུ་འགོར་ཡུན་ཉིན་གྲངས་ ༢༥ བར་ཉིན་དོད་ཕྱེད་འཐོབ་རྒྱུ། དེ་ལས་བརྒལ་བར་ཉིན་དོད་ཐོབ་ཐང་མེད། གསོལ་ཚིགས་ནར་གཏོང་ཡོད་ན་ཉིན་རེའི་ཉིན་དོད་ཕྱེད་འབབ་འཐོབ་རྒྱུ།

ག    གོང་གསལ་ས་གནས་གཅིག་ཏུ་ཞེས་པ་ནི། ཀི་ལོ་མི་ཊར་ ༡༠ འགྱངས་ཁད་ལས་མེད་རིགས་སྡེ་ཚན་འདྲ་མིན་ཇི་ཡོད་ལ་ས་གནས་གཅིག་ཏུ་བརྩི་རྒྱུ་དང༌། གྲོང་ཁྱེར་ཁག་ལ་ས་ཐག་རིང་ཐུང་གི་ཚད་གཞི་མེད་པར་ས་གནས་གཅིག་ཏུ་བརྩི་རྒྱུ།

ང ཕྱོགས་བསྐྱོད་ལས་རྒྱུན་ཉིན་གྲངས་ཐོག་མར་གཏན་འབེབས་གནང་བ་ལས་ས་གནས་སུ་ཉིན་གྲངས་གསུམ་ཡན་འགོར་རིགས་རྒྱུ་མཚན་དང་སྦྲགས་ཆོག་མཆན་མ་ཞུས་པར་རང་འཚམས་འགོར་སྡོད་མི་ཆོག

དོན་ཚན་བརྒྱད་པ།       ཕྱོགས་བཞུགས་སྤྱི་འཐུས་རྣམ་པར་བཞུགས་ཤག་ཐོབ་ཐང༌།

སྤྱི་འཐུས་རྣམས་གྲོས་ཚོགས་ཚོགས་བཅར་དང་ཆེད་བཙུགས་ཚོགས་ཆུང་སོགས་སུ་གཞུང་འབྲེལ་ལས་བཅར་སྐབས་མགྲོན་ཁང་ཚད་ལྡན་གླ་མེད་གོ་སྒྲིག་གནང་དགོས།

དོན་ཚན་དགུ་པ།        ཕྲུ་གུ་སློབ་འཇུག

༡    སྤྱི་འཐུས་སུ་འདེམས་ཐོན་གྱིས་དམ་འབུལ་བྱུང་བ་རྣམས་ཀྱི་ཕྲུ་གུ་སློབ་འཇུག་ལས་བྱེད་པའི་ཕྲུ་གུ་སློབ་འཇུག་དང་སྤྱི་མཚུངས་ཤེས་རིག་ལས་ཁུངས་དང༌། བོད་ཁྱིམ་བཅས་སུ་སྐབས་སོ་སོར་སྒྲིག་མཐུན་རྒྱན་རྒྱག་གིས་སློབ་འཇུག་བྱ་རྒྱུ།

༢    ལས་འཁུར་འཁྱུར་མཚམས་ནས་ཕྲུ་གུ་སློབ་གྲྭར་མུ་མཐུད་བཞག་ཚེ་ལས་ཡུན་ལོ་ལྔའམ་སྐབས་གཅིག་ཧྲིལ་པོ་མ་ལོན་པའི་རིགས་ནས་སློབ་ཡོན་ཆ་ཚང་ཁུངས་སུ་འབུལ་དགོས་པ་དང༌། ལས་ཡུན་སྐབས་གཅིག་ཧྲིལ་པོའམ་ལོ་ལྔ་ལོན་པ་ནས་བརྒྱ་ཆ་ ༥༠ དང༌། ལས་ཡུན་སྐབས་གཉིས་ཧྲིལ་པོའམ་ལོ་བཅུ་ལོན་པ་ནས་འབུལ་མི་དགོས།

༣ སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་སྔོན་གྱི་ལས་གནས་གང་ཡིན་སྐབས་ཕྲུ་གུ་སློབ་འཇུག་གི་ཐོབ་ཐང་ཡོད་བཞིན་པ་དེ་དང་ད་ལྟའི་སྤྱི་འཐུས་ལས་ཐོག་དང་ལས་འཁྱུར་སྐབས་ཀྱི་ཐོབ་ཐང་གཉིས་ནས་གདམ་ཀ་ཆོག་པ་ཡིན།

དོན་ཚན་བཅུ་པ།        ཁ་པར་བེད་སྤྱོད་ཀྱི་འགྲོ་གྲོན།

༡    རྒྱ་བལ་འབྲུག་གསུམ་གྱི་སྤྱི་འཐུས་རེ་ལ་རྩིས་ལོ་གཅིག་ནང་མཚན་གནས་རྗེས་འབྲེལ་གྱི་གཞུང་འབྲེལ་ལས་དོན་ཞུ་ཆེད་ཁ་པར་བེད་སྤྱོད་ཀྱི་རིན་འབབ་དོད་ཧིན་སྒོར་ ༣༠༠༠།༠༠ རེ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་རེ་ལ་ཧིན་སྒོར་ ༡༢༠༠༠།༠༠ རེ་ཞུ་སྤྲོད་ཆོག

༢    སྤྱི་འཐུས་རྣམས་ཀྱིས་ཚོགས་དྲུང་ལས་ཁུངས་ནས་རྒྱང་འབོད་ཁ་པར་ (STD call) གཞུང་འབྲེལ་གྱིས་གཏོང་དགོས་རིགས་ཚོགས་གཙོ་སྦྲེལ་པོར་གནད་དོན་དང་འབྲེལ་ཆོག་མཆན་ཞུ་དགོས་པ་དང༌། སྒེར་གྱིས་གཏོང་དགོས་རིགས་ལ་རིན་འབབ་འབུལ་དགོས། དེ་མིན་ས་ཁུལ་ཁ་པར་རྣམས་ (Local call) གཞུང་འབྲེལ་ལ་བརྩི་རྒྱུ།

དོན་ཚན་བཅུ་གཅིག་པ།   སྤྱི་འཐུས་དང༌། སྤྱི་འཐུས་ཟུར་པའི་བཞུགས་གྲལ།

༡ སྤྱི་འཐུས་ཟུར་པ་རྣམས་ལ་མཚན་མཐོང་མཚོན་ཆེད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་གཞུང་འབྲེལ་མཛད་སྒོ་རྣམས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་རྣམས་ཁྲིམས་ཞིབ་པ་ཟུར་པའི་མཚམས་དང༌། ཚོགས་གཞོན་ཟུར་པ་རྣམས་བཀའ་བློན་ཁྲི་པ་ཟུར་པའམ། སྲིད་སྐྱོང་ཟུར་པའི་མཚམས། སྤྱི་འཐུས་ཟུར་པ་རྣམས་སྤྱི་འཐུས་རྣམ་པའི་མཚམས་སུ་གོ་སྒྲིག་ཞུ་དགོས།

༢    ཕྱོགས་བཞུགས་སྤྱི་འཐུས་རྣམས་སྤྱི་འཐུས་རྒྱུན་ལས་ལྷན་དུ་དང༌། ས་གནས་སུ་སྤྱི་འཐུས་རྣམ་པ་ས་གནས་ཁྲིམས་ཞིབ་པའི་གོང་དུ་གོ་སྒྲིག་ཞུ་དགོས།

དོན་ཚན་བཅུ་གཉིས་པ།   ཆོག་མཆན་དང༌། རྩིས་ཁྲ།

སྤྱི་འཐུས་རྣམས་གྲོས་ཚོགས་ཚོགས་བཅར་དང༌། གཞུང་དོན་ཕྱོགས་བསྐྱོད། གཞན་ཡང་ཚོགས་ཆུང་ཁག་ལ་ལས་བཅར་བཅས་ཀྱི་ལམ་གྲོན། བདལ་གླ་བཅས་རྩིས་འགྲོ་འཕེར་ངེས་ཀྱི་རྩིས་ཤོག་ལ་ཚོགས་གཙོའམ་ཚོགས་གཞོན་ནས་དག་མཆན་འཁོད་དགོས་པ་ལས་རང་ཉིད་ནས་ཆོག་མཆན་སྤྲོད་མི་ཆོག འགྲོ་གྲོན་རྩིས་ཁྲ་ཁམས་དྭངས་ཟླ་བ་ ༢ ནང་ཚུན་ངེས་པར་འབུལ་དགོས།

དོན་ཚན་བཅུ་གསུམ་པ།   སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བཀའ་ཤག་དང་སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༧།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།