ལེའུ་དང་པོ།

སྒྲིག་གཞི་ངོ་སྤྲོད།

དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༢༧ ཕྱི་ལོ་ ༢༠༠༠ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཅའ་ཁྲིམས་དོན་ཚན་ ༩༧ ནང་གསེས་ ༤ པ་དང་ ༥ པའི་ཆ་རྐྱེན་འོག་བཟོ་འགོད་བྱས་པ་ཡིན།

དོན་ཚན་གསུམ་པ།      འགོ་འཛུགས།

སྒྲིག་གཞི་འདི་བོད་རྒྱལ་ལོ་ ༢༡༢༧ ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༨ ནས་འགོ་འཛུགས་ཀྱིས་དངོས་སུ་ལག་བསྟར་བྱ་རྒྱུ།

དོན་ཚན་བཞི་པ།        ཁྱབ་ཚད།

སྒྲིག་གཞི་འདིས་སྲིད་སྐྱོང་དང༌། བོད་མི་མང་སྤྱི་འཐུས་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཚོགས་གཙོ། དྲུང་རྩིས་དང་དངུལ་གཉེར་བཅས་ཀྱི་འོས་བསྡུ་ཁག་དང༌། ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱིས་མཚོན་འཆར་འཕར་གཞུང་འབྲེལ་འོས་བསྡུའི་ལས་དོན་ཐམས་ཅད་ལ་ཁྱབ་པ་ཡིན།

ལེའུ་གཉིས་པ།

དབུས་འོས་བསྡུ་ལས་ཁང་དང༌། འོས་བསྡུའི་ལས་རིམ།

དོན་ཚན་ལྔ་པ།          དབུས་འོས་བསྡུ་ལས་ཁང་གི་སྒྲིག་འཛུགས།

༡    སྒྲིག་གཞི་འདིའི་དོན་ཚན་ ༤ པ་ནང་གསལ་འོས་བསྡུའི་ལས་དོན་རྣམས་ཀྱི་ཆེད་དུ་རང་དབང་ལྡན་པའི་དབུས་འོས་བསྡུ་ལས་ཁང་ཞིག་དགོས།

༢    དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

༣   སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་དུ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

༤ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་གཤམ་འོག་ལས་བྱེད་ཇི་དགོས་སྐབས་བསྟུན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་བཀའ་ཤག་ལ་གོ་བསྡུར་དང་འབྲེལ། བཀའ་ཤག་གིས་བསྐོ་གཞག་དང་འཕོ་ལེན་བྱེད་འཐུས།

༥ དབུས་འོས་བསྡུ་ལས་ཁང་གི་བལྟ་སྐྱོང་བཀོད་བྱུས་འོག་བོད་མི་གནས་ཡུལ་སྡོད་སྒར་སོ་སོར་འོས་བསྡུའི་ལས་དོན་དྲང་བདེན་ཚགས་ཚུད་འབྱུང་སླད་ས་གནས་འོས་བསྡུ་ལས་ཁང་རེ་དགོས།

༦   སྲིད་སྐྱོང་དང༌། བོད་མི་མང་སྤྱི་འཐུས་བཅས་ཀྱི་འོས་བསྡུའི་ལས་རིམ་འགོ་འཛུགས་ཞུས་པ་ནས་མཇུག་བསྒྲིལ་མ་བྱུང་བར་ས་གནས་འོས་བསྡུའི་འགན་འཛིན་རྣམས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་བཀའ་བསྡུར་མེད་པར་བཀའ་ཤག་གིས་འཕོ་ལེན་གཏོང་མི་ཆོག

དོན་ཚན་དྲུག་པ།        དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གྱི་འོས་ཆོས།

༡    བོད་ཀྱི་ཡུལ་མི་ཡིན་པ།

༢    རང་ལོ་ ༣༥ ཧྲིལ་པོ་ལོན་པ།

༣   ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་དང༌། གཞུང་དངུལ་རྩིས་ཆད་འབུལ་བསྡད་ཡོད་པ་མ་ཡིན་པ།

༥    ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦   སྲིད་དོན་ཚོགས་པ་གང་རུང་གི་ཚོགས་མི་མ་ཡིན་པ།

༧   བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

དོན་ཚན་བདུན་པ།       དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གྱི་ཡུན་ཚད།

དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་ཀྱི་ལས་རྒྱུན་ནི་སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གྱི་བར་ཡིན།

དོན་ཚན་བརྒྱད་པ།       དབུས་འོས་བསྡུ་ལས་ཁང་གི་འགན་དབང༌།

༡    སྒྲིག་གཞི་འདིའི་དོན་ཚན་ ༤ པ་ནང་གསལ་འོས་བསྡུའི་ལས་དོན་ཡོངས་རྫོགས་ཀྱི་འགན་དབང་ཆ་ཚང་ཡོད།

༢    འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་བྱུང་ལ་ཞིབ་འཇུག་དང༌། ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱེད་དགོས། དབུས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་མ་གཏོགས་གཞན་ལ་ཞུ་གཏུགས་མི་ཆོག

༣   སྤྱི་ཡོངས་འོས་བསྡུའི་སྒྲིག་གཞི་ཟིན་བྲིས་བཟོ་འགོད་དང༌། གཏན་འབེབས་ཟིན་པའི་སྒྲིག་གཞི་ལ་བསྐྱར་བཅོས་དགོས་རིགས་དབུས་འོས་བསྡུ་ལས་ཁང་ནས་འཆར་ཟིན་བཀོད་དེ་སྤྱི་འཐུས་ལྷན་ཚོགས་སུ་འབུལ་དགོས།

༤   དམིགས་བསལ་འོས་བསྡུའི་ལས་དོན་བྱེ་བྲག་པ་ཁག་གི་སྒྲིག་གཞི་བཟོ་འགོད་དགོས་རིགས་དབུས་འོས་བསྡུ་ལས་ཁང་ནས་འཆར་ཟིན་བཀོད་དེ་སྤྱི་འཐུས་ལྷན་ཚོགས་སུ་འབུལ་དགོས།

༥ འོས་བསྡུའི་ལས་དོན་ལ་མཁོ་བའི་ཆ་རྐྱེན་རྒྱུན་དུ་གྲ་སྒྲིག་ཨང་གསར་གྱིས་གློ་བུར་འཕར་མའི་འོས་བསྡུ་བྱ་དགོས་བྱུང་རིགས་སྒྲིག་གཞི་ནང་གསལ་ལྟར་གྱི་དུས་ཡུན་ནང་འོས་བསྡུ་ཐུབ་པ་བྱེད་དགོས།

༦   ས་གནས་འོས་བསྡུ་ལས་ཁང་སོ་སོར་འགན་འཛིན་དང་འགན་འཛིན་ལས་རོགས་བསྐོ་གཞག་བྱེད་དགོས།

༧   ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་གང་རུང་ཚོགས་མིར་མི་འོས་པའི་གནས་ཚུལ་རིགས་ཤེས་རྟོགས་བྱུང་ཚེ། དབུས་འོས་བསྡུ་ལས་ཁང་ནས་ཕྱིར་འཐེན་དགོས་པའི་བཀའ་ཁྱབ་གཏོང་དགོས།

༨    དབུས་འོས་བསྡུ་ལས་ཁང་དང་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ཚོགས་མི་སུ་རུང་འོས་གཞིའི་ཁོངས་ཚུད་དེ། ཞུགས་འདོད་ཡོད་རིགས་རང་ཉིད་ཀྱི་ལས་འཁུར་ནས་རྩ་དགོངས་ཞུ་དགོས་པ་དང༌། ཚབ་གསར་སྒྲིག་གཞི་འདིའི་དོན་ཚན་ ༥ པའི་ནང་གསེས་ ༢ དང་ ༣ དེ་བཞིན་དོན་ཚན་ ༡༢ དང་ ༡༣ ནང་གསལ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་དགུ་པ།        དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས།

༡    དབུས་འོས་བསྡུ་ལས་ཁང་གི་ལོ་འཁོར་སྔོན་རྩིས་དང༌། རྩིས་ཁྲ་བཅས་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་འགན་འཁུར་སྟངས་འཛིན་བྱེད་དགོས་པ་དང༌། གཤམ་འོག་ལས་བྱེད་ཁག་གཞུང་དོན་ཕྱོགས་བསྐྱོད་བྱེད་དགོས་རིགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་བཀའ་འཁྲོལ་དང་ལས་བསྡོམས་སྙན་ཞུ་འབུལ་དགོས། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གཞུང་དོན་ཕྱོགས་བསྐྱོད་དགོས་གལ་བྱུང་ཚེ། སྤྱི་འཐུས་རྒྱུན་ལས་ལ་བཀའ་འཁྲོལ་ཞུ་དགོས།

༢    དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་རྒྱུན་ལྡན་གུང་གསེང་ཐོབ་ཆ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྤྱི་མཚུངས་ལྟར་དང༌། ངེས་མེད་གུང་གསེང་ཕུད། ཐོབ་གསེང་གིས་མཚོན་རྡ་ས་ནས་ཕྱིར་ཕེབས་དགོས་རིགས་ཀྱི་གུང་གསེང་ཡོངས་རྫོགས་སྤྱི་འཐུས་རྒྱུན་ལས་ལ་བཀའ་འཁྲོལ་ཞུ་དགོས།

དོན་ཚན་བཅུ་པ།        དབུས་འོས་བསྡུ་ལས་ཁང་དང༌། ས་གནས་འོས་བསྡུ་ལས་ཁང་ནས་གལ་ཆེའི་ལས་དོན་ཐག་གཅོད་ཀྱི་ཆ་རྐྱེན།

༡    འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཐག་གཅོད།

༢    འོས་གཞིར་བརྟག་ཞིབ་རྩད་གཅོད།

༣   སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་གྲངས་བཤེར།

༤   འོས་སྒམ་ལ་རྟགས་ཐེལ་རྒྱག་པའི་སྐབས་ས་གནས་འོས་བསྡུ་ལས་ཁང་དུ་འགན་འཛིན་དང༌། འགན་འཛིན་ལས་རོགས། ཟུར་དཔང་གི་གསུམ་ཆ་གཉིས་ངེས་པར་འཛོམས་དགོས།

ལེའུ་གསུམ་པ།

ས་གནས་འོས་བསྡུ་ལས་ཁང་དང༌། འོས་བསྡུའི་ལས་རིམ།

དོན་ཚན་བཅུ་གཅིག་པ།   ས་གནས་འོས་བསྡུ་ལས་ཁང༌།

སྲིད་སྐྱོང་དང༌། བོད་མི་མང་སྤྱི་འཐུས། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས། རང་བདེན་ཚོགས་ཆུང་གི་ཚོགས་མི་དང་ཚོགས་གཙོ། དྲུང་རྩིས་དང་དངུལ་གཉེར་བཅས་ཀྱི་འོས་བསྡུའི་ཆེད་དུ་དབུས་འོས་བསྡུ་ལས་ཁང་ནས་བོད་མི་འདུ་སྡོད་སོ་སོར་ས་གནས་འོས་བསྡུ་ལས་ཁང་རེ་འཛུགས་དགོས།

 

དོན་ཚན་བཅུ་གཉིས་པ།   ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་འགན་འཛིན་ལས་རོགས།

དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུ་ལས་ཁང་སོ་སོར་འགན་འཛིན་གཅིག་དང་འགན་འཛིན་ལས་རོགས་དགོས་ངེས་ས་གནས་གཞུང་འབྲེལ་ལས་སྣེར་འཁོད་པ་ཞིག་ལ་བསྐོ་གཞག་བྱ་རྒྱུ། འོན་ཀྱང་ས་གནས་གཞུང་འབྲེལ་ལས་བྱེད་མེད་རིགས་ལ་འོས་བསྡུའི་ལས་དོན་མ་ཟིན་བར་ས་གནས་དེར་སྡོད་འོས་བབ་ཁག་གང་དགེ་བབ་བལྟས་ཀྱིས་འཕྲལ་སེལ་བསྐོ་གཞག་བྱེད་དགོས།

དོན་ཚན་བཅུ་གསུམ་པ།   ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི།

༡    ཚོགས་མི་ཡོང་ཁུངས།

ཀ    ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་གཅིག་དང༌། འགན་འཛིན་ལས་རོགས།

ཁ    ས་གནས་དེར་གཏན་སྡོད་ཆོལ་ཁ་རེ་ནས་མི་འཐུས་རེ་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མི་འཐུས་རེ།

ག    ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་དང༌། བྱང་ཨ་རི་དང་ལྷོ་ཨ་རི། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡ་བཅས་ཀྱི་ས་གནས་འོས་བསྡུ་ལས་ཁང་སོ་སོར་འོས་བསྡུ་བྱས་པའི་ཆོལ་ཁ་ཆོས་བརྒྱུད་དབྱེར་མེད་ཀྱི་ཚོགས་མི་ཉུང་མཐར་ལྔ་རེ་བཅས།

༢    ས་གནས་འོས་བསྡུ་འགན་འཛིན་ཁྱབ་ཁོངས་སུ་འོས་བསྡུ་བྱ་ཡུལ་སྡེ་ཚན་གྱི་གྲངས་འབོར་ལ་གཞིགས་ཏེ། ས་གནས་དེར་དངོས་ཡོད་ཆོལ་ཁ་དང་ཆོས་བརྒྱུད་སོ་སོ་ནས་མི་འཐུས་གཅིག་ནས་གཉིས་བར་སྤར་འཐུས། ས་གནས་དེར་གཏན་སྡོད་བྱེད་མཁན་ཆོལ་ཁ་དང་ཆོས་བརྒྱུད་འོས་འཕེན་པ་མེད་རིགས་ལ་ཐོབ་ཁུངས་ཚང་དགོས་པའི་ངེས་པ་མེད།

༣   མི་འཐུས་ཀྱི་གྲངས་ཚད་གཏན་འབེབས་གཞིར་བཟུང༌། ཐོབ་ཁུངས་སོ་སོའི་མི་མང་ནས་འོས་འདེམས་ཟིན་འཕྲལ་དབུས་འོས་བསྡུ་ལས་ཁང་ལ་འོས་ཐོབ་མི་འཐུས་སོ་སོའི་ལོ་རྒྱུས་མདོར་བསྡུས་སྙན་སེང་ཆོག་མཆན་ཐོབ་མཚམས་ལས་འཁུར་དུ་ཞུགས་དགོས།

༤ ས་གནས་དེར་གཏན་སྡོད་ཆོལ་ཁ་དང་ཆོས་བརྒྱུད་སོ་སོའི་མི་མང་ནས་ཟུར་དཔང་རེ་འོས་འདེམས་ཟིན་འཕྲལ་དབུས་འོས་བསྡུ་ལས་ཁང་ལ་འོས་ཐོབ་ཟུར་དཔང་སོ་སོའི་མིང་དང་ལོ་རྒྱུས་མདོར་བསྡུས་རེ་འབུལ་དགོས།

དོན་ཚན་བཅུ་བཞི་པ།    ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མིའི་འོས་ཆོས།

ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཁོངས་གཏོགས་ལས་བྱ་བོད་མི་མང་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་འཆར་ཡོད་པ་རྣམས་དང༌། འོས་གཞིར་ཞུགས་འཐུས་གསལ་བསྒྲགས་ཟིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། ཡང་ན་འོས་འཕེན་པའི་མཚན་ཉིད་མི་ལྡན་པའམ། ཁྲིམས་ཞིབ་ཁང་ནས་ར་འཕྲོད་འཕེར་ངེས་ཀྱི་ཀླན་ཀ་ཡོད་རིགས་ལ་བསྐོ་གཞག་ནམ་ཡང་མི་ཆོག གལ་སྲིད་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་གང་ཞིག་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་ཁོངས་ཡོད་ཚེ། གསལ་བསྒྲགས་ཡིག་ཆ་ས་གནས་འོས་བསྡུ་ལས་ཁང་ལ་འབྱོར་ཚེས་ནས་བཟུང་བདུན་ཕྲག་གཅིག་གི་ནང་ཚུན་དོ་བདག་གིས་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ནས་རང་བཞིན་ཕྱིར་འཐེན་བྱེད་དགོས་ཤིང༌། ཚབ་གསར་སྐབས་འཕྲལ་སོ་སོར་དོན་ཚན་ ༡༢ དང་ ༡༣ ནང་གསལ་ལྟར་བསྐོ་གཞག་དགོས། གལ་སྲིད་དོ་བདག་ནས་སྒྲིག་དོན་ཉམས་ལེན་མ་ཞུས་ཚེ་ཉེས་ཆད་དུ་ས་གནས་དེ་ནས་འོས་བསྡུ་དངོས་གཞིའི་སྐབས་འོས་གཞི་དེར་འོས་གྲངས་ཇི་ཡོད་དབུས་འོས་བསྡུ་ལས་ཁང་ནས་རྩིས་མེད་གཏོང་རྒྱུ།

དོན་ཚན་བཅོ་ལྔ་པ།      ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཟུར་དཔང་གི་ཡུན་ཚད།

ས་གནས་འོས་བསྡུའི་འགན་འཛིན་ཕུད་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང༌། ཟུར་དཔང་མི་འོས་པའི་གནས་ཚུལ་རིགས་བྱུང་ན་ལས། དེ་མིན་ཚོགས་མི་དང་ཟུར་དཔང་བཅས་ཀྱི་ལས་ཡུན་འགོ་འཛུགས་ཕྱི་ཟླ་ ༥ ཚེས་ ༡ ནས་ཡུན་ཚད་ལོ་ ༥ རེ་ཡིན།

དོན་ཚན་བཅུ་དྲུག་པ།     ས་གནས་འོས་བསྡུ་ལས་ཁང་གི་འགན་དབང༌།

༡    ས་གནས་འོས་བསྡུ་ལས་ཁང་གིས་འོས་བསྡུ་བྱ་ཡུལ་སྡེ་ཚན་སོ་སོའི་འགན་འཛིན་རྣམས་ས་གནས་འོས་བསྡུའི་ཚོགས་མིའི་ཁོངས་ནས་བསྐོ་གཞག་བྱེད་དགོས་པ་དང༌། ལས་བྱ་འཕར་མ་ཇི་དགོས་འོས་བབ་སྐབས་བསྟུན་ཐད་བསྐོས་ཆོག་པ་ཡིན།

༢    ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་ས་ཁུལ་སོ་སོར་འོས་བསྡུའི་སྒྲིག་གཞི་ཁག་གཞིར་བཟུང༌། ས་གནས་ཀྱི་འོས་བསྡུའི་ལས་དོན་ཚགས་ཚུད་བྱེད་ཕྱོགས་ལ་ལམ་སྟོན་གྲ་སྒྲིག་དང༌། ལྟ་རྟོག་བཀོད་ཁྱབ་བཅས་བྱ་རྒྱུའི་འགན་འཁུར་དགོས།

༣   ས་གནས་འཐུས་ཚོགས་དང༌། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་བཅས་ཀྱི་འོས་བསྡུ་སྐབས་སོ་སོར་འོས་ཤོག་བཟོ་སྐྲུན་བྱེད་དགོས།

༤   ས་གནས་འོས་བསྡུ་ལས་ཁང་ནས་ཟུར་འཛར། ཀ༽ གཞིར་བཟུང་ཁྱབ་ཁོངས་འོས་འཕེན་པའི་མིང་གཞུང་མ་དེབ་ཅིག་བཟོ་འགོད་ཀྱིས་གཏན་འཇགས་ཉར་ཚགས་བྱེད་དགོས།

༥    ས་གནས་སོ་སོའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང༌། ས་གནས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ། དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུགས་ཆོག དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཆོག་པ་ཡིན།

༦ དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་གསལ་བསྒྲགས་ཟིན་པའི་འོས་བསྡུའི་ལས་རིམ་ཁག་དུས་བཀག་ནང་ཚུན་ས་གནས་འོས་བསྡུ་ལས་ཁང་སོ་སོས་ཚགས་ཚུད་བསྒྲུབ་དགོས་པ་ལས། ས་གནས་ཀྱི་གུང་གསེང་སོགས་ལ་བསྙད་དེ་ཕྱིར་འགྱངས་ནམ་ཡང་མི་ཆོག

དོན་ཚན་བཅུ་བདུན་པ།   ས་གནས་འོས་བསྡུའི་ལས་བྱ་དང༌། འགྲེལ་བཤད། ལས་འགན།

༡    ས་གནས་སོ་སོར་འོས་བསྡུའི་ལས་བྱ་གཙོ་གལ་ཆེ་བ་རྣམས་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་རྣམས་ལ་བསྐོ་གཞག་བྱ་རྒྱུ་དང༌། ལས་བྱ་འཕར་མ་ཇི་དགོས་འོས་བབ་ཁག་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཐད་ཀར་བསྐོ་གཞག་བྱེད་ཆོག་པ་ཡིན། འོན་ཀྱང་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་ཁྱབ་ཁོངས་ས་ཁུལ་གྱི་འོས་བསྡུའི་ལས་དོན་སྤྱི་ཡོངས་ལ་ལྟ་རྟོག་འགན་འཁུར་བྱེད་པ་ལས། ཚོགས་མི་སྤྱི་མཚུངས་ཀྱི་སྡེ་ཚན་དམིགས་བསལ་ལས་འཁུར་ཆ་བགོས་ནང་ཞུགས་མི་ཆོག

༢    ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན། ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ཞེས་པ་དོན་ཚན་ ༡༢ པ་ནང་གསལ་ལྟར་ཡིན་ཞིང༌། ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་ཁྱབ་ཁོངས་ས་ཁུལ་སོ་སོར་སྒྲིག་གཞི་འདིའི་དོན་ཚན་ཁག་དང༌། དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་བྱས་པའི་རྩ་འཛིན་ལམ་སྟོན་ཁག་གཞིར་བཟུང་འོས་བསྡུའི་ལས་དོན་བྱེད་ཕྱོགས་ལ་འགན་འཁུར་དང་ལྟ་སྐྱོང་སྐུལ་ཁྱབ་བཅས་བྱ་རྒྱུའི་འགན་དབང་ཡོད།

༣   འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན། འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན་ཞེས་པ་ས་གནས་ཁྱབ་ཁོངས་ཀྱི་འོས་འཕེན་པ་རྣམས་ཀྱི་མིང་གཞུང་ཐོ་འགོད་བྱེད་མི་ཡིན་པ་དང༌། འོས་འཕེན་པའི་མིང་གཞུང་རྣམས་ཆོལ་ཁ་དང་ཆོས་བརྒྱུད་སོ་སོ་སྡེ་ཚན་འདྲེས་མེད་བཟོ་འགོད་བྱེད་དགོས་པ་ཡིན། འོན་ཀྱང་ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་དང༌། བྱང་ཨ་རི་དང་ལྷོ་ཨ་རི། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡ་བཅས་ཀྱི་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་འོས་འཕེན་པ་རྣམས་ཀྱི་མིང་གཞུང་ཆོལ་ཁ་ཆོས་བརྒྱུད་དབྱེར་མེད་བཟོ་དགོས།

༤   དེབ་འགོད་འགན་འཛིན་ལས་རོགས། དེབ་འགོད་འགན་འཛིན་གྱི་ལས་རོགས་ཞེས་པ་གོང་གསལ་འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན་གྱི་ལས་དོན་ཚགས་ཚུད་ཡོང་ཐབས་སུ་ལས་རོགས་བྱེད་མི་ཡིན་ཞིང༌། ས་གནས་འོས་བསྡུ་ལས་ཁང་སོ་སོའི་རང་ཁོངས་ས་ཁུལ་རྒྱ་ཁྱོན་དང༌། མི་འབོར་ལ་གཞིགས་ཏེ་ལས་རོགས་དང༌། དམིགས་བསལ་ལས་བྱ་འཕར་མ་དགོས་ངེས་བྱུང་ན་དེབ་འགོད་འགན་འཛིན་ནས་ས་གནས་འོས་བསྡུ་ལས་ཁང་ལ་སྙན་སེང་དང་འབྲེལ་བསྐོ་གཞག་བྱེད་ཆོག་པ་ཡིན།

༥    འོས་བསྡུ་བྱ་ཡུལ་སྡེ་ཚན་འགན་འཛིན། འོས་བསྡུ་བྱ་ཡུལ་སྡེ་ཚན་འགན་འཛིན་ཞེས་པ་ས་གནས་འོས་བསྡུ་ལས་ཁང་གཅིག་གི་ཁྱབ་ཁོངས་མི་འབོར་དང༌། ས་གནས་རྒྱ་ཁྱོན་ལ་གཞིགས་པའི་འོས་བསྡུ་བྱ་ཡུལ་སྡེ་ཚན་ཕྱོགས་བགོས་བྱས་པའི་ནང་གསེས་སྡེ་ཚན་རེ་རེར་ལྟ་རྟོག་བྱེད་པོའི་འགན་འཛིན་ལ་གོ་དགོས་ཤིང༌། འགན་འཛིན་འདི་དག་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ངོ་མ་ཡིན་པ་ཞིག་ལ་བསྐོ་གཞག་ངེས་པར་བྱེད་དགོས།

༦   འོས་བསྡུའི་སྤྱིལ་བུའི་ལྟ་རྟོག་པ། འོས་བསྡུའི་སྤྱིལ་བུ་ལྟ་རྟོག་པ་ཞེས་པ་འོས་བསྡུ་བྱ་ཡུལ་སྡེ་ཚན་སོ་སོར་འོས་བསྡུའི་སྤྱིལ་བུ་ཇི་ཡོད་ལ་གསང་རྒྱ་གནས་ཐབས་སུ་ལྟ་རྟོག་པ་རེ་དགོས་པ་སྡེ་ཚན་དེའི་འགན་འཛིན་ནས་ས་གནས་འོས་བསྡུ་ལས་ཁང་ལ་སྙན་སེང་དང་སྦྲགས་བསྐོ་གཞག་བྱེད་ཆོག

དོན་ཚན་བཅོ་བརྒྱད་པ།   འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་ཕྱོགས།

༡    ས་གནས་སོ་སོའི་འོས་བསྡུའི་མིང་གཞུང་དེབ་འགོད་འགན་འཛིན་བསྐོ་གཞག་གཏན་འབེབས་ཟིན་མཚམས་དོན་ཚན་ ༡༧ ནང་གསེས་ ༣ པའི་འོག་བརྗོད་དོན་ཁག་གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན་ནས་ས་གནས་མི་མང་གི་མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་བྱེད་པའམ། གསར་དུ་དེབ་སྐྱེལ་བྱ་རྒྱུའི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་དང༌། ས་ཁུལ་རྒྱ་ཁྱོན་དང་མི་འབོར་ལ་གཞིགས་པའི་འོས་བསྡུ་བྱ་ཡུལ་སྡེ་ཚན་རེར་མིང་གཞུང་ཐོ་འགོད་བྱེད་མི་རེ་ཟུར་དུ་དེབ་འགོད་འགན་འཛིན་ནས་ས་གནས་འོས་བསྡུ་ལས་ཁང་ལ་སྙན་སེང་དང་འབྲེལ་བསྐོ་གཞག་བྱེད་དགོས་པ་ཡིན།

༢    ས་གནས་འོས་བསྡུ་ལས་ཁང་ནས་མིང་གཞུང་དེབ་འགོད་བྱ་ཡུལ་ས་ཁུལ་དང༌། དུས་ཚེས་གཏན་འབེབས་ཟིན་འཕྲལ་ས་གནས་མི་མང་ལ་སྔོན་ཚུད་ནས་བརྡ་ལན་བཏང་སྟེ་མིང་གཞུང་དེབ་འགོད་དངོས་གཞི་བྱེད་སྐབས་ཐོབ་ཁུངས་སོ་སོའི་འོས་འཕེན་པའི་ལོ་ཚད་སླེབས་པ་རྣམས་ཀྱི་མིང་ཐོ་ནང་མི་ངོ་ཡོད་སུ་རུང་ནས་དེབ་འགོད་ཆོག་པ་ཡིན།

༣    ཀ     དོ་བདག་རེ་རེ་བཞིན་དེབ་སྐྱེལ་ཨང་གྲངས་གཅིག་ནས་འགོ་འཛུགས་དགོས་པ་མ་ཟད། མིང་ཐོ་འཚོལ་བཤེར་བདེ་ཐབས་སུ་སྡོད་ཁང་ཨང་གྲངས་སོགས་གོ་རིམ་སྒྲིག་དགོས།

ཁ མིང་གཞུང་དེབ་འགོད་ཟིན་འཕྲལ་འོས་འཕེན་པ་སོ་སོའི་དང་བླངས་དཔྱ་དངུལ་ལག་དེབ་ནང་འབུལ་ཆད་ཡོད་མེད་ཞིབ་འཇུག་དང་སྦྲགས་ས་གནས་འོས་བསྡུ་ལས་ཁང་ནས་ལས་ཐམ་ཕབ་སྟེ་གཤམ་དུ་དེབ་འགོད་འགན་འཛིན་གྱི་མིང་རྟགས་དང་དེབ་འགོད་བྱས་པའི་ཨང་གྲངས་རེ་འགོད་དགོས།

ག    དེབ་འགོད་འགན་འཛིན་བསྐོ་གཞག་མ་བྱུང་བའི་སྐབས་བོད་མི་རང་ལོ་ ༡༨ གསར་དུ་སོན་པ་གང་ཞིག་དེབ་འགོད་བྱ་འདོད་ཡོད་ཚེ་ས་གནས་འོས་བསྡུའི་འགན་འཛིན་ནས་དོན་ཚན་ ༡༨ ནང་གསེས་ ༥ གཞིར་བཟུང་ཞིབ་འཇུག་གིས་སྡེ་ཚན་སོ་སོ་འདྲེས་མེད་ཀྱིས་དེབ་འགོད་བྱ་འཐུས།

༤   འོས་འཕེན་པའི་ཆ་རྐྱེན།

ཀ    བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན།

ཁ    བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྲིམས་ལུགས་ཁག་དང་ཕྱོགས་འགལ་མིན་པ།

ག    འོས་འཕེན་པའི་མིང་གཞུང་མ་དེབ་ནང་དེབ་སྐྱེལ་ཟིན་པ།

༥    སྐྱེ་བོ་གང་ཞིག་འོས་འཕེན་གྱི་ཐོབ་ཐང་བྲལ་ཞིང༌། མིང་གཞུང་དེབ་སྐྱེལ་མི་ཆོག་པ།

ཀ    བོད་ཀྱི་ཡུལ་མི་མིན་པ་དང༌། ལོ་ཚད་མ་ལོན་པ།

ཁ    ཡོངས་གྲགས་རིག་འཚོ་མ་ཟིན་པ།

ག    འོས་བསྡུའི་ཁྲིམས་ལུགས་ཁག་དང་འགལ་འཛོལ་གྱི་བྱས་ཉེས་ལ་བརྟེན་ནས་འོས་འཕེན་གྱི་ཐོབ་ཐང་འཕྲོག་པའི་རིགས།

ང    དཔྱ་དངུལ་འབུལ་ཆད་ཡོད་པ།

དོན་ཚན་བཅུ་དགུ་པ།    འོས་འཕེན་པ་དབང་པོ་སྐྱོན་ཅན་དང༌། ཡིག་རྨོངས་ལ་རོགས་རམ།

འོས་འཕེན་པ་ཡིག་འབྲི་དང་འོས་རྟགས་རྒྱག་མི་ཐུབ་པའི་དབང་པོ་སྐྱོན་ཅན་དང༌། ཡིག་རྨོངས་པ་སོ་སོ་ནས་སྔོན་འགྲོའི་འོས་དམིགས་འདེམས་སྒྲུག་སྐབས་རང་མོས་ཡིད་ཆེས་ཡོད་པའི་རོགས་པ་འཁྲིད་དེ་འོས་བསྡུའི་སྤྱིལ་བུའི་ནང་མཉམ་བསྐྱོད་ཐོག་དོ་བདག་གི་འདོད་མོས་ལྟར་འོས་མིང་འབྲི་བ་ལས། དངོས་གཞིའི་འོས་བསྡུ་སྐབས་ལོང་བ་དང་ལག་པ་གཉིས་ཀ་སྐྱོན་ཅན་ལ་མ་གཏོགས་ཡིག་རྨོངས་ཅན་ནས་འོས་བསྡུའི་སྤྱིལ་བུའི་ནང་རོགས་རམ་བྱེད་མི་མཉམ་འཁྲིད་མི་ཆོག དེ་འདྲའི་རོགས་རམ་བྱེད་མི་གཅིག་ནས་འོས་འཕེན་པ་གཅིག་ལས་ལྷག་པར་རོགས་པ་བྱེད་མི་ཆོག འོན་ཀྱང་ཁྱིམ་ཚང་འདོད་གཅིག་ནང་མི་སུ་ཞིག་ནས་དབང་པོ་སྐྱོན་ཅན་དང༌། ཡིག་རྨོངས་ཇི་ཡོད་ཀྱི་ཡིག་འབྲི་རོགས་པ་དོ་བདག་གི་འདོད་མོས་ཡོད་ན་བྱེད་ཆོག

དོན་ཚན་ཉི་ཤུ་པ།        མིང་ཐོ་སྣོན་འཕྲི་བྱ་རྒྱུའི་དུས་ཡུན།

༡    མིང་གཞུང་དེབ་འགོད་ཟིན་རྗེས་ཉིན་གྲངས་ ༡༤ ནང་ཚུན་མིང་ཐོ་འབུལ་འཚེམས་གྱུར་པ་རྣམས་ནས་མིང་ཐོ་འབུལ་ཆོག་པ་དང༌། དེབ་འགོད་ཟིན་པ་ཁུངས་འཛོལ་བྱུང་རིགས་དང༌། འོས་འཕེན་པའི་ཁྱད་ཆོས་ལྡན་མིན་སྐོར་བཅས་ལ་ས་གནས་འོས་འཕེན་པ་སུ་རུང་ནས་སྐྱོན་བརྗོད་བྱེད་ཆོག་པ་ཡིན། འོན་ཀྱང་དེ་ལྟར་སྐྱོན་བརྗོད་བྱེད་མི་རང་ཉིད་ལ་འོས་འཕེན་པའི་ཁྱད་ཆོས་ལྡན་ཁར་མིང་གཞུང་དེབ་སྐྱེལ་བྱས་ཟིན་པ་ཞིག་དགོས།

༢ གོང་གསལ་གསར་དུ་མིང་ཐོ་འགོད་འབུལ་ཞུ་མི་དང་སྐྱོན་བརྗོད་བྱེད་མི་རྣམས་ལ་གཏན་འབེབས་རྩ་འཛིན་ཡིག་ཆ་གཞིར་བཟུང་བརྟག་ཞིབ་གྲོས་བསྡུར་རྗེས་དུས་ཚོད་གཏན་འབེབས་ཉིན་ས་གནས་འོས་བསྡུའི་འགན་འཛིན་ནས་གནད་དོན་ཐག་གཅོད་ཇི་བྱུང་གསལ་བསྒྲགས་བྱེད་དགོས།

༣   འོས་བསྡུའི་ལས་བྱ་སྤྱི་དང༌། ལྷག་པར་དེབ་འགོད་འགན་འཛིན་དང་ལས་རོགས་བཅས་ནས་འོས་འཕེན་པའི་མིང་གཞུང་ལ་གང་བྱུང་བཟོ་བཅོས་དང༌། ཚུལ་མིན་སྣོན་འཕྲི་བྱེད་རིགས་ནམ་ཡང་མི་ཆོག

༤   འོས་འཕེན་པའི་མིང་གཞུང་རྣམས་ས་གནས་འོས་བསྡུ་ལས་ཁང་དུ་མཉམ་འཇོག་དགོས་པ་དང༌། ས་གནས་འོས་བསྡུའི་འགན་འཛིན་གྱི་བཀའ་འཁྲོལ་ཐོག་འོས་འཕེན་པ་སུ་རུང་ནས་མིང་གཞུང་ཁག་ལ་བརྟག་ཞིབ་དང་འདྲ་བཤུས་ཆོག་པའི་ཐོབ་ཐང་ཡོད།

༥    འོས་འཕེན་པའི་མིང་གཞུང་དང༌། འོས་གཞིའི་ལས་དོན་དང་འབྲེལ་བའི་ཡིག་ཆ་ཅི་རིགས་འོས་བསྡུ་ལས་ཁང་གི་ལས་བྱེད་སུས་ཀྱང་རང་ཁྱིམ་ལ་མཉམ་འཁྱེར་མི་ཆོག་པ་མ་ཟད། གཞན་དག་ལའང་ཕྱི་གཡར་མི་ཆོག

༦   དབུས་འོས་བསྡུ་ལས་ཁང་ནས་དམིགས་བསལ་བཀའ་འཁྲོལ་མ་བྱུང་བར་འོས་བསྡུ་བའི་མིང་གཞུང་ཁག་དང༌། འོས་བསྡུའི་ལས་དོན་དང་འབྲེལ་བའི་ཡིག་ཆ་ཡོངས་རྗོགས་ས་གནས་འོས་བསྡུ་ལས་ཁང་སོ་སོ་ནས་ཡིག་ལམ་དུ་ཉར་འཇོག་དགོས་པ་ཡིན།

དོན་ཚན་ཉེར་གཅིག་པ།    འོས་འཕེན་པའི་མིང་གཞུང་མ་དེབ་གཏན་འབེབས།

༡    གཏན་འབེབས་དུས་ཚེས་ནང་མིང་གཞུང་ཁག་ལ་མིང་ཐོ་སྣོན་འཕྲི་བྱེད་ཕྱོགས་ཀྱི་སྐྱོན་བརྗོད་ཁག་ཞུ་དག་དང༌། ཐག་གཅོད་གཙང་བཤེར་ཟིན་མཚམས་འོས་འཕེན་པའི་མིང་གཞུང་མ་དེབ་གཏན་འབེབས་བྱེད་དགོས།

༢    ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་སོ་སོའི་འོས་འཕེན་པའི་མིང་གཞུང་མ་དེབ་ལ་སྣོན་འཕྲི་དག་བཤེར་བྱེད་པ་ལས། འོས་བསྡུའི་སྐབས་རེ་རེར་དེབ་སྐྱེལ་བསྐྱར་དུ་བྱེད་མི་དགོས།

༣    ཀ     སྤྱི་འཐུས་སྐབས་སོ་སོའི་འོས་བསྡུའི་སྐབས། འོས་འཕེན་པའི་མིང་གཞུང་མ་དེབ་གཞིར་བཟུང༌། ཟུར་འཛར། ཁ༽ ལྟར་ཐོབ་ཁུངས་སོ་སོའི་མིང་གཞུང་བཟོ་འགོད་བྱེད་དགོས།

ཁ    ཐོབ་ཁུངས་སོ་སོའི་འོས་འཕེན་པའི་མིང་གཞུང་གཏན་འབེབས་ཟིན་འཕྲལ། ས་གནས་དེར་ཐོབ་ཁུངས་སོ་སོར་འོས་འཕེན་པ་ཇི་ཡོད་ཀྱི་མིང་གཞུང་འདྲ་བཤུས་དབུས་འོས་བསྡུ་ལས་ཁང་ལ་འབུལ་གཏོང་དགོས་པ་དང༌། སླད་མིང་གཞུང་དེ་དག་གཙོར་བཟུང་གིས་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་འགྲེམས་གཏོང་བྱེད་དགོས།

༤   ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་བཅས་ཀྱི་འོས་བསྡུའི་སྐབས་སོ་སོར་འོས་འཕེན་པའི་མིང་གཞུང་མ་དེབ་གཞིར་བཟུང༌། ཟུར་འཛར། ག༽ ལྟར་ཆོལ་ཁ་དང་ཆོས་བརྒྱུད་དབྱེར་མེད་ཀྱི་འོས་ཤོག་བསྡུ་ཡུལ་སྡེ་ཚན་སོ་སོའི་ས་གནས་རང་ཁོངས་འོས་འཕེན་པའི་མིང་གཞུང་བཟོ་འགོད་བྱེད་དགོས།

དོན་ཚན་ཉེར་གཉིས་པ།   ས་གནས་རང་ཁོངས་མི་མང།

༡    བཅའ་ཁྲིམས་ལེའུ་ ༧ པ་ནང་གསལ་ས་གནས་དེར་གཏན་འཇགས་གནས་སྡོད་ཀྱི་མི་མང་ལ་གོ་དགོས།

༢    ས་གནས་གཞན་ནས་གནས་སྤོས་བྱས་པ་གང་ཞིག

ཀ    ས་གནས་སུ་ལོ་ཧྲིལ་པོ་ ༥ ཡན་བསྡད་ཟིན་པ།

ཁ    གཞིས་ཁོངས་སྔ་མའི་ཐོབ་སྐལ་བློས་བཏང་ཟིན་པ།

༣   གཉེན་སྒྲིག་བག་ལེན་གྱི་ལམ་ནས་ལུགས་མཐུན་གནས་སྤོས་བྱས་པ།

དོན་ཚན་ཉི་ཤུ་རྩ་གསུམ་པ། འོས་གཞིར་ཞུགས་ཕྱོགས་རྩོད་རྙོག་སྐོར།

༡    བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་ཐོབ་ཁུངས་སོ་སོའི་ཁོངས་ནས་དང་བླངས་འཛུལ་ཞུགས་བྱས་པའམ། འོས་འཆར་འདེམས་སྒྲུག་བྱས་པའི་སྐྱེ་བོ་གང་ཞིག་འོས་གཞིའི་འོས་ཆོས་ཚང་མིན་གྱི་ཀླན་ཀ་བྱུང་རིགས་ལ་ས་གནས་འོས་བསྡུ་ལས་ཁང་སོ་སོ་ནས་ཐག་གཅོད་ཐུབ་ན་བརྗོད་མེད་དང༌། དེ་མིན་དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུགས་ཆོག་པ་ཡིན།

༢    ཆོས་བརྒྱུད་སོ་སོའི་འོས་གཞིའི་ཁོངས་སུ་སེར་སྐྱ་ཁྱད་མེད་ཞུགས་འཐུས་དང༌། འོས་འཕེན་པ་རྣམས་དགོན་ཁག་དང༌། དེ་མིན་ཆོས་ཀྱི་ཚོགས་སྡེ་ཅི་རུང་ཞིག་ནང་ཡོད་པའི་གྲྭ་རིགས་སྔགས་བཙུན་ངེས་པར་ཡིན་དགོས།

དོན་ཚན་ཉི་ཤུ་རྩ་བཞི་པ།  དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་རྒྱུད་སྐུལ་ཐབས་ཤེས།

༡    འོས་གཞིའི་སྐྱེ་བོའམ། དེའི་ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་ནམ། སྤྲོད་དོན་བྱེད་རྒྱུར་ཁས་ལེན་གྱིས་སྐྱེ་བོ་གང་ཞིག

ཀ    འོས་གཞིར་འཛུལ་ཞུགས་བྱེད་དུ་འཇུག་པ་དང༌། བྱེད་དུ་མི་འཇུག་པ། དེ་བཞིན་འོས་གཞིར་ཞུགས་པ་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་དང༌། བྱེད་དུ་མི་འཇུག་པ་བཅས་ལ་ཐབས་ཤེས་རྒྱུད་སྐུལ་བྱེད་པ།

ཁ    ཕྱོགས་མཚུངས་འོས་འཕེན་པ་ཞིག་ནས་འོས་ཤོག་འཕེན་དུ་འཇུག་པ་དང༌། འཕེན་དུ་མི་འཇུག་པ་བཅས་ལ་ཐབས་ཤེས་རྒྱུད་སྐུལ་བྱེད་པ།

༢    ཡང་ན་འོས་གཞིའམ། འོས་འཕེན་པ་ཞིག་ལ་དྲག་ཤུགས་ཀྱི་ཐོག་ནས་འཇིགས་སྣང་སྐུལ་བའམ། སྐྱེ་བོ་གང་དག་འོས་གཞིར་འཛུལ་འཐེན་བྱེད་པ་དང༌། འོས་བསྡུ་བྱེད་དང་མི་བྱེད་པ་བཅས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་འགལ་རྐྱེན་བྱེད་པ།

༣   ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང༌། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ།

༤   འོས་གཞིའམ། ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་འོས་བསྡུའི་ལས་དོན་ལ་ཕན་གནོད་འབྲེལ་བའི་རྒྱབ་སྐྱོར་རོགས་རམ་དགོས་པའི་འབོད་བསྐུལ་དང༌། སྐྱབས་འཚོལ་བྱུང་རིགས་ལ་གཞུང་འབྲེལ་ལས་བྱེད་སྤྱི་དང༌། ལྷག་པར་འོས་བསྡུའི་ལས་བྱ་སུ་ཐད་ནས་གོ་དབང་བེད་སྤྱོད་བྱེད་པ།

༥    འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་འགྲེམས་སྤེལ་བྱེད་པའི་རིགས།

༦   དབུས་འོས་བསྡུ་ལས་ཁང་དང༌། ས་གནས་འོས་བསྡུའི་ལས་བྱེད་ཡོངས་རྫོགས་ནས་འོས་བསྡུའི་གསང་རྒྱ་དགོས་རིགས་ཕྱི་གྲགས་མ་སོང་བར་གནས་པ་དང༌། གནས་པའི་ཐབས་ལམ་བསྟེན་དགོས་པ་ལས་ཤེས་བཞིན་རང་ཉིད་ཀྱི་བློ་ཉེ་མཛའ་གྲོགས་དང༌། རང་ཁོངས་ཆོལ་ཁ་ཆོས་བརྒྱུད་ཚོགས་པ་བཅས་ལ་ཕྱི་བསྒྲགས་བྱེད་པའམ་ཡིག་རིགས་ཁག་གང་བྱུང་སྣང་མེད་ཕྱི་གྱར་དུ་འགྲོ་གཞིའི་རིགས་བཅས་ནམ་ཡང་མི་ཆོག

༧   འོན་ཀྱང་འོས་བསྡུའི་ཁྲིམས་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་མང་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་དང༌། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ། འོས་གཞི་སོ་སོའི་ཆོལ་ཁ་དང༌། ཆོས་བརྒྱུད། ཚོགས་སྐྱིད། སྤྱི་སྒེར་སུ་ཐད་ནས་རྒྱབ་གཉེར་གསལ་བསྒྲགས། སྐྱེ་བོ་གང་དག་སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱི་བསམ་འཆར་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་བྱེད་པ་བཅས་གོང་གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་མིན་རུང༌། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས།

༨    འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང། བཀའ་བློན། སྤྱི་འཐུས་བཅས་འབྲེལ་ཡོད་འོས་གཞིའི་ནང་ཞུགས་བློ་ཡོད་ཚེ། སྒྲིག་འཛུགས་དང། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་ཡང་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་རིགས་བྱ་མི་ཆོག

༩    སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས།

དོན་ཚན་ཉེར་ལྔ་པ།       འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད།

འོས་གཞིའམ། དེར་ཕྱོགས་གཏོགས་བྱེད་མི་དང༌། སྐྱེ་བོ་སུ་རུང༌། འོས་བསྡུའི་ལས་བྱེད་དམ། སྲིད་དོན་གྱི་ཚོགས་པ། ཚོགས་སྐྱིད་ཁག་ནས་དོན་ཚན་ ༢༤ པ་ནང་གསལ་འགལ་འཛོལ་བྱུང་རིགས་ལ་དབུས་འོས་བསྡུ་ལས་ཁང་ནས་རྩད་ཞིབ་ནན་ཏན་བྱས་ཏེ་ཉེས་ཆད་གཏན་འབེབས་ཀྱིས་སྐབས་འཕྲལ་སོ་སོར་རྒྱ་ཁྱབ་གསལ་བསྒྲགས་བྱེད་དགོས།

༡    འོས་གཞིའི་སྐྱེ་བོའམ་དེར་ཕྱོགས་གཏོགས་བྱེད་མི་ནས་དོན་ཚན་གང་རུང་དང་འགལ་རིགས་བྱུང་ཚེ། འགལ་ཚབས་ཆེ་ཆུང་ལ་གཞིགས་ཏེ། དོ་བདག་གི་འོས་ཐོབ་ཆ་ཚང་རྩིས་མེད་དང༌། ལོ་གསུམ་ནས་བཅུ་བར་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་འཕྲོག་ཆོག

༢    སྐྱེ་བོ་གང་ཞིག་ནས་དོན་ཚན་གང་རུང་དང་འགལ་རིགས་བྱུང་ཚེ། འགལ་ཚབས་ཆེ་ཆུང་ལ་གཞིགས་ཏེ། སྐྱེ་བོ་དེར་ལོ་གསུམ་ནས་བཅུ་བར་འོས་འཕེན་རྒྱུའི་ཐོབ་ཐང་འཕྲོག་ཆོག

༣   འོས་བསྡུའི་ལས་བྱེད་གང་རུང་ནས་གོ་དབང་བེད་ལོག་ཏུ་སྤྱད་པའམ། འོས་བསྡུའི་གསང་རྒྱ་དགོས་རིགས་ཕྱི་གྱར་བྱས་པ་ཡིན་ན། ལམ་སེང་འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་དགོས།

དོན་ཚན་ཉེར་དྲུག་པ།     འོས་བསྡུའི་སྒྲིག་ལམ་དང་། ས་གནས་མི་མང་ལ་བརྡ་ཁྱབ་གསལ་བསྒྲགས།

༡ དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་ཀྱིས་གསལ་བསྒྲགས་ཟིན་པའི་འོས་བསྡུའི་དུས་ཚོད་དེ་རང་ལ་ས་གནས་ཡོངས་རྫོགས་ནས་འོས་བསྡུ་བྱེད་ཐུབ་པ་ངེས་པར་དུ་དགོས་པ་ལས། ས་གནས་གུང་གསེང་སོགས་ལ་བསྙད་དེ་ཕྱིར་འགྱངས་ནམ་ཡང་མི་ཆོག འོན་ཀྱང་ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ལ་དབུས་འོས་བསྡུ་ལས་ཁང་ནས་སྐབས་འབྲེལ་ས་བབས་དང་བསྟུན་འོས་བསྡུའི་དུས་ཚོད་ལ་སྔ་སྣུར་གཏོང་ཆོག

༢    ས་གནས་སོ་སོར་འོས་བསྡུ་དངོས་གཞི་བྱ་རྒྱུའི་ཉིན་གྲངས་བདུན་གོང་ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་མི་མང་ལ་གསལ་བསྒྲགས་དགོས་པ།

ཀ    དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་ཟིན་པའི་འོས་བསྡུའི་དུས་ཚེས་དང༌། འོས་བསྡུ་བྱ་ཡུལ་སྐོར།

ཁ    དབུས་འོས་བསྡུ་ལས་ཁང་ནས་མཐའ་བསྡོམས་གསལ་བསྒྲགས་བྱས་པའི་འོས་གཞི་རྣམས་ཀྱི་མིང་དང༌། མཚོན་རྟགས། ཐོབ་ཁུངས་གང་ཡིན། ད་ལྟའི་སྡོད་གནས། ལོ་རྒྱུས་མདོར་བསྡུས་བཅས།

ག    འོས་བསྡུའི་སྒྲིག་གཞི་འདི་དང༌། གཞན་ཡང་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་བྱས་པའི་ཡིག་ཆ་ཁག་ནང་གསལ་འོས་བསྡུའི་སྐབས་སུ་འོས་འཕེན་པ་སྐྱེ་བོ་སོ་སོར་ཐོབ་ཐང༌། ལས་འགན་ཇི་ཡོད། ལྷག་པར་འོས་བསྡུའི་སྒྲིག་གཞི་རྩ་འཛིན་ཡིག་ཆ་ཁག་ལ་བསྐྱར་བཅོས་བྱུང་རིགས་བཅས་སྒྲོག་སྦྱང་གསལ་བསྒྲགས་འཚེམས་མེད་བྱེད་དགོས།

དོན་ཚན་ཉེར་བདུན་པ།    འོས་བསྡུ་བྱ་ཡུལ་སྡེ་ཚན་ཆ་བགོས།

༡    ས་གནས་འོས་བསྡུ་ལས་ཁང་ནས་འོས་བསྡུ་བྱ་ཡུལ་སྡེ་ཚན་ཆ་བགོས་གཤམ་གསལ་ལྟར་བྱེད་དགོས།

ཀ    ས་གནས་གཅིག་ཏུ་འོས་འཕེན་པ་ཁྱོན་འབོར་ཆེ་བས་འཛིན་སྐྱོང་དང༌། བཀོད་བྱུས་བྱ་རྒྱུར་དཀའ་ངལ་ཡོད་རིགས།

ཁ    གནས་ཡུལ་ཕན་ཚུན་ས་ཁད་རྒྱང་ཆོད་ཀྱིས་མི་མང་རྣམས་ས་གནས་གཅིག་ཏུ་འདུ་འཛོམས་དཀའ་རིགས།

༢    ས་གནས་འོས་བསྡུ་ལས་ཁང་ནས་འོས་བསྡུ་བྱ་ཡུལ་སྡེ་ཚན་ཕྱོགས་བགོས་བྱས་པའི་ས་ཆ་སོ་སོའི་མིང་དང༌། འོས་འཕེན་པའི་འགྲོ་ཁུངས་བཅས་གཏན་འབེབས་ཇི་བྱུང་ཡིག་ཐོག་སྡེ་ཚན་སོ་སོའི་མང་ཚོགས་ལ་གསལ་བསྒྲགས་བྱེད་དགོས།

༣   འོས་བསྡུ་བྱ་ཡུལ་སྡེ་ཚན་རེ་རེར་སྤྱིལ་བུ་དང༌། འོས་སྒམ། གཞན་དགོས་མཁོ་ཁག་བཅས་ས་གནས་འོས་བསྡུ་ལས་ཁང་ནས་སྤྱི་མཚུངས་གྲ་སྒྲིག་དང་འགྲོ་གྲོན་གཏོང་དགོས།

དོན་ཚན་ཉེར་བརྒྱད་པ།   འོས་བསྡུའི་སྤྱིལ་བུ།

འོས་བསྡུའི་སྤྱིལ་བུ་ཞེས་པ་འོས་བསྡུ་བྱ་ཡུལ་སྡེ་ཚན་རེ་རེར་འོས་འཕེན་པ་སོ་སོས་གསང་བའི་སྒོ་ནས་རང་མོས་འོས་མི་འདེམས་ཐབས་སུ། ཁང་མིག་གམ། རས་དང་ཤིང་སོགས་ལས་བཟོས་པའི་སྒྲིབ་བྱེད་ཡོལ་བ་ལ་གོ་དགོས་ཤིང༌། འོས་འཕེན་པའི་གྲངས་འབོར་དང་སྤྱིལ་བུའི་ཆེ་ཆུང་ལ་གཞིགས་ཏེ། སྤྱིལ་བུ་རེར་བཅད་མཚམས་ཇི་དགོས་འོས་བསྡུ་བྱ་ཡུལ་སྡེ་ཚན་འགན་འཛིན་སོ་སོས་སྔོན་ཚུད་གྲ་སྒྲིག་འཐུས་ཚང་བྱེད་དགོས་པ་ལས་མང་ཚོགས་འདུ་འཛོམས་སར་འོས་མིང་འབྲི་བའམ་འོས་རྟགས་རྒྱག་རིགས་ནམ་ཡང་མི་ཆོག

དོན་ཚན་ཉེར་དགུ་པ།     འོས་སྒམ།

འོས་བསྡུ་བྱ་ཡུལ་སྡེ་ཚན་རེ་རེར་འོས་འཕེན་པའི་མི་འབོར་ལ་གཞིགས་པའི་འོས་སྒམ་ཇི་དགོས་ས་གནས་འོས་བསྡུ་ལས་ཁང་ནས་གོ་སྒྲིག་བྱེད་དགོས་པ་དང༌། འོས་བསྡུ་བྱེད་སྐབས་འོས་སྒམ་ཁག་སྤྱིལ་བུའི་ཉེ་འཁྲིས་མང་ཚོགས་ཀྱི་མཐོང་སར་སྒྲིག་འཇོག་བྱེད་དགོས་ཤིང༌། དོན་ཚན་ ༡༠ པའི་ནང་གསེས་ ༤ པ་གཞིར་བཟུང་འོས་སྒམ་དེ་དག་ལ་ས་གནས་འོས་བསྡུ་ལས་ཁང་ནས་རྟགས་ཐེལ་རྒྱག་དགོས།

དོན་ཚན་སུམ་ཅུ་པ།      འོས་དམིགས་འདེམས་སྒྲུག

༡    འོས་བསྡུ་སྐབས་སོ་སོའི་འོས་དམིགས་འདེམས་སྒྲུག་སྐབས། དབུས་འོས་བསྡུ་ལས་ཁང་གི་བཀོད་ཁྱབ་ལྟར། ས་གནས་འོས་བསྡུ་ལས་ཁང་སོ་སོ་ནས་ཁྱབ་ཁོངས་མི་མང་ལ་བརྡ་ཁྱབ་གཏོང་དགོས།

༢    འོས་འཕེན་པ་སོ་སོ་ནས་འདེམས་སྒྲུག་བྱ་རྒྱུའི་འོས་དམིགས་འགེངས་ཤོག་ཟུར་འཛར། ང༽ ལྟར་གཏན་འབེབས་གྲངས་ཚད་གཞིར་བཟུང་འོས་འདེམས་བྱེད་དགོས།

དོན་ཚན་སོ་གཅིག་པ།    འོས་དམིགས་འགེངས་ཤོག་དང་འོས་ཤོག་འགྲེམས་སྤྲོད།

༡ འོས་བསྡུ་བྱ་ཡུལ་སྡེ་ཚན་འགན་འཛིན་སོ་སོ་ནས་ཁྱབ་ཁོངས་འོས་འཕེན་པའི་མིང་གཞུང་གཞིར་བཟུང་འོས་དམིགས་འགེངས་ཤོག་དང་འོས་ཤོག་ཇི་དགོས་ས་གནས་འོས་བསྡུ་ལས་ཁང་ནས་རྩིས་ལེན་ཁམས་དྭངས་བྱེད་དགོས།

༢    འོས་དམིགས་འགེངས་ཤོག་དང་འོས་ཤོག་འགྲེམས་སྤྲོད་སྐབས། འོས་འཕེན་པའི་དེབ་སྐྱེལ་ཨང་གྲངས་དང་དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་ཀྱིས་འགྲེམས་སྤྲོད་དགོས་པ་དང༌། འོས་ཤོག་སྤྲོད་རིམ་བཞིན་དོ་བདག་གི་སེན་མོར་སྣག་རིས་བཀོད་དེ་འོས་འཕེན་པའི་མིང་གཞུང་ནང་མིང་རྟགས་འགོད་དུ་འཇུག་དགོས།

དོན་ཚན་སོ་གཉིས་པ།    འོས་འཕེན་སྟངས་དང་གསང་རྒྱ།

༡    འོས་བསྡུའི་སྐབས་འོས་འཕེན་པ་སྐྱེ་བོ་སོ་སོ་དང༌། འོས་བསྡུའི་ལས་བྱེད་ཆེ་ཕྲ་ཡོངས་རྫོགས་ནས་འདྲ་མཉམ་དང༌། རང་དབང༌། གསང་བ་བཅས་ཀྱི་ཐབས་ལ་བརྟེན་ནས་ལས་དོན་ལག་ལེན་བསྟར་ཐུབ་པའི་འཁུར་འགན་མཉམ་བསྐྱེད་བྱེད་དགོས།

༢    འོས་འཕེན་པ་སོ་སོར་འོས་དམིགས་འགེངས་ཤོག་གམ་འོས་ཤོག་འགྲེམས་སྤྲོད་དང་ཆབས་ཅིག

ཀ འོས་འཕེན་པ་རེ་རེ་བཞིན་འོས་བསྡུའི་སྤྱིལ་བུའི་ནང་འཛུལ་ཞུགས་ཀྱིས་སྔོན་འགྲོའི་སྐབས་དབུས་འོས་བསྡུ་ལས་ཁང་ནས་བཏོན་པའི་འགེངས་ཤོག་སྟེང་རང་རང་འདོད་མོས་ཀྱི་འོས་དམིགས་བསྐང་དགོས།

ཁ    དངོས་གཞིའི་སྐབས་དབུས་འོས་བསྡུ་ལས་ཁང་ནས་བཏོན་པའི་འོས་ཤོག་སྟེང་རྟགས་ཐམ་མ་ནོར་བ་རྒྱག་དགོས།

ག    འོས་དམིགས་འགེངས་ཤོག་གམ་འོས་ཤོག་ལྟེབ་རྩིས་བརྒྱབས་ཏེ་ལམ་སེང་སྤྱིལ་བུ་ནས་ཕྱིར་ཐོན་གྱིས་འོས་སྒམ་གྱི་ཁུང་བུའི་ནང་འཇུག་དགོས།

ང    འོས་བསྡུའི་སྤྱིལ་བུའི་བཅད་མཚམས་རེའི་ནང་འོས་འཕེན་པ་གཅིག་ལས་མང་བ་ཞུགས་མི་ཆོག

ཅ    དམིགས་བསལ་དགོས་དོན་ཡོད་ན་ལས། དེ་མིན་འོས་བསྡུའི་འགན་འཛིན་དང་ལས་བྱེད་སུ་ཡང་སྤྱིལ་བུའི་བཅད་མཚམས་ནང་ གང་བྱུང་འཛུལ་ཞུགས་མི་ཆོག

ཆ    འོས་བསྡུའི་སྒྲིག་སྲོལ་ལ་བརྩི་མེད་ཁྲིམས་འགལ་བྱེད་རིགས་བྱུང་ཚེ་ལམ་སེང་འོས་འཕེན་པའི་ཁོངས་ནས་ཕྱིར་འབུད་བྱེད་དགོས།

དོན་ཚན་སོ་གསུམ་པ།    འོས་བསྡུའི་སྡེ་ཚན་སོ་སོ་ནས་འོས་བསྡུ་དང་འབྲེལ་བའི་ཡིག་ཆ་བདག་གཉེར་བྱེད་ཕྱོགས།

༡ འོས་བསྡུ་བྱ་ཡུལ་སོ་སོར་འོས་བསྡུ་ཟིན་མཚམས་སྡེ་ཚན་དེའི་འགན་འཛིན་དང་ལས་བྱ་རྣམས་མཉམ་འཛོམས་ཐོག་འོས་སྒམ་དེ་དག་གི་ཁུང་བུ་ནས་འོས་ཤོག་འཇུག་འདོན་མི་ཐུབ་པའི་དམ་སྦྱར་བྱེད་དགོས།

༢    ས་གནས་འོས་བསྡུ་ལས་ཁང་ནས་འོས་ཤོག་རྩ་འབོར་ཇི་བྱུང་དང༌། འོས་འཕེན་པར་འོས་ཤོག་འགྲེམས་སྤེལ་ཇི་སོང༌། ལྷག་མ་ཇི་ཡོད་བཅས་གྲངས་བཤེར་གྱིས་བྱུང་སོང་བསྡད་གསུམ་གྱི་ཐོ་གཞུང་གསལ་འགོད་ཐོག་འོས་བསྡུ་བྱ་ཡུལ་གྱི་འགན་འཛིན་དང༌། འོས་ཤོག་འགྲེམས་སྤེལ་བྱེད་པོ། འོས་འཕེན་པའི་མིང་གཞུང་བདག་གཉེར་བྱེད་པོ། ཟུར་དཔང་བཅས་ནས་མིང་རྟགས་འགོད་དགོས།

༣   འགྲེམས་སྤེལ་ཟིན་པའི་འོས་ཤོག་ལྷག་འཕྲོས་དང་འོས་འཕེན་པའི་མིང་གཞུང༌། འོས་བསྡུའི་ལས་དོན་དང་འབྲེལ་བའི་གནད་ཆེའི་ཡིག་རིགས་ཁག་བཅས་འཐུམ་བསྒྲིལ་གྱིས་རྟགས་སྦྱར་བྱེད་དགོས།

༤   གོང་གསལ་འོས་སྒམ་དང༌། འོས་ཤོག་ལྷག་འཕྲོས། ཡིག་ཆ་རྟགས་སྦྱར་བཅས་ས་གནས་འོས་བསྡུ་ལས་ཁང་ལ་རྩིས་སྤྲོད་ཀྱིས་བསྔོག་བཤེར་བྱ་རྒྱུའི་གཏན་འབེབས་དུས་ཚེས་བར་རང་འཇགས་བརྟན་འཇོག་བྱེད་དགོས།

༥    འོས་སྒམ་དང༌། ཡིག་ཆ་རྣམས་བསྔོག་འདོན་གྲངས་བཤེར་བྱ་རྒྱུའི་དུས་ཚེས་གཏན་འབེབས་ཉིན་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ཡོངས་རྫོགས་འདུ་འཛོམས་དགོས་པ་དང༌། གལ་སྲིད་འདུ་འཛོམས་མ་ཐུབ་པའི་སྐབས་འགན་འཛིན་ངོ་མ་དང༌། ཚོགས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་དང༌། དེ་བཞིན་ཟུར་དཔང་གི་ཚོགས་མིའི་རྩ་འབོར་གསུམ་ཆ་གཉིས་བཅས་འདུ་འཛོམས་བྱུང་ཕྱིན་འགན་འཛིན་ནས་འོས་སྒམ་དང༌། ཡིག་ཆ་རྣམས་ཀྱི་རྟགས་ཐེལ་སྐྱོན་ཆག་ཡོད་མེད་བརྟག་ཞིབ་ནན་ཏན་གྱིས་འགན་འཛིན་དང༌། ཚོགས་མི། ཟུར་དཔང་བཅས་སུ་རུང་ནས་དོགས་གཞི་དང༌། བློ་ཁ་མ་ཁེངས་པ་བྱུང་རིགས་ཁག་ལ་འབྲེལ་ཡོད་ལས་བྱ་སོ་སོར་འདྲི་རྩད་བྱེད་ཆོག

དོན་ཚན་སོ་བཞི་པ།      འོས་ཤོག་གྲངས་བཤེར།

༡    འོས་ཤོག་གྲངས་བཤེར་བྱ་རྒྱུའི་དུས་ཚོད་ཉིན་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་འཐུས་མི་ཡོངས་རྫོགས་འདུ་འཛོམས་དགོས་པ་དང༌། གལ་སྲིད་འདུ་འཛོམས་མ་ཐུབ་པའི་སྐབས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་དང༌། ཟུར་དཔང་གི་ཚོགས་མི་གསུམ་ཆ་གཉིས་བཅས་འདུ་འཛོམས་བྱུང་ཕྱིན་འོས་ཤོག་དང༌། ཡིག་ཆ་འཐུམ་བསྒྲིལ་ཁག་བསྔོག་བཤེར་བྱེད་ཆོག

༢    འོས་ཤོག་བསྔོག་བཤེར་བྱེད་རིམ་བཞིན་གྲངས་བཤེར་འགོ་འཛུགས་ཀྱིས་གཤམ་གསལ་དོན་ཚན་ཁག་གང་རུང་བྱུང་ན་འོས་ཤོག་རྩིས་མེད་གཏོང་རྒྱུ།

ཀ    འོས་ཤོག་ངོས་སུ་འོས་འཕེན་པ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ། མི་མིང་འཁོད་པ།

ཁ    རང་མོས་འོས་འདེམས་སུར་བྱེད་མི་མིང་དང་རྟགས་གང་ཡང་མི་གསལ་བ།

ག    ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ལས་བརྒལ་བའི་མི་མིང་དང་འོས་རྟགས་བརྒྱབས་པ།

ང    འོས་འདེམས་སུ་དང༌། སུར་བྱེད་ངོས་འཛིན་མ་བདེ་བའི་མི་མིང་དང་འོས་རྟགས་གང་བྱུང་བརྒྱབས་པ།

ཅ    འོས་ཤོག་ནང་མ་གསལ་བའི་རང་མོས་འོས་གཞི་མིང་གསལ་བཀོད་རིགས།

ཆ    འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་གྱི་རིགས་བཅས།

༣   རྩིས་མེད་བཏང་བའི་འོས་ཤོག་དེ་དག་ལ་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་རྩིས་མེད་གཏོང་དགོས་པའི་རྒྱུ་མཚན་ཇི་ཡིན་ཟུར་མཆན་མདོར་བསྡུས་རེ་དང༌། འགན་འཛིན་གྱིས་མིང་རྟགས་རྒྱག་དགོས་པ་ཡིན།

༤   འོས་ཤོག་གྲངས་བཤེར་བྱེད་སྐབས་ལས་རྒྱུན་བར་མཚམས་དང༌། སྔ་དགོང་ལས་ཁུངས་ཚུགས་གྲོལ་སོ་སོར་འོས་ཤོག་དང༌། འོས་བསྡུའི་ལས་དོན་སྐོར་གྱི་ཡིག་ཆ་རྣམས་བོར་གྱར་དང༌། སྐྱོན་ཆག་མི་འབྱུང་བའི་འཐུམ་བསྒྲིལ་གྱིས་ཚོགས་མི་ཟུང་སྦྲེལ་གྱི་ཐོག་ནས་འགན་འཛིན་གྱིས་ཐམ་ཀ་ཕབ་པའམ། ཡང་ན་ལས་ཁུངས་ཀྱི་སྒོར་རྟགས་ཐེལ་རྒྱག་དགོས་ཤིང༌། ལྡེ་མིག་དང་ཐེའུ་གཉིས་ཀ་མི་གཅིག་ནས་ཉར་མི་ཆོག

༥    འོས་ཤོག་གྲངས་བཤེར་སྐབས་འོས་བསྡུའི་འགན་འཛིན་དང༌། ཚོགས་མི། ཟུར་དཔང་བཅས་སུ་རུང་ནས་འོས་བསྡུའི་ལས་དོན་བྱེད་ཕྱོགས་ལ་བློ་ཁ་མ་ཁེངས་པའམ། གྲངས་ནོར་བྱུང་བའི་བློ་དོགས་བྱུང་མཚམས་ཞིབ་འཇུག་དང༌། གྲངས་བཤེར་བསྐྱར་དུ་བྱེད་དགོས་པའི་བསམ་འཆར་འདོན་པ་དང་དོགས་གཅོད་བྱེད་ཆོག

༦    ཀ     ས་གནས་སོ་སོར་འོས་ཤོག་གྲངས་བཤེར་ཟིན་རྗེས་ཆུ་ཚོད་ ༢༤ ནས་མ་འགྱངས་པར་ཐོབ་ཁུངས་སོ་སོའི་འོས་དམིགས་སམ་འོས་གཞི་དོ་བདག་སོ་སོར་ས་གནས་དེ་ནས་འོས་གྲངས་ཇི་ཐོབ་འོས་བསྡུའི་ཚོགས་མི་དང༌། ཟུར་དཔང་མཉམ་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་ནས་གསལ་བསྒྲགས་བྱེད་དགོས། གསལ་བསྒྲགས་ཟིན་པའི་འོས་དམིགས་སམ་འོས་གཞི་དོ་བདག་སོ་སོར་འོས་གྲངས་ཇི་ཐོབ་བསྡོམས་འབོར་འཁོད་པའི་རེའུ་མིག་ཟུར་འཛར་ ཅ༽ ལྟར་ཁ་གསལ་ཁམས་དྭངས་ཤིག་དང༌། དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་གྲངས་འབོར་ཇི་བྱུང་དང༌། འོས་འཕེན་པ་རྣམས་ལ་འགྲེམས་སྤེལ་ཇི་སོང༌། ལྷག་མ་ཇི་ཡོད། འོས་ཤོག་རྩིས་མེད་ཇི་སོང་བཅས་བྱུང་སོང་བསྡད་གསུམ་གྱི་ཁུངས་སོ་སོའི་ཐོ་གཞུང་ལ་ས་གནས་འོས་བསྡུའི་འགན་འཛིན་གྱི་མིང་རྟགས་དང༌། ཚོགས་ཆུང་གི་ལས་ཐམ་བཀོད་དེ་འཕྲལ་དུ་དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས། དབུས་འོས་བསྡུ་ལས་ཁང་ནས་དུས་ཚོད་གཏན་འབེབས་ལྟར་སྒྲིག་གསལ་བཞིན་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་ཟིན་རྗེས་མཐའ་བསྡོམས་འོས་བསྡུའི་གྲུབ་འབྲས་གསར་ཤོག་དང༌། གསར་འགྱུར་བརྒྱུད་ལམ་ཁག ས་གནས་འོས་བསྡུ་ལས་ཁང་ཁག་བཅས་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས།

ཁ    གྲངས་བཤེར་ཟིན་པའི་འོས་ཤོག་རྣམས་དང༌། འོས་ཤོག་ལྷག་མ་ཇི་ཡོད་བཅས་ས་གནས་འོས་བསྡུ་ལས་ཁང་ནས་ཁུངས་སོ་སོར་འཐུམ་བསྒྲིལ་རྟགས་སྦྱར་གྱིས་ས་གནས་སུ་བརྟན་འཇོག་བྱེད་དགོས་ཤིང༌། དབུས་འོས་བསྡུ་ལས་ཁང་ནས་བཀའ་འཁྲོལ་མེད་པར་གང་བྱུང་བསྔོག་བཤེར་བྱས་ཚེ་འབྲེལ་ཐོགས་པར་དོན་ཚན་ ༢༥ པའི་ནང་གསེས་ ༢ དགོངས་དོན་ལག་ལེན་བསྟར་དགོས།

དོན་ཚན་སོ་ལྔ་པ།       ས་གནས་འོས་བསྡུ་ལས་ཁང་ལ་མཐུན་འགྱུར།

ས་གནས་སོ་སོའི་འོས་བསྡུ་ལས་ཁང་ནས་འོས་བསྡུའི་ལས་དོན་དང་འབྲེལ་བའི་རོགས་རམ་དགོས་ལུགས་རེ་སྐུལ་བྱུང་རིགས་ལ་ས་གནས་སོ་སོའི་གཞུང་འབྲེལ་ལས་ཁུངས་ཁག་ནས་འོས་བསྡུའི་ལས་དོན་ཚགས་ཚུད་ཡོང་སླད་མཐུན་འགྱུར་རོགས་རམ་བྱེད་དགོས་པ་དང༌། གཞུང་འབྲེལ་ལས་ཁུངས་མེད་རིགས་ལ་ས་གནས་སོ་སོས་མཐུན་རྐྱེན་ཐབས་འཚོལ་བྱེད་དགོས།

དོན་ཚན་སོ་དྲུག་པ།      ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་གི་ལས་དོད།

༡    སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་སྔོན་འགྲོ་དང་དངོས་གཞི་འོས་བསྡུའི་ལས་རིམ་སྐབས། ས་གནས་འོས་བསྡུའི་ཚོགས་མི་སོ་སོ་དང་ཟུར་དཔང་བཅས་ལ་ལས་རྒྱུན་རིང་ལས་དོད་ཇི་དགོས་དབུས་འོས་བསྡུ་ལས་ཁང་ནས་འཆར་རྩིས་བཟོ་འགོད་ཀྱིས་སྤྱི་འཐུས་ལྷན་ཚོགས་སུ་གཏན་འབེབས་ཆེད་སྐབས་སོ་སོར་སྔོན་རྩིས་ནས་བཀའ་འཁྲོལ་ཞུ་དགོས།

༢    སྲིད་སྐྱོང་དང༌། བོད་མི་མང་སྤྱི་འཐུས་རྣམས་ཀྱི་སྔོན་འགྲོ་དང༌། དངོས་གཞིའི་འོས་བསྡུ། དེ་མིན་ལས་དོན་གལ་ཆེ་མང་མོས་འོས་བསྡུ་བྱེད་དགོས་ཀྱིས་མཚོན་འཆར་འཕར་གྱི་འོས་བསྡུའི་སྐབས་རྒྱ་གར་དང༌། བལ་ཡུལ། འབྲུག་ཁུལ་བཅས་སུ་འོས་བསྡུའི་ལས་རྒྱུན་རིང་ལས་དོད་གཅིག་གྱུར་གནང་རྒྱུ་དང༌། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐབས་དེའི་འོས་བསྡུའི་ཚོགས་མིར་དམིགས་བསལ་ལེགས་སོའི་གནས་འབུལ་བྱ་རྒྱུ།

༣ ལས་རྒྱུན་ཇི་འགོར་དོ་བདག་སོ་སོའི་མིང་རྟགས་འཁོད་པའི་འགེངས་ཤོག་སྟེང་ས་གནས་འོས་བསྡུའི་འགན་འཛིན་ནས་དག་མཆན་བཀོད་དེ་དབུས་འོས་བསྡུ་ལས་ཁང་དུ་སྐབས་འཕྲལ་འབུལ་ལམ་ཞུ་དགོས། ས་གནས་འོས་བསྡུའི་ཚོགས་མི་དང༌། ཟུར་དཔང་ཁོ་ན་ལས་དེ་མིན་ལས་བྱ་གཞན་ལ་ལས་དོད་ཐོབ་ཐང་མེད།

༤   གཞུང་འབྲེལ་ལས་ཁུངས་སྡེ་ཚན་མེད་པ་གང་ཞིག་ལ་མཐུན་རྐྱེན་ས་གནས་སོ་སོས་ཐབས་འཚོལ་མི་ཐུབ་པའི་ས་ཁུལ་ཁག་དང༌། དམིགས་བསལ་དཀའ་ངལ་ཅན་གྱི་ས་ཁུལ་ཁག་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་གཞིར་བཟུང་འོས་བསྡུའི་ལས་དོན་སྐབས་འགྲོ་གྲོན་གཏོང་དགོས་རྣམས་དབུས་འོས་བསྡུ་ལས་ཁང་ནས་དམིགས་བསལ་སྔོན་རྩིས་ཁོངས་འཆར་འབུལ་ཞུ་འཁྲོལ་དགོས།

ལེའུ་བཞི་པ།

བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ།

དོན་ཚན་སོ་བདུན་པ།     བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད།

བཅའ་ཁྲིམས་དོན་ཚན་ ༣༧ པའི་དགོངས་དོན་བོད་མི་མང་སྤྱི་འཐུས་རྣམས་ཀྱི་ཡོང་ཁུངས་དང༌། རྩ་འབོར་གྱི་གྲངས་ཚད།

༡    བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང༌། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས།

༢    རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།

༣   བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

༤   ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

༥    རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་ ༤༥ ངེས་པ་ཡིན། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་མི་ཆོག

དོན་ཚན་སོ་བརྒྱད་པ།    བོད་མི་མང་སྤྱི་འཐུས་སྐབས་རེའི་ཡུན་ཚད།

བོད་མི་མང་སྤྱི་འཐུས་སྐབས་རེའི་ཡུན་ཚད་དམ་བཅའ་ཕུལ་ཉིན་ནས་བཟུང་ལོ་ལྔ་རེ་ཡིན།

དོན་ཚན་སོ་དགུ་པ།      བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས།

བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ།

༡    བོད་ཀྱི་ཡུལ་མི་ཡིན་པ།

༢    རང་ལོ་ ༢༥ ཧྲིལ་པོ་ལོན་པ།

༣   ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥    ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦   བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ། བོད་མིའི་སྒྲིག་འཛགས་ཀྱི་ལས་བྱེད་ཅེས་པ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང༌། གཤམ་འོག་ལས་ཁུངས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་ལས་བྱེད་ཡོངས་ལ་གོ་དགོས་ཤིང༌། ལས་བྱེད་འདི་རིགས་འོས་གཞིར་སླེབས་ཤིང་རང་ངོས་ནས་འོས་གཞིར་ཞུགས་འདོད་ཡོད་ཚེ་ལས་བྱེད་ནས་རྩ་དགོངས་ཞུས་འཁྲོལ་དགོས་པ་ཡིན།

༧   བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༨    སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།

༩    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང༌། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ།

དོན་ཚན་བཞི་བཅུ་པ།    སྤྱི་འཐུས་ལ་མ་འོས་པའི་གནད་དོན་ཐག་གཅོད།

སྐྱེ་བོ་གང་ཞིག་གོང་འཁོད་དོན་ཚན་ནང་གསལ་སྤྱི་འཐུས་ལ་མ་འོས་པའི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་རིགས་དབུས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཆོག

དོན་ཚན་ཞེ་གཅིག་པ།     འོས་གཞིར་དང་བླངས་འཛུལ་ཞུགས་དང་འདེམས་སྒྲུག་བྱེད་ཕྱོགས།

༡    སྒྲིག་གཞི་འདི་དང༌། གཙོ་བོ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་གི་དགོངས་དོན་གཞིར་བཟུང་སྐྱེ་བོ་སུ་རུང་རང་ཉིད་ཀྱི་ཐོབ་ཁུངས་སོ་སོའི་ཐོབ་ཆའི་སྤྱི་འཐུས་ཀྱི་འོས་གཞིར་དང་བླངས་འཛུལ་ཞུགས་ཆོག

༢    སྐྱེ་བོ་གང་ཞིག་སྤྱི་འཐུས་ཀྱི་འོས་གཞིར་དང་བླངས་འཛུལ་ཞུགས་བྱེད་པ་ལ།

ཀ    དོན་ཚན་ ༣༩ ནང་གསལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་བ།

ཁ    ཐོབ་ཁུངས་དེ་གའི་འོས་འཕེན་པ་ཚད་ལྡན་རྒྱུས་ཅན་ ༢༥ ནས་འགན་འཁུར་གྱིས་རྒྱབ་སྐྱོར་ཡོད་པ།

༣   དབུས་འོས་བསྡུ་ལས་ཁང་ནས་ཁྱབ་བསྒྲགས་དགོས་པ་གཤམ་གསལ།

ཀ    ཐོབ་ཁུངས་སོ་སོའི་སྤྱི་འཐུས་ཀྱི་ཐོབ་ཆའི་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་རྒྱུར་སྙན་ཞུས་ཀྱིས། ས་གནས་འོས་བསྡུ་ལས་ཁང་ནས་འགེངས་ཤོག་ཞུ་ལེན་དང༌། དོ་བདག་གི་ལོ་རྒྱུས་བཅས་ཕྱིར་འབུལ་བྱ་རྒྱུའི་དུས་ཚེས།

ཁ    དང་བླངས་འཛུལ་ཞུགས་བྱས་པའི་འོས་གཞི་ལ་ས་གནས་འོས་བསྡུ་ལས་ཁང་ནས་བརྟག་ཞིབ་རྩད་གཅོད་དང་ཐག་གཅོད་བྱ་རྒྱུའི་དུས་ཚེས།

ག    སྐྱེ་བོ་གང་ཞིག་དང་བླངས་འོས་གཞི་ནས་རང་མོས་ཕྱིར་འཐེན་བྱ་རྒྱུའི་དུས་ཚེས།

ང    དབུས་འོས་བསྡུ་ལས་ཁང་ནས་མཐའ་བསྡོམས་གསལ་བསྒྲགས་བྱས་པའི་འོས་གཞི་རྣམས་ཀྱི་མིང་དང༌། མཚོན་རྟགས། ཐོབ་ཁུངས། ད་ལྟའི་སྡོད་གནས། ལོ་རྒྱུས་མདོར་བསྡུས་བཅས།

དོན་ཚན་ཞེ་གཉིས་པ།    དང་བླངས་འོས་གཞིའི་འགེངས་ཤོག་འབུལ་ཕྱོགས་དང་འབུལ་དུས།

༡    ས་གནས་འོས་བསྡུ་ལས་ཁང་དུ་དོ་བདག་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་རྒྱུའི་སྙན་ཞུ་ཕུལ་ཏེ། དང་བླངས་འོས་གཞིའི་འགེངས་ཤོག་དང༌། རྒྱབ་སྐྱོར་འགེངས་ཤོག་རྩིས་ལེན་བྱེད་དགོས།

༢    ཟུར་འཛར་ ཆ༽ དང་ ཇ༽ གཞིར་བཟུང་འོས་གཞིའི་འགེངས་ཤོག་དང་རྒྱབ་སྐྱོར་འགེངས་ཤོག་ནང་འཚེམས་ལུས་ནོར་འཁྲུལ་མེད་པར་བསྐངས་ནས། དང་བླངས་འོས་གཞིར་འཛུལ་ཞུགས་བྱེད་པོ་རང་ཉིད་དང༌། ཐོབ་ཁུངས་དེ་གའི་འོས་འཕེན་པ་ཚད་ལྡན་རྒྱུས་ཅན་ ༢༥ ནས་འགན་འཁུར་རྒྱབ་སྐྱོར་གྱི་མིང་རྟགས་འཁོད་པའི་ཡིག་ཆ་བཅས་དབུས་འོས་བསྡུ་ལས་ཁང་གི་གཏན་འབེབས་དུས་ཚེས་ནང་ཚུན་ས་གནས་འོས་བསྡུ་ལས་ཁང་ལ་ཕུལ་ཟིན་པ་དགོས།

༣   དང་བླངས་འཛུལ་ཞུགས་བྱེད་པོ་སོ་སོ་ནས་འགེངས་ཤོག་ཁག་དང་ཆབས་ཅིག་འབའ་དངུལ་རྒྱ་བལ་འབྲུག་གསུམ་ནས་ཧིན་སྒོར་ ༡༥༠༠༠ རེ་དང༌། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཨ་སྒོར་ ༥༠༠ རེ་ས་གནས་འོས་བསྡུ་ལས་ཁང་དུ་ཟུར་འཇོག་བྱེད་དགོས།

ཀ དང་བླངས་འཛུལ་ཞུགས་བྱས་པའི་སྐྱེ་བོ་གང་ཞིག་ཐོབ་ཁུངས་གང་ཡང་རུང་བ་དེའི་འོས་གཞིའི་མི་གྲངས་ཇི་ཡོད་ཀྱི་མཐའ་མའི་འོས་ཐོབ་གྲངས་འབོར་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡོམས་པའི་འབོར་དེ་དག་འོས་གཞི་རྣམས་ལ་ཆ་སྙོམ་དུ་བགོས་པའི་གྲངས་འབོར་དེའི་བརྒྱ་ཆ་བཞི་བཅུ་ཐམ་པ་དོ་བདག་དེར་ཐོབ་ན་སྤྱི་འཐུས་སུ་འདེམས་ཐོན་མ་བྱུང་རུང༌། ཐོག་མར་ཟུར་འཇོག་བྱས་པའི་འབའ་དངུལ་རྣམས་དོ་བདག་ལ་ཕྱིར་སྤྲོད་བྱེད་དགོས། གོང་གསལ་ལྟར་གྱི་བརྒྱ་ཆ་མ་ལོན་ཚེ་འབའ་དངུལ་དེ་དག་ཕྱིར་སྤྲོད་བྱེད་མི་དགོས།

ཁ དང་བླངས་འཛུལ་ཞུགས་བྱེད་པོར་འབའ་དངུལ་ཕྱིར་སྤྲོད་དགོས་མིན་དབུས་འོས་བསྡུ་ལས་ཁང་ནས་རྩིས་བསྐོར་གྱིས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དོ་བདག་སོ་སོར་བརྡ་ཐོ་གཏོང་རྒྱུ་དང༌། ཕྱིར་སྤྲོད་མ་དགོས་པའི་དངུལ་འབབ་རྣམས་གཞུང་གི་ཕྱོགས་བསྡོམས་མ་དངུལ་ནང་འཇོག་དགོས།

དོན་ཚན་ཞེ་གསུམ་པ།    དང་བླངས་འོས་གཞིར་བརྟག་ཞིབ་རྩད་གཅོད་དུས་ཚེས།

༡    དང་བླངས་འོས་གཞི་རྣམས་འོས་མིན་བརྟག་ཞིབ་བྱ་རྒྱུ་འགེངས་ཤོག་འབུལ་རྒྱུའི་དུས་ཚེས་རྫོགས་པའི་ཕྱི་ཉིན་ནས་འགོ་འཛུགས་བྱེད་དགོས།

༢    ས་གནས་འོས་བསྡུའི་འགན་འཛིན་ནས་ས་གནས་འོས་བསྡུའི་ཚོགས་མི་དང༌། དང་བླངས་འོས་གཞིར་རྒྱབ་སྐྱོར་བྱེད་པོ་བཅས་ཚོགས་བསྐོང་བརྡ་ཐོ་གཞིར་བཟུང་འདུ་འཛོམས་ཐོག་འགེངས་ཤོག་ཡོངས་རྫོགས་ལ་བརྟག་ཞིབ་ཐུབ་པའི་དགོས་ངེས་ཀྱི་དུས་ཚོད་སྤྲོད་དགོས།

༣ ས་གནས་འོས་བསྡུའི་འགན་འཛིན་ནས་ཚོགས་ཐོག་ཏུ་འོས་གཞིའི་འགེངས་ཤོག་རེ་རེ་བཞིན་ཞིབ་འཇུག་གིས་འོས་གཞི་གང་ཞིག་གཤམ་གསལ་དོན་གནད་ཁག་གཞིར་བཟུང་ཕྱིར་འཐེན་བྱེད་དགོས།

ཀ    ཁྲིམས་ལུགས་གཏན་འབེབས་རྩ་འཛིན་ཡིག་ཆ་ཁག་ནང་གསལ་འཐུས་མིའི་འོས་ཆོས་དང་མི་ལྡན་པ།

ཁ    གཏན་འབེབས་དུས་ཚེས་ནང་འགེངས་ཤོག་ཕུལ་འབྱོར་མ་བྱུང་བ།

ག    འབའ་དངུལ་ཟུར་འཇོག་མ་བྱས་པ།

ང    འོས་གཞིའི་འགེངས་ཤོག་ཐོག་དང་བླངས་པ་དང༌། རྒྱབ་སྐྱོར་བ་གཉིས་ཀའི་མིང་རྟགས་ངོ་མ་མེད་པ།

ཅ    འོས་གཞི་རང་ཉིད་བོད་ཀྱི་ཡུལ་མིའི་རང་བཞིན་དོར་ཟིན་པའམ། དཔྱ་དངུལ་འབུལ་ཆད་ཡོད་པ།

ཆ    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་བཅས།

དོན་ཚན་ཞེ་བཞི་པ།      དང་བླངས་འོས་གཞི་ནས་ཕྱིར་འཐེན།

༡    དང་བླངས་འོས་གཞིའི་ཁོངས་ནས་ཕྱིར་འཐེན་ཆོག་པའི་དུས་ཚེས་མཐའ་མ་འོས་གཞིར་བརྟག་ཞིབ་ཟིན་རྗེས་ཀྱི་ཉིན་གཉིས་པ་དེ་ཡིན་ཅིང༌། དུས་བཀག་དེའི་ནང་ཚུན་ཕྱིར་འཐེན་བྱས་རིགས་ནས་འབའ་དངུལ་ཕྱིར་ཞུ་བྱེད་ཆོག

༢    རང་ཉིད་འོས་གཞི་ནས་ཕྱིར་འཐེན་བྱ་རྒྱུའི་མིང་རྟགས་སྦྱར་མའི་སྙན་ཞུ་ས་གནས་འོས་བསྡུ་ལས་ཁང་ལ་ཕུལ་རྗེས་སླར་ཡང་སྐབས་དེའི་དང་བླངས་འོས་གཞིར་འཛུལ་ཞུགས་མི་ཆོག

དོན་ཚན་ཞེ་ལྔ་པ།        དང་བླངས་འོས་གཞིའི་དུས་ཚེས་དང༌། མིང་ཐོ་འབུལ་ཕྱོགས།

དང་བླངས་འོས་གཞིར་འཛུལ་ཞུགས་དང༌། བརྟག་ཞིབ། ཕྱིར་འཐེན་བཅས་ཐག་གཅོད་ཟིན་མཚམས་ས་གནས་འོས་བསྡུ་ལས་ཁང་ནས་འོས་གཞིའི་འགེངས་ཤོག་དང༌། འོས་གཞི་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་བཅས་དབུས་འོས་བསྡུ་ལས་ཁང་དུ་འབུལ་དགོས།

དོན་ཚན་ཞེ་དྲུག་པ།      སྤྱི་འཐུས་འོས་དམིགས་འདེམས་སྒྲུག

༡    ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་མི་མང་རྣམས་ལ་འོས་དམིགས་འདེམས་སྒྲུག་དགོས་པའི་བཀོད་བྱུས་དང༌། བརྡ་ཁྱབ་གཏོང་རྒྱུ།

ཀ   ས་གནས་འོས་འཕེན་པའི་མིང་གཞུང་ཁག་གཞིར་བཟུང་ཐོབ་ཁུངས་ཀྱི་སྡེ་ཚན་མ་འདྲེས་པ་བྱ་རྒྱུ། ཆོལ་ཁ་མི་འདྲ་བའི་བཟའ་ཚང་རྣམས་ཆོལ་ཁོངས་དོ་བདག་སོ་སོའི་རང་དབང་འདོད་མོས་ཀྱིས་ཐག་གཅོད་ཇི་བྱས་ལ་རྩ་འཛིན་བྱ་རྒྱུ་དང༌། དེ་ལྟའི་བཟའ་ཚང་གི་ཕྲུ་གུ་རང་ལོ་ ༡༨ ལོན་མཚམས་ཕ་མ་སུ་རུང་གི་ཆོལ་ཁར་རང་མོས་ཀྱིས་ཞུགས་ཆོག་ཅིང༌། རྗེས་སུ་ཆོལ་ཁ་གཞན་གྱི་བཟའ་ཟླ་བྱུང་ཚེ་ཆོལ་ཁ་བརྗེ་བསྒྱུར་གྱི་གོ་སྐབས་ཐེངས་གཅིག་སྤྲོད་ཆོག

ཁ   འོས་འཕེན་པ་རྣམས་ནས་འོས་དམིགས་འདེམས་སྒྲུག་མ་བྱས་གོང་འོས་དམིགས་ལ་ཁྲིམས་མཐུན་འོས་ཆོས་ཇི་དགོས་ཀྱི་གནས་ལུགས་ཤེས་རྟོགས་ཆེད། ས་གནས་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་དང༌། ཁྲིམས་སྒྲིག་ཁག་ནང་གསལ་འོས་ཆོས་དང་འབྲེལ་བའི་དོན་ཚན་རྣམས་སྒྲོག་སྦྱང་དང༌། འགྲེལ་བཤད་བྱེད་དགོས།

ག   འོས་འཕེན་པ་སོ་སོ་ནས་འདེམས་སྒྲུག་བྱ་རྒྱུའི་འོས་དམིགས་ཀྱི་གྲངས་ཚད་ཆོལ་ཁ་རེ་རེར་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང༌། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། དགོན་ཁག་དང༌། ཆོས་ཀྱི་ཚོགས་སྡེ་ཁག་ནས་རང་རང་ཆོལ་ཁའི་ཐོབ་ཆའི་གྲངས་ཚད་སྤྱི་མཚུངས་ཐོག་ཆོས་བརྒྱུད་སོ་སོར་ཐོབ་ཆའི་སྤྱི་འཐུས་གཉིས་རེ། བྱང་ཨ་རི་དང་ལྷོ་ཨ་རི་ཁུལ་དུ་ཐོབ་ཆའི་སྤྱི་འཐུས་གཉིས། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་དུ་ཐོབ་ཆའི་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་དུ་ཐོབ་ཆའི་སྤྱི་འཐུས་གཅིག་བཅས་ལས་བརྒལ་བ་འདེམས་སྒྲུག་མི་ཆོག

ང    འོས་འཕེན་པ་སོ་སོ་ནས་འོས་དམིགས་འདེམས་སྒྲུག་བྱེད་སྐབས་འོས་དམིགས་རྣམས་ཀྱི་མིང་དང༌། ཐོབ་ཁུངས། ད་ལྟའི་སྡོད་གནས། ལས་གནས། ཁྱད་མིང་ངམ་ནང་མིང་ལྟ་བུ་མིང་འདྲ་གཞན་དང་མི་ནོར་བའི་ཁྱད་མིང་རེ་བཅས་ཁ་གསལ་འགོད་ཐབས་དགོས།

དོན་ཚན་ཞེ་བདུན་པ།     འོས་ཐོབ་གྲངས་བཤེར་ཕྱོགས་བསྡོམས་དང་འོས་གཞི་གཏན་འབེབས།

༡ དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱས་པའི་དུས་ཚེས་ནང་ཚུན་ས་གནས་འོས་བསྡུ་ལས་ཁང་ཁག་ནས་འོས་གཞིའི་ཐོ་གཞུང་ཡིག་ཆ་ཁག་དབུས་འོས་བསྡུ་ལས་ཁང་དུ་དུས་ཐོག་ངེས་འབུལ་ཐུབ་པ་དགོས། གལ་སྲིད་ས་གནས་ཐག་རིང་སྦྲག་ལམ་གྱི་མཐུན་རྐྱེན་ཇི་བཞིན་མེད་རིགས་ཁག་ནས་འོས་གཞིའི་ཐོ་གཞུང་ཡིག་ཆ་རྣམས་དུས་ཐོག་འབུལ་འབྱོར་མ་བྱུང་ཚེ་ས་ཁུལ་དེ་དག་གི་གནས་སྟངས་དང༌། མི་འབོར་མང་ཉུང་ལ་སྟབས་བསྟུན་དགོངས་བཞེས་ཀྱིས་འོས་གཞི་གཏན་འབེབས་བྱེད་རྒྱུའི་དུས་ཚེས་ནས་ལས་ཉིན་བདུན་རིང་ཕྱི་སྣུར་བྱེད་ཆོག

༢ ས་གནས་འོས་བསྡུ་ལས་ཁང་སོ་སོ་ནས་འོས་ཤོག་གྲངས་བཤེར་བྱས་པའི་ཐོ་གཞུང་ཡིག་ཆ་རྣམས་དབུས་འོས་བསྡུ་ལས་ཁང་ལ་ཕྱིར་འབུལ་བྱུང་མཚམས་སོ་སོར་འབྱོར་ཐོ་དེབ་བཀོད་ཀྱིས། འོས་གཞི་གཏན་འབེབས་གྲངས་བཤེར་བྱ་རྒྱུའི་དུས་ཚེས་བར་ཡིག་ཆ་རྣམས་ཁུངས་གཅིག་ཏུ་ཉར་འཇོག་དགོས་པ་ལས་གང་བྱུང་སྔོག་བཤེར་བྱེད་མི་ཆོག

༣   འོས་གྲངས་ཞིབ་བཤེར་བྱ་རྒྱུའི་དུས་ཚེས་ཉིན་དོན་ཚན་ ༡༠ ནང་གསེས་ ༣ གཞིར་བཟུང་འོས་ཐོབ་ཐོ་གཞུང་དང༌། ཡིག་ཆ་རྣམས་བསྔོག་བཤེར་བྱེད་ཆོག

༤   འོས་གྲངས་ཞིབ་བཤེར་སྐབས་འོས་ཐོབ་གྲངས་འབོར་མང་རིམ་བསྟར་བསྒྲིགས་ཀྱིས་མིང་དང༌། ཕ་ཡུལ། ད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས། འོས་གྲངས་ཇི་ཐོབ་ཀྱི་གྲངས་འབོར་གསལ་བཀོད་ཀྱིས་མིང་གཞུང་རེའུ་མིག་བཟོ་འགོད་བྱེད་དགོས་པ་དང༌། ཟུར་དཔང་དུ་སྤྱི་འཐུས་རྒྱུན་ལས་ནས་ཆོལ་ཁ་ཆོས་བརྒྱུད་སོ་སོའི་ཐོབ་ཁོངས་ནས་སྤྱི་འཐུས་རེ་དམིགས་འཛུགས་གནང་དགོས། རྩ་འབོར་གྱི་གསུམ་ཆ་གཉིས་བྱུང་ཕྱིན་འོས་ཤོག་གྲངས་བཤེར་བྱེད་ཆོག

༥    མིང་གཞུང་རེའུ་མིག་ནས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་འབོར་དེའི་ཉིས་ལྡབ་ཀྱི་འོས་གཞི་གཏན་འབེབས་བྱེད་དགོས། གལ་ཏེ་སྐྱེ་བོ་གང་ཞིག་ཐོབ་ཁུངས་གཉིས་ཀྱི་འོས་གཞིའི་ཁོངས་ཡོད་ན་དབུས་འོས་བསྡུ་ལས་ཁང་ནས་དོ་བདག་ཐོབ་ཁུངས་གང་དུ་ཞུགས་འདོད་ཡོད་མེད་འདྲི་རྩད་ཀྱིས་གཏན་འབེབས་བྱེད་དགོས།

༦   འོས་དམིགས་ནང་གསལ་བསྒྲགས་བྱ་རྒྱུའི་འོས་གཞི་རྣམས་དབུས་འོས་བསྡུ་ལས་ཁང་ནས་བརྟག་ཞིབ་ཀྱིས་འོས་གཞི་གང་ཞིག་སྒྲིག་གཞི་དོན་ཚན་ ༢༥ ནང་གསེས་ ༡ དང་ ༢ དོན་ཚན་ ༤༣ ནང་གསེས་ ༣ པའི་ ཀ ནས་ ཆ བར་གཞིར་བཟུང་ཕྱིར་འཐེན་བྱེད་ཆོག

དོན་ཚན་ཞེ་བརྒྱད་པ།    འོས་ཤོག་བཟོ་སྐྲུན།

༡    ཐོབ་ཁུངས་སོ་སོ་ངོས་འཛིན་བདེ་ཆེད་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་ཚོན་མདོག་མི་འདྲ་བ་བཟོ་སྐྲུན་གཏན་འབེབས་བྱེད་དགོས།

༢    འོས་ཤོག་སོ་སོའི་ནང་འོས་གཞིའི་མིང་ཐོ་རྣམས་གསལ་བསྒྲགས་ཟིན་པའི་མིང་གཞུང་གོ་རིམ་ལྟར་དང༌། མིང་འདྲ་ཡོད་ཚེ་ཕན་ཚུན་ངོས་འཛིན་བདེ་ཆེད་གསལ་ཁ་འགོད་དགོས།

༣   འོས་གཞི་སོ་སོར་མཚོན་རྟགས་རེ་སྤྲོད་དགོས།

དོན་ཚན་ཞེ་དགུ་པ།      འོས་གཞི་གསལ་བསྒྲགས།

༡    དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད།

ཀ    འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༤༥ གོང་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱེད་དགོས།

ཁ    སྔོན་འགྲོའི་འོས་གཞི་ནས་དགོངས་ཞུ་བྱེད་འདོད་ཡོད་རིགས་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་པ་ཞུ་འཁྲོལ་དགོས་པ་དང༌། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག

༢    ས་གནས་འོས་བསྡུ་ལས་ཁང་གིས་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་འོས་གཞི་རྣམས་ཀྱི་ལོ་རྒྱུས་བསྡུ་ལེན་གྱིས་ཞིབ་འཇུག་དང་སྦྲགས་དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས།

༣   དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་བརྟག་ཞིབ་རྩད་གཅོད་དང༌། དགོངས་ཞུའི་རིགས་གྲུབ་རྗེས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱེད་དགོས།

ཀ    དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་གྲངས་ ༤༥ གོང༌། དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་སྔོན་སོང་ནང་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་དང༌། འོས་གཞིའི་མཚོན་རྟགས་བཅས་མཐའ་བསྡོམས་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས།

ཁ    དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་ཟིན་པའི་འོས་གཞི་དེ་དག་གི་སྐོར་དང་བཀོད་ཁྱབ་བཅས་ས་གནས་འོས་བསྡུ་ལས་ཁང་སོ་སོར་གཏོང་དགོས། ས་གནས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་ཀྱི་འབྲུ་དོན་གཞིར་བཟུང་འོས་བསྡུ་བྱ་ཡུལ་སྡེ་ཚན་སོ་སོའི་ཁྱབ་ཁོངས་མི་མང་ལ་འོས་གཞི་ཁག་ཡིད་འཇགས་བློ་ངེས་ཐུབ་པའི་གསལ་བསྒྲགས་འཐུས་ནན་ཐོག་མི་ཚོགས་འདུ་འཛོམས་ཆེ་ས་ཁག་ལ་འགྲེམས་སྦྱར་བྱེད་དགོས།

༤   དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པའི་རྗེས་སུའང་འོས་བསྡུ་མ་བྱས་གོང་འོས་གཞི་སུ་རུང་ལ་འོས་ཆོས་ཚང་མིན་གྱི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་བའམ། དབུས་འོས་བསྡུ་ལས་ཁང་ནས་ཤེས་རྟོགས་བྱུང་སྐབས། ཁྲིམས་མཐུན་ཞིབ་འཇུག་གིས་སྒྲིག་དོན་གཞིར་བཟུང་གསལ་བསྒྲགས་ཟིན་པའི་འོས་གཞི་ཆ་ཚང་ངམ་འོས་གཞི་བྱེ་བྲག་པ་སུ་རུང་ཕྱིར་འཐེན་ཆོག་ཅིང༌། འོས་གཞི་ཆ་ཚང་ཕྱིར་འཐེན་བྱས་པ་ཡིན་ན་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་དང༌། འོས་གཞི་བྱེ་བྲག་པ་ཕྱིར་འཐེན་བྱས་པའམ་གློ་བུར་འཆི་སྐྱོན་བྱུང་བ་ཡིན་ན། འོས་གཞིའི་གྲངས་འབོར་ལ་གཞིགས་ཏེ་ཐག་གཅོད་བྱ་འཐུས།

དོན་ཚན་ལྔ་བཅུ་པ།      དངོས་གཞིའི་འོས་བསྡུ།

དངོས་གཞིའི་འོས་བསྡུའི་སྐབས་བབ་ལས་དོན་རྣམས་དོན་ཚན་ ༣༡ དང་ ༣༢།༣༣།༣༤ གཞིར་བཟུང་ལག་བསྟར་བྱེད་དགོས་པ་དང༌། འོས་ཤོག་འགྲེམས་སྤྲོད་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་གལ་ཏེ་ས་གནས་གཞན་ནས་སླེབས་པའི་མི་ཞིག་ལ་ཡོང་ཁུངས་ས་གནས་དེ་ནས་དང་བླངས་དཔྱ་དངུལ་གྱི་ལག་དེབ་ཐོག་ས་གནས་འོས་བསྡུ་ལས་ཁང་གི་ལས་ཐམ་འཁོད་པའི་མིང་གཞུང་དེབ་འགོད་ཀྱི་མིང་རྟགས་དང་སྦྲགས་དེབ་འགོད་བྱས་པའི་ཨང་གྲངས་མིག་སྟོན་བྱ་རྒྱུ་ཡོད་ཚེ་ས་གནས་དེ་རང་གི་མིང་གཞུང་ནང་མེད་ན་ཡང་ཐོབ་ཁུངས་མ་ནོར་བར་འོས་ཤོག་འགྲེམས་སྤྲོད་བྱེད་ཆོག་པ་དང༌། ཐོབ་ཁུངས་གང་ཡིན་པ་དེའི་མིང་གཞུང་རེའུ་མིག་གཤམ་དུ་ས་གནས་དང༌། མི་མིང༌། འོས་བསྡུ་བའི་མིང་གཞུང་དེབ་འགོད་ཨང་གྲངས། དཔྱ་དངུལ་ལག་དེབ་ཀྱི་ཨང་གྲངས་བཅས་གསལ་པོ་འགོད་དགོས། སྲིད་སྐྱོང་གི་ཐད་ཟུར་འཛར་ ག༽ འོག་གོང་བཞིན་ལག་དེབ་ཨང་གྲངས་བཅས་གསལ་པོ་འགོད་དགོས།

དོན་ཚན་ང་གཅིག་པ།     འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས།

འོས་ཐོབ་གྲངས་བཤེར་དོན་ཚན་ ༣༤ གཞིར་བཞག་ཐོག

༡    ཐོབ་ཁུངས་སོ་སོའི་ཁོངས་ནས་འོས་གྲངས་མང་རིམ་རྩེ་བཏོག་གིས་ཆོལ་ཁ་རེར་ཕོ་མོ་ཁྱད་མེད་བཅུ་རེ་དང༌། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ། ཆོས་བརྒྱུད་སོ་སོར་མི་གྲངས་གཉིས་རེ། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་དུ་མི་གྲངས་གཉིས་དང༌། བྱང་ཨ་རི་དང་ལྷོ་ཨ་རི་ཁུལ་དུ་མི་གྲངས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་དུ་མི་གྲངས་གཅིག་བཅས་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ཡིན།

༢    སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང༌། ཟུར་དཔང་རྣམས་ཀྱི་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས།

༣   སྤྱི་འཐུས་འོས་བསྡུའི་ལས་དོན་ཡོངས་རྫོགས་སྤྱི་འཐུས་གསར་པས་དམ་འབུལ་ཞུ་རྒྱུའི་དུས་ཚེས་ཀྱི་ཉིན་གྲངས་ ༣༠ གོང་དུ་ངེས་པར་མཇུག་བསྒྲིལ་ཐུབ་པ་དགོས།

དོན་ཚན་ང་གཉིས་པ།     རྒྱ་ཁྱབ་གསལ་བསྒྲགས་དང༌། འདེམས་ཐོན་སྤྱི་འཐུས་སོ་སོར་བརྡ་ལན་སྤྲོད་ཕྱོགས།

༡    འདེམས་ཐོན་བྱུང་བའི་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མིང་དང༌། འདྲ་པར། ད་ལྟའི་སྡོད་གནས། འོས་གྲངས། ལོ་རྒྱུས་མདོར་བསྡུས་རེ་བཅས་དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱེད་དགོས།

༢ འདེམས་ཐོན་བྱུང་བའི་སྤྱི་འཐུས་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་པའི་གནས་ཚུལ་དང་སྦྲགས་བཞུགས་སྒར་དུ་དམ་བཅའ་འབུལ་བར་ངེས་བཅར་དགོས་རྒྱུའི་ཚེས་གྲངས་ཁ་གསལ་འཁོད་པའི་བརྡ་ལན་དབུས་འོས་བསྡུ་ལས་ཁང་ནས་དེབ་སྐྱེལ་སྦྲག་བརྒྱུད་དམ་ངེས་པར་འཕྲོད་ཐབས་བྱེད་དགོས།

དོན་ཚན་ང་གསུམ་པ།    སྤྱི་འཐུས་དང༌། སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་གྱི་དུས་ཡུན།

དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུ་ལས་ཁང་ལ་འོས་དམིགས་འདེམས་སྒྲུག་གི་ལས་རིམ་བཀོད་ཁྱབ་གཏོང་ཚེས་ནས་སྤྱི་འཐུས་འོས་བསྡུའི་ལས་རིམ་འགོ་འཛུགས་བྱེད་པ་དང༌། དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ཉིན་སྤྱི་འཐུས་ཀྱི་འོས་བསྡུའི་ལས་དོན་གྲུབ་པར་ངོས་འཛིན་བྱེད་དགོས། དེ་བཞིན་དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུ་ལས་ཁང་ལ་སྲིད་སྐྱོང་གི་སྔོན་འགྲོའི་འོས་དམིགས་འདེམས་སྒྲུག་གི་ལས་རིམ་བཀོད་ཁྱབ་གཏོང་ཚེས་ནས་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་འགོ་འཛུགས་བྱེད་པ་དང༌། དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བྱས་ཉིན་ནས་སྲིད་སྐྱོང་གི་འོས་བསྡུའི་ལས་དོན་གྲུབ་པར་ངོས་འཛིན་བྱེད་དགོས།

ལེའུ་ལྔ་པ།

སྤྱི་འཐུས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་འོས་བསྡུ།

དོན་ཚན་ང་བཞི་པ།      འོས་གཞིའི་ཡོང་ཁུངས་དང༌། འོས་བསྡུ་བྱེད་པོ།

སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འོས་གཞི་ཡོང་ཁུངས་དང༌། འོས་བསྡུ་བྱེད་པོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཁོ་ན་ཡིན།

དོན་ཚན་ང་ལྔ་པ།        འོས་བསྡུ་བྱེད་ཕྱོགས།

བཅའ་ཁྲིམས་དོན་ཚན་ ༤༥ ནང་གསལ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག་དགོས་པར་སྔོན་ལ་ཚོགས་གཙོའི་འོས་བསྡུ་དང༌། དེ་རྗེས་ཚོགས་གཙོ་གཞོན་པའི་འོས་བསྡུ་གཉིས་སྔ་རྗེས་གོ་རིམ་བཞིན་བྱེད་དགོས། འོན་ཀྱང་ངོ་ཡོད་སྤྱི་འཐུས་རྣམས་ཀྱིས་འོས་མི་ཞིག་ལ་སྤྱི་མོས་བྱུང་ཚེ་དབུས་འོས་བསྡུ་ལས་ཁང་ནས་བརྟག་ཞིབ་ཀྱིས་ཐག་གཅོད་བྱུང་མཚམས་འདེམས་ཐོན་བྱུང་བར་གསལ་བསྒྲགས་བྱེད་ཆོག

དོན་ཚན་ང་དྲུག་པ།      སྔོན་འགྲོའི་འོས་གཞི།

༡ དབུས་འོས་བསྡུ་ལས་ཁང་ནས་བཀྲམ་པའི་རྟགས་ཐམ་སྦྱར་མའི་འོས་དམིགས་འགེངས་ཤོག་སྟེང་སྤྱི་འཐུས་རེ་རེས་འོས་དམིགས་གསུམ་ལས་མ་མང་བ་གསང་བའི་སྒོ་ནས་འོས་བསྡུ་བྱེད་དགོས།

༢    དབུས་འོས་བསྡུ་ལས་ཁང་ནས་འོས་གྲངས་མང་ཐོན་རྩེ་བཏོག་གིས་འོས་གཞི་གསུམ་གྱི་མིང་གཞུང་སྤྱི་འཐུས་རྣམས་ལ་གསལ་བསྒྲགས་བྱེད་དགོས། འོས་གཞི་ནས་ཕྱིར་འཐེན་བྱེད་འདོད་ཡོད་རིགས་ལ་གསལ་བསྒྲགས་བྱས་པའི་དུས་ཚོད་ནས་ཆུ་ཚོད་ ༣ ལས་མ་བརྒལ་བའི་དུས་ཡུན་སྤྲོད་ཆོག

༣   འོས་གྲངས་འདྲ་མཉམ་བྱུང་སྟེ་འོས་གཞི་མི་གྲངས་གསུམ་ལས་མང་བ་བྱུང་ཚེ། འོས་གྲངས་འདྲ་མཉམ་དེ་དག་ལ་བསྐྱར་དུ་འོས་ཤོག་འཕངས་ཏེ་འོས་གྲངས་མང་རིམ་གྱིས་འོས་གཞིར་འཇོག་དགོས་ཤིང༌། མཐའ་མ་ལས་ཐམ་སྦྱར་མའི་འོས་ཐོབ་མཐོ་ཤོས་གསུམ་ལས་མ་ཉུང་བའི་མིང་གཞུང་བཀོད་པའི་འོས་གཞི་གསལ་བསྒྲགས་བྱེད་དགོས།

དོན་ཚན་ང་བདུན་པ།     དངོས་གཞིའི་འོས་བསྡུ།

དབུས་འོས་བསྡུ་ལས་ཁང་ནས་བཀྲམ་པའི་ལས་ཐམ་སྦྱར་མའི་འོས་ཤོག་ནང་གསལ་འོས་གཞི་མི་གསུམ་ནས་སུ་འོས་གཅིག་ལ་སྤྱི་འཐུས་སོ་སོས་རང་མོས་འོས་རྟགས་བརྒྱབས་ཏེ་གསང་བའི་འོས་ཤོག་འཕེན་དགོས། གལ་སྲིད་འོས་གྲངས་མཐོ་ཤོས་འདྲ་མཉམ་ཐོན་པ་ཡིན་ན་བསྐྱར་དུ་འོས་འཕེན་བྱེད་དགོས།

དོན་ཚན་ང་བརྒྱད་པ།     འོས་ཤོག་རྩིས་མེད་གཏོང་ཕྱོགས།

འོས་ཤོག་གྲངས་བཤེར་སྐབས་དོན་ཚན་ ༣༤ ནང་གསེས་ ༢ ནང་གསལ་ལྟར་རམ། དབུས་འོས་བསྡུ་ལས་ཁང་གིས་གོ་སྒྲིག་བྱས་པའི་རྟགས་ཐེལ་ལམ་སྨྱུ་གུ་བེད་སྤྱོད་མ་བྱས་པའི་འོས་ཤོག་དེ་ཉིད་རྩིས་མེད་དང༌། འོས་སྒམ་ནས་འོས་འཕེན་པའི་གྲངས་ཚད་ལས་བརྒལ་བའི་འོས་ཤོག་ཐོན་ཚེ། འོས་ཤོག་ཡོངས་རྫོགས་རྩིས་མེད་ཀྱིས་བསྐྱར་དུ་འོས་བསྡུ་བྱེད་དགོས།

དོན་ཚན་ང་དགུ་པ།      འདེམས་ཐོན་ཚོགས་གཙོ་གསལ་བསྒྲགས།

དབུས་འོས་བསྡུ་ལས་ཁང་ནས་མཐའ་མའི་འོས་ཤོག་གྲངས་བཤེར་ཟིན་མཚམས་འདེམས་ཐོན་ཚོགས་གཙོ་སུ་ཡིན་སྤྱི་འཐུས་རྣམས་ལ་གསལ་བསྒྲགས་བྱེད་དགོས།

དོན་ཚན་དྲུག་ཅུ་པ།      ཚོགས་གཙོ་གཞོན་པའི་འོས་བསྡུ།

ཚོགས་གཙོ་གཞོན་པའི་འོས་བསྡུ་དོན་ཚན་ ༥༦ ནས་ ༥༩ བར་གཞིར་བཟུང་བྱེད་དགོས།

དོན་ཚན་རེ་གཅིག་པ།     ཚོགས་གཙོ་དང་ཚོགས་གཞོན་གྱི་དམ་འབུལ།

ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཟིན་རྗེས་དུས་ཚེས་གཏན་འབེབས་ཉིན་བཅའ་ཁྲིམས་དགོངས་དོན་དམ་འབུལ་ཞུ་དགོས།

ལེའུ་དྲུག་པ།

སྲིད་སྐྱོང་གི་འོས་བསྡུ།

དོན་ཚན་དྲུག་ཅུ་རེ་གཉིས་པ།      སྲིད་སྐྱོང་གི་འོས་བསྡུ་བྱེད་པོ།

ཁྲིམས་ལུགས་ཁག་གཞིར་བཟུང་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད། བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན་ལ་འོས་འཕེན་གྱི་ཐོབ་ཐང་ཡོད།

དོན་ཚན་དྲུག་ཅུ་རེ་གསུམ་པ།      སྲིད་སྐྱོང་གི་འོས་ཆོས།

སྲིད་སྐྱོང་གི་འོས་གཞིར་རུང་བའི་སྐྱེ་བོ་ནིི།

༡    བོད་ཀྱི་ཡུལ་མི་ཡིན་པ།

༢    རང་ལོ་ ༣༥ ཧྲིལ་པོ་ལོན་པ།

༣   ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥    ཁྲིམས་ཁང་ནང་ནག་ཉེས་ར་འཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིན་པ།

༦   སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་སྲིད་སྐྱོང་གི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།

༧   ཡུན་ཚད་གཉིས་བསྟུད་མར་སྲིད་སྐྱོང་ངམ་བཀའ་བློན་གྱི་ལས་འཁུར་བྱེད་བཞིན་པ་མ་ཡིན་པ།

༨    བཅའ་ཁྲིམས་དོན་ཚན་ ༢༩ ནང་གསེས་ ༣ པའི་ ཀ ལྟར་སྲིད་སྐྱོང་འཕོ་འགྱུར་བྱ་དགོས་བྱུང་བ་མ་ཡིན་པ།

༩    བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས།

དོན་ཚན་དྲུག་ཅུ་རེ་བཞི་པ། སྲིད་སྐྱོང་གི་ཡུན་ཚད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་སྲིད་སྐྱོང་གི་ཡུན་ཚད་དམ་འབུལ་བྱས་ཉིན་ནས་དུས་ཡུན་ལོ་ལྔ་ཡིན།

དོན་ཚན་དྲུག་ཅུ་རེ་ལྔ་པ།  སྲིད་སྐྱོང་གི་འོས་འཕེན་པའི་མིང་གཞུང༌།

སྲིད་སྐྱོང་གི་འོས་བསྡུའི་ཆེད་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཟུར་འཛར་ ག༽ ལྟར་མིང་གཞུང་མ་དེབ་གཞིར་བཟུང་འོས་བསྡུ་བྱ་ཡུལ་སྡེ་ཚན་སོ་སོའི་ས་གནས་རང་ཁོངས་འོས་འཕེན་པའི་མིང་གཞུང་བསྐྱར་ཞིབ་བམ་བཟོ་འགོད་གཏན་འབེབས་ཟིན་འཕྲལ། མིང་གཞུང་འདྲ་བཤུས་དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས་པ་དང༌། སླད་མིང་གཞུང་དེ་དག་གཙོར་བཟུང་གིས་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་འགྲེམས་སྤེལ་བྱེད་དགོས། སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་འཕེན་པའི་མིང་གཞུང་བསྐྱར་ཞིབ་བམ་བཟོ་འགོད་སྒྲིག་གཞི་གཞིར་བཟུང་ངེས་ཅན་དུས་བཀག་འོག་བྱེད་དགོས།

དོན་ཚན་དྲུག་ཅུ་རེ་དྲུག་པ། སྲིད་སྐྱོང་གི་འོས་ཤོག་བཟོ་སྐྲུན།

༡    དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་འོས་ཤོག་བཟོ་སྐྲུན་གཏན་འབེབས་བྱེད་དགོས།

༢    བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༨ ནང་གསེས་ ༢ དང་ ༣ ལྟར་བྱེད་དགོས།

༣   དབུས་འོས་བསྡུ་ལས་ཁང་གིས་སྔོན་འགྲོའི་འོས་ཤོག་ཟུར་འཛར་ ཉ༽ བཞིན་བཟོ་དགོས།

དོན་ཚན་དྲུག་ཅུ་རེ་བདུན་པ།  སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།

༡    བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན་སོ་སོ་ནས་སྔོན་འགྲོའི་འོས་དམིགས་རེའི་མིང་དང༌། ད་ལྟའི་སྡོད་གནས། ལས་གནས། ཁྱད་མིང་ངམ་ནང་མིང་ལྟ་བུ་མིང་འདྲ་གཞན་དང་མི་ནོར་བའི་ཁྱད་མིང་རེ་བཅས་ཁ་གསལ་འགོད་ཐབས་དགོས།

༢    འོས་བསྡུ་ཟིན་འཕྲལ་ས་གནས་འོས་བསྡུ་ལས་ཁང་ནས་སྒྲིག་གཞི་དོན་ཚན་ ༣༤ དགོངས་དོན་ལྟར་ལག་བསྟར་གྱིས་གཏན་འབེབས་དུས་ཚེས་ནང་ཚུན་དབུས་འོས་བསྡུ་ལས་ཁང་དུ་ཕུལ་འབྱོར་ཐུབ་པ་དགོས།

༣   དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད།

ཀ    འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༢༠ ནང་ཚུན་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས།

ཁ    སྔོན་འགྲོའི་འོས་གཞི་ནས་དགོངས་ཞུ་བྱེད་འདོད་ཡོད་རིགས་ཀྱིས་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་པ་ཞུ་འཁྲོལ་དགོས། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག

ག    དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པའི་རྗེས་སུའང་འོས་བསྡུ་མ་བྱས་གོང་འོས་གཞི་སུ་རུང་ལ་འོས་ཆོས་ཚང་མིན་གྱི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་བའམ། དབུས་འོས་བསྡུ་ལས་ཁང་ནས་ཤེས་རྟོགས་བྱུང་སྐབས། ཁྲིམས་མཐུན་ཞིབ་འཇུག་གིས་སྒྲིག་དོན་གཞིར་བཟུང་གསལ་བསྒྲགས་ཟིན་པའི་འོས་གཞི་ཆ་ཚང་ངམ། འོས་གཞི་བྱེ་བྲག་པ་སུ་རུང་ཕྱིར་འཐེན་ཆོག་ཅིང༌། འོས་གཞི་ཆ་ཚང་ཕྱིར་འཐེན་བྱས་པ་ཡིན་ན་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་དང༌། འོས་གཞི་བྱེ་བྲག་པ་ཕྱིར་འཐེན་བྱས་པའམ་གློ་བུར་འཆི་སྐྱོན་བྱུང་བ་ཡིན་ན། འོས་གཞིའི་གྲངས་འབོར་ལ་གཞིགས་ཏེ་ཐག་གཅོད་བྱ་འཐུས།

༤   དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་བརྟག་ཞིབ་རྩད་གཅོད་དང༌། དགོངས་ཞུའི་རིགས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང༌། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས།

༥    གསལ་བསྒྲགས་བྱས་པའི་དངོས་གཞིའི་འོས་གཞིར་མང་ཚོགས་ནས་གསང་བའི་འོས་ཤོག་མང་ཤོས་ཐོབ་པ་དེ་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་གསལ་བསྒྲགས་བྱ་རྒྱུ།

༦   འོས་གཞི་གཉིས་ལ་འོས་གྲངས་འདྲ་མཉམ་ཐོན་ཚེ་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་ཐོན་པའི་འོས་གཞི་གཉིས་ལ་སླར་ཡང་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ།

༧   བཀའ་ཤག་འཕོ་འགྱུར་ཕྱིན་པ་ཡིན་ན། དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཉིན་ནས་མང་མཐའ་ཉིན་གྲངས་ ༡༢༠ ནང་ཚུན་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ཡོངས་རྫོགས་ཟིན་པ་བྱེད་དགོས།

དོན་ཚན་དྲུག་ཅུ་རེ་བརྒྱད་པ།      འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས།

༡    སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་བྱ་རྒྱུའི་དུས་ཚེས་ཉིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་འདུ་འཛོམས་ཐོག་ཟུར་དཔང་དུ་སྤྱི་འཐུས་རྒྱུན་ལས་ནས་ཆོལ་ཁ་ཆོས་བརྒྱུད་སོ་སོའི་ཐོབ་ཁོངས་ནས་སྤྱི་འཐུས་རེ་དམིགས་འཛུགས་གནང་དགོས། རྩ་འབོར་གྱི་གསུམ་ཆ་གཉིས་བྱུང་ཕྱིན་འོས་ཤོག་གྲངས་བཤེར་བྱེད་ཆོག

༢    འོས་ཤོག་རྩིས་མེད་གཏོང་ཕྱོགས་དང༌། མིང་རྟགས་འགོད་པ། ལས་རྒྱུན་བར་མཚམས། དོགས་གཅོད་བྱེད་ཕྱོགས་བཅས་སྒྲིག་གཞི་དོན་ཚན་ ༣༤ ནང་གསེས་ ༢ པ་ནས་ ༥ པ་བར་ལག་བསྟར་དགོས་རྒྱུ།

དོན་ཚན་དྲུག་ཅུ་རེ་དགུ་པ།  འདེམས་ཐོན་སྲིད་སྐྱོང་གསལ་བསྒྲགས།

འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་ཟིན་པའི་བསྡོམས་འབོར་གྱི་ཡིག་ཆར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་འཛིན་ལས་འཕར། ཟུར་དཔང་རྣམ་པས་མིང་རྟགས་བཀོད་ཟིན་འཕྲལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དང༌། དོ་བདག་ལ་འོས་ཐོན་རྒྱལ་ཁ་ཐོབ་པའི་བརྡ་ལན་འཕྲོད་ངེས་གཏོང་དགོས།

 

ལེའུ་བདུན་པ།

ས་གནས་འཐུས་མིའི་ཚོགས་འདུའི་འོས་བསྡུ།

དོན་ཚན་བདུན་ཅུ་པ།     ས་གནས་འཐུས་ཚོགས་ཀྱི་འཐུས་མིའི་ཡོང་ཁུངས་དང་འོས་བསྡུ་བྱེད་པོ།

བཅའ་ཁྲིམས་དོན་ཚན་ ༧༨ ནང་གསལ་བོད་མིའི་གནས་ཡུལ་ས་གནས་སོ་སོར་ས་གནས་འཐུས་མིའི་ཚོགས་འདུ་རེ་དགོས།

༡    ཀ     འཐུས་མིའི་ཡོང་ཁུངས་ནི། ས་གནས་རང་ཁོངས་སེར་སྐྱ་ཕོ་མོ་ཁྱད་མེད་དོན་ཚན་ ༢༢ ལྟར་ཡིན་དགོས།

ཁ    ཡང་ན་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཕུད་འོས་བསྡུ་བྱས་པའི་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང༌། འོས་བསྡུ་བྱས་པའི་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་འཐུས་མི། འོས་བསྡུ་བྱས་པའི་ཡན་ལག་སྡོད་སྒར་སོ་སོའི་སྤྱི་མི་དང་བརྒྱ་དཔོན། འོས་བསྡུ་བྱས་པའི་ཆོས་སྡེ་ཁག་གི་འཐུས་མི་བཅས་ལ་འགན་འཁུར་སྤྲོད་རྒྱུར་མང་ཚོགས་ནས་མོས་མཐུན་བྱུང་ནའང་ཆོག

དོན་ཚན་དོན་གཅིག་པ།   ས་གནས་འཐུས་མིའི་འོས་ཆོས།

༡    བོད་ཀྱི་ཡུལ་མི་ཡིན་པ།

༢    རང་ལོ་ ༢༥ ཧྲིལ་པོ་ལོན་པ།

༣   ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥    ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦   བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།

༧   བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༨    སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།

༩    བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ།

༡༠  ས་གནས་འགོ་འཛིན་གྱི་ཐད་ཀའི་སྟངས་འཛིན་འོག་གི་ལས་བྱེད་མ་ཡིན་པ།

༡༡  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའི་དན་རྟགས་ཡོད་པ་མ་ཡིན་པ།

དོན་ཚན་དོན་གཉིས་པ།   ས་གནས་འཐུས་མིའི་གྲངས་ཚད་དང་ཡུན་ཚད།

༡    ས་གནས་ཆེ་ཆུང་ལ་གཞིགས་པའི་འཐུས་མི་གྲངས་ཚད་ ༣༥ ལས་མི་བརྒལ་བ་དང༌། ༧ ལས་མ་ཉུང་བ་ས་གནས་སོ་སོའི་མང་ཚོགས་ཀྱིས་གྲོས་བསྡུར་ཐག་གཅོད་བྱེད་དགོས།

༢    ས་གནས་འཐུས་མིའི་ཚོགས་འདུའི་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། དེ་མིན་སྐབས་རེའི་ཡུན་ཚད་ལོ་གསུམ་རེ་ཡིན།

དོན་ཚན་དོན་གསུམ་པ།   ས་གནས་འཐུས་ཚོགས་ཀྱི་འཐུས་མིའི་འོས་བསྡུ།

༡    ས་གནས་འཐུས་ཚོགས་ཀྱི་འོས་བསྡུའི་ལས་རིམ་རྣམས་ས་གནས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་དོན་ཚན་ཁག་གཞིར་བཞག་གིས་ལག་བསྟར་བྱེད་དགོས།

༢    ས་གནས་འཐུས་མི་འོས་འདེམས་བྱེད་པར་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་དགོས་ཤིང༌། དངོས་གཞིའི་གསལ་བསྒྲགས་མ་བྱས་གོང་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གནས་ཚུལ་བྱུང་རིགས་ཁག་ལ་ས་གནས་འོས་བསྡུ་ལས་ཁང་ནས་སྐབས་བསྟུན་དགོངས་འཁྲོལ་གཏོང་འཐུས་དང༌། དངོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་ཕྱིར་འཐེན་རིགས་མི་ཆོག

༣   འོས་གཞིའི་ཁོངས་ནས་ས་གནས་མང་ཚོགས་ཀྱིས་གྲོས་བསྡུར་གཏན་འབེབས་བྱས་པའི་གྲངས་འབོར་ལྟར་ལས་མེད་ཚེ་འོས་འཕེན་མ་དགོས་པར་གཏན་འཁེལ་བྱ་འཐུས། གཏན་འབེབས་གྲངས་འབོར་ལས་འོས་གཞི་མང་བ་ཡོད་ཚེ་འོས་ཐོབ་མང་རིམ་རྩེ་བཏོག་གིས་ས་གནས་འཐུས་མིར་འདེམས་ཐོན་བྱུང་བར་གསལ་བསྒྲགས་བྱེད་དགོས། གཏན་འབེབས་གྲངས་ཚད་ལས་འོས་གཞི་ཉུང་བ་ཆགས་ཚེ་བསྐྱར་དུ་འོས་བསྡུ་བྱ་རྒྱུ།

༤   ས་གནས་འོས་བསྡུ་ལས་ཁང་ནས་འདེམས་ཐོན་འཐུས་མི་སོ་སོར་དམ་བཅའ་འབུལ་བར་ངེས་བཅར་དགོས་རྒྱུའི་དུས་ཚེས་བཀོད་པའི་བརྡ་ལན་གཏོང་དགོས། ས་འཐུས་འཐུས་མི་དང༌། ཚོགས་གཙོ་ཚོགས་གཞོན་ནས་སྒྲིག་གཞི་འདིའི་ཟུར་འཛར་ ཏ༽ ༡ དང་ ༢ པ་ནང་གསལ་ལྟར་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའམ། ཁས་ལེན་ཞུ་དགོས། དེའི་རྗེས། ས་འཐུས་དམ་བཅའ་འབུལ་དགོས་རིགས་ཀྱིས་ཚོགས་གཙོའམ་ཚོགས་གཞོན་གྱི་མདུན་དུ་དམ་འབུལ་ཞུ་དགོས།

༥    ས་གནས་འཐུས་ཚོགས་ཀྱི་དུས་ཡུན་རིང་ས་མིག་སྟོང་པ་ཐོན་རིགས་བྱུང་ཚེ་བཅའ་ཁྲིམས་དོན་ཚན་ ༩༢ ནང་གསེས་ ༣ དགོངས་དོན། ཉིན་གྲངས་ ༣༠ ནང་ཚུན་ཚབ་གསར་འོས་འདེམས་ཟིན་པ་དགོས་རྒྱུ་གསལ་བ་ལྟར་བར་མའི་འོས་བསྡུ་མ་དགོས་པར་ཐོག་མའི་འོས་འདེམས་སྐབས་འོས་ཐོབ་མང་རིམ་རྩེ་བཏོག་གིས་དེ་འོག་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་མཚན་གཞུང་བཀོད་པའི་སྒུག་ཐོར་ས་གནས་འོས་བསྡུའི་འགན་འཛིན་དང་ཟུར་དཔང་རྣམས་ཀྱིས་མཚན་རྟགས་བཀོད་དེ་ས་གནས་འོས་བསྡུ་ལས་ཁང་དུ་བདག་ཉར་བྱས་པ་ནས་སྐབས་འཕྲལ་བསྐོ་དགོས།

དོན་ཚན་དོན་བཞི་པ།     ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ།

༡    འདེམས་ཐོན་བྱུང་བའི་ས་འཐུས་རྣམས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་ཁུར་དམ་འབུལ་ཟིན་རྗེས། བཅའ་ཁྲིམས་དོན་ཚན་ ༨༠ ནང་གསེས་ ༡ ནང་གསལ། སྐབས་སོ་སོའི་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་ཐེངས་དང་པོའི་ཐོག་འཐུས་མི་རང་ཁོངས་ནས་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག་སྔ་རྗེས་གསང་བའི་འོས་བསྡུའི་ལམ་ནས་འདེམས་དགོས།

༢    འོས་བསྡུའི་ལས་རིམ་རྣམས་སྒྲིག་གཞི་དོན་ཚན་ ༥༦ ནས་ ༥༩ བར་གྱི་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུ་བྱེད་ཕྱོགས་གཞིར་བཟུང་ལག་བསྟར་བྱེད་དགོས།

༣   ས་གནས་འཐུས་མི་གསུམ་ཆ་གཉིས་ཡན་མོས་མཐུན་གྱིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་འཕོ་ལེན་བྱ་དགོས་པའི་སྐབས་དང༌། ས་སྟོང་ནམ་བྱུང་མཚམས་ཚབ་གསར་ཁྲིམས་ལུགས་ལྟར་འོས་བསྡུ་བྱེད་དགོས།

༤   ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་སུ་རུང་དགོངས་པ་ཞུ་དགོས་ན་ས་གནས་འཐུས་ཚོགས་ལ་ཞུ་དགོས་པ་དང༌། འཐུས་མི་ནས་དགོངས་པ་ཞུ་དགོས་ན་ཚོགས་གཙོར་ཞུ་དགོས།

དོན་ཚན་དོན་ལྔ་པ།      ས་གནས་འཐུས་མིའི་ཚོགས་འདུ་དང༌། འཐུས་མི་བྱེ་བྲག་པ་འཕོ་འགྱུར།

༡    ས་གནས་འགོ་འཛིན་དང༌། ལས་རོགས་གཉིས་ཀྱིས་ཚོགས་གཙོ་གཉིས་ལ་གོ་བསྡུར་གྱིས་ས་གནས་འཐུས་མི་ཡོངས་རྗོགས་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན། ས་གནས་མི་མང་གིས་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལྟར་ལ་ཐག་གཅོད་བྱ་རྒྱུ།

༢    འཐུས་མི་བྱེ་བྲག་པ་ཞིག་འཕོ་འགྱུར་གཏོང་དགོས་བྱུང་ཚེ་ས་གནས་འཐུས་མིའི་ཚོགས་འདུ་ནས་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།

༣   འཐུས་མི་ཡོངས་རྫོགས་སམ། བྱེ་བྲག་པ་འཕོ་འགྱུར་གཏོང་དགོས་བྱུང་ཚེ་ཉིན་གྲངས་ ༣༠ ནང་ཚུན་གསར་དུ་འོས་འདེམས་ཟིན་པ་དགོས།

ལེའུ་བརྒྱད་པ།

ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་འོས་བསྡུ།

དོན་ཚན་དོན་དྲུག་པ།     ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་ཡོང་ཁུངས་དང་འོས་བསྡུ་བྱེད་པོ།

༡    དོན་ཚན་ ༢༢ ནང་གསལ་ས་གནས་རང་ཁོངས་སེར་སྐྱ་ཕོ་མོ་ཁྱད་མེད་འོས་ཆོས་ཚང་བ་རྣམས་ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་འོས་གཞིར་ཞུགས་ཆོག

༢    འོས་བསྡུ་བྱེད་པོ།

ཀ    འགོ་འཛིན་གྱི་འོས་བསྡུ་བྱེད་པོ་ནི་འོས་འཕེན་པའི་ཆ་རྐྱེན་ཚང་བའི་ས་གནས་རང་ཁོངས་མི་མང་རྣམས་ཡིན།

ཁ    འགོ་འཛིན་ལས་རོགས་ཀྱི་འོས་བསྡུ་བྱེད་པོ་ནི་ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཡིན། འགོ་འཛིན་ལས་རོགས་སུ་འདེམས་ཐོན་ཡོང་བ་ལ་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱེད་དགོས།

༣   སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མི་དགོས།

དོན་ཚན་དོན་བདུན་པ།    ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་འོས་ཆོས།

༡    བོད་ཀྱི་ཡུལ་མི་ཡིན་པ།

༢    རང་ལོ་ ༢༥ ཧྲིལ་པོ་ལོན་པ།

༣   ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥    ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦   བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།

༧   བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༨    སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།

༩    བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ།

༡༠  ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་སོ་སོའི་ལས་འཁུར་ཡུན་ཚད་གཉིས་བསྟུད་མར་བྱེད་བཞིན་པ་མ་ཡིན་པ།

༡༡  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའི་དན་རྟགས་ཡོད་པ་མ་ཡིན་པ།

དོན་ཚན་དོན་བརྒྱད་པ།   ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ཀྱི་འོས་བསྡུ།

༡    ཀ     ས་གནས་ཀྱི་མི་འབོར་ལ་གཞིགས་པའི་རང་ཁོངས་མི་མང་རྣམས་ནས་སྔོན་འགྲོའི་འོས་དམིགས་རེ་འདེམས་དགོས་པ་ཡིན།

ཁ    འོས་གཞི་ནས་དགོངས་ཞུ་བྱ་འདོད་ཡོད་རིགས་ཀྱིས་ཉིན་གསུམ་ནང་ཚུན་ས་གནས་འོས་བསྡུ་ལས་ཁང་ནས་དགོངས་པ་ཞུ་འཁྲོལ་དགོས།

ག    ས་གནས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཁོངས་ནས་དགོངས་ཞུ་བྱས་རིགས་ཕུད། འོས་ཤོག་མང་ཐོན་རྩེ་བཏོག་གིས་འོས་གཞི་མི་གྲངས་ ༢ ལས་མ་ཉུང་བ་འདེམས་བསྒྲུགས་ཀྱིས་མཐའ་མའི་འོས་ཤོག་འཕེན་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང༌། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་ས་གནས་འགོ་འཛིན་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས།

༢    ས་གནས་འཐུས་ཚོགས་ཀྱི་འཐུས་མི་སུ་རུང་དང༌། ས་གནས་རང་ཁོངས་ལས་བྱེད། ཚོགས་སྐྱིད་ཁག་གི་ལས་བྱེད་བཅས་ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་གང་རུང་ལ་འདེམས་ཐོན་བྱུང་བ་ཡིན་ན་རང་གི་ལས་འཁུར་བཤོལ་དགོས།

དོན་ཚན་དོན་དགུ་པ།     འགོ་འཛིན་འདེམས་ཐོན་གསལ་བསྒྲགས།

ས་གནས་འོས་བསྡུ་ལས་ཁང་ནས་མཐའ་མའི་འོས་ཤོག་གྲངས་བཤེར་ཟིན་མཚམས་འདེམས་ཐོན་འགོ་འཛིན་སུ་ཡིན་ས་གནས་མང་ཚོགས་ལ་གསལ་བསྒྲགས་དང་འབྲེལ་ཡོད་ལ་སྙན་སེང་ཞུ་དགོས།

དོན་ཚན་བརྒྱད་ཅུ་པ།    ས་གནས་འགོ་འཛིན་གྱི་ཡུན་ཚད།

༡    བཅའ་ཁྲིམས་དོན་ཚན་ ༩༡ ནང་གསལ་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། དེ་མིན་འགོ་འཛིན་དང་འགོ་འཛིན་ལས་རོགས་ཀྱི་ཡུན་ཚད་ལོ་གསུམ་རེ་ཡིན།

༢    འགོ་འཛིན་དང༌། འགོ་འཛིན་ལས་རོགས་གང་རུང་གི་ས་སྟོང་ཐོན་ཚེ་ཚབ་གསར་ཉིན་གྲངས་ ༣༠ ནང་ཚུན་བསྐྱར་དུ་འོས་འདེམས་བྱས་ཟིན་པ་དགོས།

༣   ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་སུའང་བསྐྱར་དུ་འོས་འདེམས་བྱུང་བར་དགག་བྱ་མེད། འོན་ཀྱང་ཡུན་ཚད་གཉིས་བསྟུད་མར་བྱས་རྗེས་བར་མཚམས་འཇོག་དགོས།

ལེའུ་དགུ་པ།

ས་གནས་རང་བདེན་ཚོགས་ཆུང་གི་འོས་བསྡུ།

དོན་ཚན་གྱ་གཅིག་པ།    ས་གནས་རང་བདེན་ཚོགས་མིའི་ཡོང་ཁུངས་དང༌། འོས་བསྡུ་བྱེད་པོ།

དོན་ཚན་ ༢༢ ནང་གསལ་གྱི་ས་གནས་རང་ཁོངས་སེར་སྐྱ་ཕོ་མོ་ཁྱད་མེད་འོས་ཆོས་ཚང་བ་རྣམས་འོས་གཞིར་ཞུགས་པ་དང༌། དོན་ཚན་ ༡༨ ནང་གསེས་ ༡ ནང་གསལ་འོས་འཕེན་པའི་ཆ་རྐྱེན་ཚང་བ་རྣམས་ཀྱིས་འོས་ཤོག་འཕེན་ཆོག

དོན་ཚན་གྱ་གཉིས་པ།    ཚོགས་མིའི་འོས་ཆོས།

༡    བོད་ཀྱི་ཡུལ་མི་ཡིན་པ།

༢    རང་ལོ་ ༢༥ ཧྲིལ་པོ་ལོན་པ།

༣   ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤   བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥    ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦   བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།

༧   བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༨    སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།

༩    བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ།

༡༠  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའི་དན་རྟགས་ཡོད་པ་མ་ཡིན་པ།

དོན་ཚན་གྱ་གསུམ་པ།    ཚོགས་མིའི་གྲངས་ཚད་དང་ཡུན་ཚད།

༡    བཅའ་ཁྲིམས་དོན་ཚན་ ༦༠ ནང་གསེས་ ༡ ནང་གསལ་ས་གནས་མི་མང་ནས་འོས་བསྡུ་བྱས་པའི་ཚོགས་མི་ ༣ ལས་མི་ཉུང་ཞིང་ ༡༡ ལས་མ་མང་བ་རེ་དགོས།

༢    བཅའ་ཁྲིམས་དོན་ཚན་ ༦༠ ནང་གསེས་ ༢ ནང་གསལ་ལྟར་ཕྱིར་བསྡུ་དང་ཟླ་བསྒྲིལ་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་དེ་མིན་ཚོགས་མིའི་ཡུན་ཚད་ལོ་གསུམ་རེ་ཡིན། འོན་ཀྱང་བསྐྱར་དུ་འོས་འདེམས་བྱུང་བར་དགག་བྱ་མེད།

དོན་ཚན་གྱ་བཞི་པ།      ཚོགས་མིའི་འོས་བསྡུ།

༡ ས་གནས་ཀྱི་མི་འབོར་དང་གཞི་ཁྱོན་གནས་བབ་ལ་གཞིགས་ཏེ་ཚོགས་མིའི་གྲངས་འབོར་གཏན་འབེབས་ཟིན་མཚམས་རང་ཁོངས་སེར་སྐྱ་ཕོ་མོ་ཁྱད་མེད་འོས་འཕེན་གྱི་ཐོབ་ཐང་ཡོད་རིགས་ནས་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་དགོས་ཤིང༌། དངོས་གཞི་གསལ་བསྒྲགས་མ་བྱས་གོང་འོས་ཁོངས་ནས་དགོངས་ཞུ་བྱུང་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་སྐབས་བསྟུན་དགོངས་འཁྲོལ་གཏོང་འཐུས། དངོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་རིགས་མི་ཆོག

༢    ས་གནས་འགོ་འཛིན་ཁྱབ་ཁོངས་སུ་སྡོད་གནས་ཁ་འཐོར་དུ་གནས་པའི་རིགས་ལ་ས་གནས་སོ་སོའི་མི་འཐུས་རེ་ཚོགས་ཆུང་གི་འཐུས་མིར་འཚུད་ཐབས་སུ། ཐོག་མ་ནས་ས་གནས་ཁ་འཐོར་དེ་དག་རེ་རེ་ནས་འོས་མི་གྲངས་འབོར་ཇི་དགོས་འོས་འདེམས་དགོས་རྒྱུ།

༣   འོས་གཞིའི་ཁོངས་ནས་ཐོག་མར་གཏན་འབེབས་བྱས་པའི་གྲངས་ཚད་གཞིར་བཟུང་འོས་ཐོབ་མང་རིམ་རྩེ་བཏོག་གིས། ས་གནས་འོས་བསྡུ་ལས་ཁང་ནས་མང་ཚོགས་ལ་གསལ་བསྒྲགས་དང་ཆབས་ཅིག་འོས་བསྡུ་ལས་ཁང་བརྒྱུད་སྤྱི་འཐུས་རྒྱུན་ལས་སུ་སྙན་སེང་ཞུ་དགོས།

༤   འདེམས་ཐོན་ཟིན་པའི་འཐུས་མིའི་ཁོངས་ནས་ཚོགས་གཙོ་གཅིག་དང༌། དྲུང་རྩིས་གཅིག དངུལ་གཉེར་གཅིག་བཅས་འདེམས་བསྐོ་བྱེད་དགོས།

༥ འཐུས་མི་གང་ཞིག་ལོ་དུས་མ་རྫོགས་གོང་འདས་གྲོངས་སུ་གྱུར་པའམ་ས་མིག་སྟོང་པ་ཐོན་རིགས་བྱུང་ཚེ་བར་མའི་འོས་བསྡུ་མ་དགོས་པར་ཐོག་མའི་འོས་འདེམས་སྐབས་འོས་ཐོབ་མང་རིམ་རྩེ་བཏོག་གིས་གོ་རིམ་ལྟར་མཚན་གཞུང་བཀོད་པའི་སྒུག་ཐོ་བདག་ཉར་ཡོད་པ་ནས་ཚབ་གསར་འཕྲལ་དུ་བསྐོ་དགོས། སྒུག་ཐོ་མེད་རིགས་ཉིན་གྲངས་ ༣༠ ནང་ཚུན་དང༌། ཚོགས་གཙོ་ནས་དགོངས་པ་ཞུས་འཁྲོལ་བྱུང་ན་ཚབ་གསར་སྒྲིག་དོན་བཞིན་འོས་བསྡུ་བྱེད་དགོས།

༦   ས་གནས་རང་བདེན་ཚོགས་མི་སུ་རུང་ནས་དགོངས་ཞུ་དགོས་རིགས་ཚོགས་གཙོར་ཞུ་དགོས་པ་དང༌། ཚོགས་གཙོ་ནས་དགོངས་པ་ཞུ་དགོས་བྱུང་ན། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཞུ་འཁྲོལ་དགོས།

༧   གོང་གསལ་སྒྲིག་དོན་ལྟར་ཕྱག་ལེན་མི་ཐུབ་པའི་རིགས་ལ་བཅའ་ཁྲིམས་དོན་ཚན་ ༦༠ ནང་གསེས་ ༤ ནང་གསལ་བྱ་འཐུས།

དོན་ཚན་གྱ་ལྔ་པ།       སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་ནམ་དགོས་སྐབས་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

ཟུར་འཛར། ཀ༽
 
༄༅། །ས་གནས་འོས་འཕེན་པའི་མིང་གཞུང་མ་དེབ།
ས་གནས་འོས་བསྡུ་ལས་ཁང༌།

ཨང༌། མིང་དང་ཁྱད་མིང༌། ཕོ་མོ། སྐྱེས་ལོ་ཟླ་ཚེས། ཕ་མིང༌། དང་བླངས་དཔྱ་དངུལ་ལག་དེབ། ཐོབ་ཁུངས། འོས་འཕེན་པའི་དེབ་སྐྱེལ། ཟུར་བརྗོད།
ལག་དེབ་ཨང༌། ཞུ་ཡུལ་ས་གནས། ཞུས་ལོ་ཟླ་ཚེས། དེབ་སྐྱེལ་ཨང༌། ཟླ་ཚེས།
_____ _____ _____ _____ _____ _____ _____ _____ _____ _____ _____ _____

ཟུར་འཛར། ཁ༽
༄༅། །ཐོབ་ཁུངས་སོ་སོའི་འོས་འཕེན་པའི་མིང་གཞུང༌།
འོས་བསྡུ་བྱ་ཡུལ་སྡེ་ཚན།        ཐོབ་ཁུངས།

ཨང༌། མིང་དང་ཁྱད་མིང། དེབ་སྐྱེལ་ཨང༌། དང་བླངས་དཔྱ་དངུལ་ལག་དེབ་ཨང།
__________ __________ __________ __________

ཟུར་འཛར། ག༽
༄༅། །ས་གནས་རང་ཁོངས་འོས་འཕེན་པའི་མིང་གཞུང༌།
འོས་བསྡུ་བྱ་ཡུལ་སྡེ་ཚན།   ཐོབ་ཁུངས།

ཨང༌། མིང་དང་ཁྱད་མིང་། དེབ་སྐྱེལ་ཨང་། དང་བླངས་དཔྱ་དངུལ་ལག་དེབ་ཨང་། འོས་འཕེན་པའི་མིང་རྟགས།
__________ __________ __________ __________ __________

༄༅། །བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༠ ནང་གསེས་ ༢ པ་ནང་གསལ་ཟུར་འཛར། ང༽
བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག
(Tibetan Parliamentarian’s Primary Election Form)

མིང། ཁྱད་མིང།
(Name/Surname)
ཕ་ཡུལ།
(Native Origin)
ད་ལྟའི་སྡོད་གནས།
(Present Residence)
ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས།
(Present Or Former Occupation)
__________ __________ __________ __________

༄༅། །བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤ ནང་གསེས་ ༦ ཀ ནང་གསལ་རེའུ་མིག་ཟུར་འཛར། ཅ༽

ཨང༌། མིང་དང་ཁྱད་མིང་། ཕ་ཡུལ། ད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས། འོས་གྲངས། ཟུར་བརྗོད།
__________ __________ __________ __________ __________ __________ __________

༄༅། །བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༢ ནང་གསེས་ ༢ ནང་གསལ་ཟུར་འཛར། ཆ༽
སྤྱི་འཐུས་དང་བླངས་འོས་གཞིའི་འགེངས་ཤོག

ཐོབ་ཁུངས་་་་་་་་་་་་་་་་་་་་་་་་་་་་་་་་་་་
འདི་མཉམ་ཕྲན་གྱི་ལོ་རྒྱུས་དང་ས་གནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འོས་འཕེན་པ་ཚན་ལྡན་ ༢༥ ནས་འགན་འཁུར་གྱི་རྒྱབ་གཉེར་འགེངས་ཤོག་བཅས་ཟུར་འབུལ་ཞུས་པ་བཞིན།

མིང་་་་་་་་་་་་་་་་་་་་་་་་་་་་་་་་་་་སྐྱེས་ཡུལ་་་་་་་་་་་་་་་་་་་་་་་་་་་་་་་་སྐྱེས་ལོ་་་་་་་་་་་ཟླ་་་་་་་་་་ཚེས་་་་་་་་་་་་་་་་་ད་ལྟའི་སྡོད་གནས་ཁ་བྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

འོས་འཕེན་པའི་དེབ་བཀོད་ཨང༌།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤྱི་འཐུས་སྐབས་་་་་་་་་་་་་་་་་་་་་་་་་་པའི་འོས་གཞིར་དང་བླངས་འཛུལ་ཞུགས་ཞུ་རྒྱུ་དང༌། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར་ཕྲན་ལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་ཡོད།

ཕྱི་ལོ་     ཟླ་       ཚེས་       ལ་དང་བླངས་འོས་གཞིའི་མིང་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ས་གནས་འོས་བསྡུ་ལས་ཁང་ནས་བསྐང་རྒྱུ།

འདི་ག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་གནས་འོས་བསྡུ་ལས་ཁང་དུ་སྤྱི་འཐུས་དང་བླངས་འོས་གཞིར་འཛུལ་ཞུགས་བྱེད་པོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དང༌། ཚད་ལྡན་འོས་འཕེན་པ་ ༢༥ ཡིས་འགན་འཁུར་གྱིས་རྒྱབ་སྐྱོར་འགེངས་ཤོག་དང༌། སྒྲིག་གསལ་འབའ་དངུལ་ཧིན་སྒོར་/ཨ་སྒོར་་་་་་་་་བཅས་ཕྱི་ལོ་ ཟླ་ ཚེས་ ཆུ་ཚོད་ ཐོག་ཕུལ་འབྱོར་བྱུང་ཞིང༌། སྒྲིག་གཞི་དོན་ཚན་ ༤༣ ནང་གསེས་ ༣ ནང་གསལ་ལྟར་འོས་གཞིར་བརྟག་ཞིབ་རྩད་གཅོད་ཀྱིས་ཁྲིམས་མཐུན་ངོས་ལེན་ཟིན་པ་བཅས།

ཕྱི་ལོ་   ཟླ་   ཚེས་     ལ་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་གྱི་མིང་རྟགས་་་་་་་་་་་་

༄༅། །བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༢ ནང་གསེས་ ༢ ནང་གསལ་ཟུར་འཛར། ཇ༽

སྤྱི་འཐུས་དང་བླངས་འོས་གཞིར་རྒྱབ་སྐྱོར་འགེངས་ཤོག

རྒྱབ་སྐྱོར་བྱེད་པོས་བསྐང་རྒྱུ།

ཕྲན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྐྱེས་ཡུལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྐྱེས་ལོ་་་་་་་་་་་ ཟླ་་་་་་་་་་་ཚེས་་་་་་་་་་་་་་་་་་་་་ཐོབ་ཁུངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ད་ལྟའི་སྡོད་གནས་ཁ་བྱང༌།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འོས་འཕེན་པའི་དེབ་བཀོད་ཨང་་་་་་་་་་་་་་་་་་་་་་་་དཔྱ་དངུལ་ལག་དེབ་ཨང་་་་་་་་་་་་་་་་་་་་་་་ཡིན་པ་ནས། དང་བླངས་འཛུལ་ཞུགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔྱ་དངུལ་ལག་དེབ་ཨང་་་་་་་་་་་་་་་་་་་་་་་་་་་་་་་་་་་ཅན་ལ་ཐོབ་ཁུངས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

སྤྱི་འཐུས་དང་བླངས་འོས་གཞིར་འཛུལ་ཞུགས་བྱ་རྒྱུའི་འོས་ཆོས་ཚང་ཡོད་པའི་འགན་ལེན་རྒྱབ་སྐྱོར་ཞུ་བཞིན་ཡོད།

ཕྱི་ལོ་   ཟླ་   ཚེས་   ལ་དང་བླངས་འོས་གཞིར་རྒྱབ་སྐྱོར་བྱེད་པོའི་མིང་རྟགས་་་་་་་་་་་་་་་་་་་་་་་་

ས་གནས་འོས་བསྡུ་ལས་ཁང་ནས་བསྐང་རྒྱུ།

གོང་གསལ་ཐོབ་ཁུངས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤྱི་འཐུས་དང་བླངས་འོས་གཞིར་འཛུལ་ཞུགས་བྱེད་པོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལ་རྒྱབ་སྐྱོར་བྱེད་མཁན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ནི་ཕྱི་ལོ་ ཟླ་ ཚེས་ ཉིན་འདི་ག་ས་གནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འོས་འཕེན་པའི་མིང་གཞུང་མ་དེབ་ནང་དེབ་བཀོད་ཟིན་ཅིང༌། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསལ་གྱི་འོས་འཕེན་པའི་ཆ་རྐྱེན་ཡོངས་སུ་ཚང་བར་ཁྲིམས་མཐུན་ངོས་ལེན་ཟིན་པ་བཅས།

ཕྱི་ལོ་   ཟླ་     ཚེས་   ལ་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་གྱི་མིང་རྟགས་་་་་་་་་་་

༄༅། །བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༦ ནང་གསེས་ ༣ ནང་གསལ་ཟུར་འཛར། ཉ༽

སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག

(Sikyong’s Primary Election Form)

མིང། ཁྱད་མིང།
(Name/Surname)
ཕ་ཡུལ།
(Native Origin)
ད་ལྟའི་སྡོད་གནས།
(Present Residence)
ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས།
(Present Or Former Occupation)
__________ __________ __________ __________

༄༅། །བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༧༤ ནང་གསེས་ ༡ ནང་གསལ་ཟུར་འཛར། ཏ༽ ༡། དང་ ཏ༽ ༢།
༄༅། །ས་གནས་འཐུས་ཚོགས་ཀྱི་འཐུས་མིའི་ལས་འཁུར་དམ་བཅའ་/ཁས་ལེན། ཟུར་འཛར། ཏ༽ ༡།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་གནས་ཀྱི་སྐབས་་་་་་་་་་་་་་་་་་་་་་་་་་་་་་་པའི་ས་གནས་འཐུས་མིའི་ཚོགས་འདུའི་འཐུས་མིར་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། ས་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།

༡། མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢། ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

༄༅། །ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་ལས་འཁུར་དམ་བཅའ་/ཁས་ལེན། ཟུར་འཛར། ཏ༽ ༢།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་གནས་ཀྱི་སྐབས་་་་་་་་་་་་་་་་་་་་་་་་་་་པའི་ས་གནས་འཐུས་མིའི་ཚོགས་གཙོར་/ཚོགས་གཞོན་དུ་འོས་འདེམས་བྱུང་བ་ལགས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། ས་འཐུས་ཚོགས་གཙོའི་/ཚོགས་གཞོན་གྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།

༡། མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢། ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༦།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།