དོན་ཚན་དང་པོ།         སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།       འགོ་འཛུགས།

བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༡༡ ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་གསུམ་པ།      ཆ་རྐྱེན།

སྒྲིག་གཞི་འདི་བཅའ་ཁྲིམས་དོན་ཚན་ ༡༠༨ ནང་གསེས་ ༢ འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་བཞི་པ།        སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས།

༡    ཀ     བཅའ་ཁྲིམས་དོན་ཚན་ ༡༠༧ ཆ་རྐྱེན་འོག་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ལ་རྩིས་ཞིབ་སྤྱི་ཁྱབ་པ་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་སྐབས། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་རྩིས་ཞིབ་སྤྱི་ཁྱབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

ཁ གལ་ཏེ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གི་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

ག    སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་འོས་ཆོས་ནི།

༡།  བོད་ཀྱི་ཡུལ་མི་ཡིན་པ།

༢།  དམའ་མཐར་རྩིས་ཀྱི་མཐོ་སློབ་ལག་འཁྱེར་ (M.Com) ཐོན་པའམ། ཡང་ན། རྩིས་པའི་ལས་འཁུར་ལོ་བརྒྱད་ལས་མི་ཉུང་བ་ཞུས་པའི་རྩིས་ཀྱི་ཉམས་མྱོང་ཡོད་པ།

༣།  སྨན་ཁང་ངམ་ཁྲིམས་ཁང་ནས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤། ལས་བྱེད་ནས་གནས་དབྱུང་བཏང་བའམ་རང་བཞིན་བུད་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༥།  ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦།  བུ་ལོན་སྒྲུབ་འཇལ་མ་ཐུབ་པ་དང༌། གཞུང་དངུལ་རྩིས་ཆད་འབུལ་བསྡད་ཡོད་པ་མ་ཡིན་པ།

༧།  སྲིད་དོན་ཚོགས་པ་གང་རུང་གི་ཚོགས་མི་དང༌། སློབ་སྟོན་པ། ཆེ་མཐོང་ཚོགས་མི་མ་ཡིན་པ།

༨།  བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༢    ཀ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་འོག་ལས་བྱེད་ཀྱི་ས་མིག་དགོས་མཁོ་ཇི་མཆིས་ལས་འབོར་ཉམས་ཞིབ་ཚོགས་ཆུང་ནས་ཞིེབ་འཇུག་རྒྱབ་གཉེར་གྱིས་བཀའ་ཤག་ནས་ས་མིག་གཏན་འབེབས་ཇི་གནང་ལྟར་རྩིས་ཞིབ་སྤྱི་ཁྱབ་པས་དགོས་གལ་ནམ་བྱུང་སྐབས་བཀའ་ཤག་དང༌། ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་གོ་བསྡུར་ཐོག་བསྐོ་གཞག་དགོས་རྒྱུ། གལ་སྲིད་རྒྱུ་རྐྱེན་གཞན་གྱིས་དུས་ཐོག་ས་མིག་བསྐང་མ་ཐུབ་པར་ལས་དོན་ལ་འཐུས་ཤོར་འགྲོ་གཞི་ཡོད་ཚེ་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ཡིན་ན་འདེམས་ལྷན་སྒྲིག་གཞི་དོན་ཚན་ ༡༧ ནང་གསེས་ ༣ ནང་གསལ་ལྟར་ཆོད་གན་ཐོག་ལོ་གཅིག་ལས་མ་བརྒལ་བ་དང༌། ལས་བྱའི་སྡེ་ཚན་ཡིན་ན་འདེམས་ལྷན་སྒྲིག་གཞི་དོན་ཚན་ ༡༨ ནང་གསེས་ ༡ ལྟར་འཕྲལ་སེལ་ཐོག་རྩིས་ཞིབ་སྤྱི་ཁྱབ་པས་འདེམས་བསྐོ་ལྷན་ཁང་ལ་གོ་བསྡུར་གྱིས་བསྐོ་གཞག་གནང་འཐུས།

ཁ རྩིས་ཞིབ་ལས་ཁང་དུ་ལས་བྱེད་འཕོ་ལེན་དང་གནས་སྤར་གནང་རྒྱུ་བཅས་ལ་བཀའ་ཤག་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་གོ་བསྡུར་གྱིས་ཐག་གཅོད་གནང་རྒྱུ།

༣  ཀ  རྩིས་ཞིབ་ལས་བྱེད་པའི་ནང་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བ་ཞིག་མ་མཐའ་རྩིས་ཀྱི་མཐོ་སློབ་ལག་འཁྱེར་ (B.Com) ཐོན་པའི་ཐོག་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ངོས་ལེན་ཡོད་པའི་རྩིས་ཞིབ་ཆེད་སྦྱོང་ཐོན་པ་དང་། ཡང་ན། རྩིས་པའི་ལས་འཁུར་ལོ་བརྒྱད་ལས་མི་ཉུང་བ་ཞུས་པའི་རྩིས་ཀྱི་ཉམས་མྱོང་ཡོད་ཐོག་རྩིས་ཞིབ་ཆེད་སྦྱོང་ཐོན་པ་ཞིག་དགོས།

ཁ    ཨར་ལས་དང་འཕྲུལ་ཆས་འཛུགས་སྐྲུན། ཉོ་སྒྲུབ་ལྟ་བུའི་རིགས་ལ་དམིགས་བསལ་རྩིས་ཞིབ་དགོས་གལ་བྱུང་ན་ཁྱད་མཁས་རྩིས་ཞིབ་པ་ཆེད་འཛུགས་བྱ་འཐུས།

ག    དམིགས་བསལ་རྩིས་ཞིབ་ལྟ་བུ་ལས་དོན་འཕར་མ་ཤུགས་ཆེ་བྱུང་སྐབས་འཕྲལ་སེལ་ལས་བྱེད་འཕར་མ་ཇི་དགོས་ཉིན་གླའམ། ཆོད་གན་གླ་འབབ་ཐོག་དུས་ཡུན་ཟླ་བ་གསུམ་ལས་མ་བརྒལ་བ་བསྐོ་གཞག་བྱ་འཐུས། ཟླ་བ་གསུམ་བརྒལ་བར་བསྐོ་གཞག་བྱ་དགོས་བྱུང་ན་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བཀའ་འཁྲོལ་ཞུ་དགོས།

དོན་ཚན་ལྔ་པ།          སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་དབང༌།

༡    རྩིས་ཞིབ་ལས་ཁང་གི་རྩི་ཁྲ་ཁག་ཕུད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་དང༌། གཞུང་ནས་དགོས་དངུལ་ཆ་ཚང་བསྩལ་ཡུལ་གྱི་རང་སྐྱོང་སྒྲིག་འཛུགས་བཅས་ཀྱི་ལོ་རེའི་འབབ་གྲོན་རྩིས་ཞིབ་ངེས་ཅན་གྱིས་མཇུག་བསྡོམས་ཁ་ཤོག་བཅས་དངུལ་རྩིས་ལོ་མཇུག་བསྡོམས་ཟིན་པའི་དུས་ཚེས་ནས་ཟླ་གྲངས་བདུན་ནང་གྲུབ་པར་བྱས་ཏེ། དག་མཆན་འཁོད་པའི་རྩིས་ཁྲ་དང༌། རྩིས་ཞིབ་སྙན་ཐོ་བཅས་འབྲེལ་ཡོད་ལས་ཁུངས་སོ་སོར་ཕྱིར་སྤྲོད་དགོས་རྒྱུ་དང༌། ངེས་ཅན་རྩིས་ཞིབ་བྱེད་དགོས་པའི་ལས་ཁུངས་ཡོངས་རྫོགས་ཀྱི་རྩིས་སྙན་དངུལ་རྩིས་ལོ་མཇུག་བསྡོམས་པའི་དུས་ཚེས་ནས་ཟླ་གྲངས་དགུའི་ནང་འབྲེལ་ཡོད་ལས་ཁུངས་སོ་སོས་སྤྱི་འཐུས་ལྷན་ཚོགས་སུ་འཚེམས་ལུས་མེད་པར་ཕུལ་ཟིན་པ་དགོས།

༢    གཞུང་ནས་དགོས་དངུལ་ཆ་ཤས་སམ། དམིགས་བསལ་ལས་དོན་ཆེད་བསྩལ་བའི་རང་སྐྱོང་སྒྲིག་འཛུགས་ཁག་གི་ཟུར་བཀོལ་རྩིས་ཁྲའི་རྩིས་ཞིབ་དངུལ་རྩིས་ལོ་མཇུག་བསྡོམས་པའི་དུས་ཚེས་ནས། ལོ་གཅིག་ནང་ཚུན་ནམ། དགོས་དངུལ་མུ་མཐུད་བསྩལ་དགོས་རིགས་རྩིས་ལོ་རྗེས་མའི་གནང་ཐེངས་མཐའ་མ་མ་བསྩལ་གོང་བེད་སྤྱོད་འགྲིགས་མཆན་སྙན་ཤོག་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཟིན་པ་བྱེད་དགོས།

༣    ཀ     ངེས་ཅན་དང༌། ཟུར་བཀོལ་རྩིས་ཞིབ་བྱེད་དགོས་ཀྱི་སྡེ་ཚན་གང་དུའང༌། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་དགོས་གལ་མཐོང་ཚེ་འདས་པའི་ལོ་གཅིག་ནས་བཅུའི་བར་གྱི་རྩིས་ཁྲར་དམིགས་བསལ་བསྐྱར་ཞིབ་རྒྱས་པ་བྱེད་ཆོག

ཁ    ཡང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས། བཀའ་ཤག་བཅས་ནས་རེ་འདུན་ནམ་དགོངས་འཆར་བྱུང་ཚེ་བསྐྱར་ཞིབ་བྱ་འཐུས། བསྐྱར་ཞིབ་སྐབས་རྩིས་ཞིབ་སྔོན་ཟིན་གྱི་གྲུབ་འབྲས་དང་མི་མཐུན་པའི་གནས་ཚུལ་ར་འཕྲོད་བྱུང་ཚེ་སྔོན་གྱི་འགྲིགས་མཆན་རིགས་རྩིས་མེད་གཏོང་ཆོག

ག    ངེས་ཅན་དང༌། ཟུར་བཀོལ། དམིགས་བསལ་བསྐྱར་ཞིབ་གང་ཞིག་ཏུ་རྩིས་ར་མ་འཕྲོད་པ་དང༌། ཁྲིམས་འགལ་རྩིས་ཉེས་བྱུང་རིགས་ཀྱི་གནས་ཚུལ་སྐྱོན་འདོན་ཞིབ་ཕྲ་འཁོད་པའི་སྙན་ཤོག་འབྲེལ་ཡོད་བཀའ་བློན་ལས་ཁུངས་བརྒྱུད་དུས་ཚེས་ངེས་ཅན་ནང་ཚུན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་དགོས།

༤ གཞུང་གི་ཁྱབ་ཁོངས་སུ་གཏོགས་ཀྱང་དགོས་དངུལ་གཞུང་ནས་སྩལ་མ་དགོས་པའི་རང་སྐྱོང་སྒྲིག་འཛུགས་ཁག་གི་ལོ་རེའི་འབབ་གྲོན་དང་དཔལ་འབྱོར་གནས་སྟངས་བཅས་པར་ཞིབ་འཇུག་སྟངས་འཛིན་བྱ་རྒྱུ་དང༌། དེ་ལྟའི་རྩིས་ཞིབ་སྙན་ཐོ་དང་རྩིས་འབྲས་རྩིས་ཞིབ་ཟིན་པ་ནས་ཟླ་བ་གསུམ་ནང་ཚུན་འབྲེལ་ཡོད་སྡེ་ཚན་ལ་འབུལ་དགོས་པ་དང༌། སྡེ་ཚན་སོ་སོས་དབུས་ལས་ཁུངས་བརྒྱུད་ཟླ་བ་ལྔ་ནང་ཚུན་གསལ་བཤད་དང་བཅས་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་ཟིན་པ་དགོས།

དོན་ཚན་དྲུག་པ།        རྩིས་ཞིབ་བྱེད་ཚུལ་གྱི་རིམ་པ།

༡    རྩིས་ཞིབ་བྱ་ཡུལ་ལས་ཁུངས་དང༌། སྒྲིག་འཛུགས་ཡོངས་ལ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་གཏན་འབེབས་བྱས་པའི་རྩིས་དེབ་མ་ལག་གི་རྣམ་གྲངས་དང༌། རྩིས་ཁྲ་འཇོག་ཚུལ། བྱུང་སོང་དང་འབབ་གྲོན། ལྷག་བསྡད་ཁ་ཤོག་བཅས་ཀྱི་རེའུ་མིག་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་ལམ་སྟོན་བཀོད་མངགས་འཚེམས་མེད་བྱ་རྒྱུ་དང༌། དགོས་གལ་བྱུང་ན་སྦྱོང་བརྡར་ཡང་སྤྲད་རྒྱུ། འོན་ཀྱང་རྩིས་ཞིབ་ལས་ཁང་གི་ལས་བྱེད་པ་སུས་ཀྱང་གླ་དངུལ་བླངས་ཏེ་སྡེ་ཚན་གཞན་གྱི་རྩིས་ཁྲ་བཟོ་འགོད་དང་རོགས་རམ་བྱ་མི་ཆོག

༢    ལོ་རེའི་ཕྱི་ཟླ་ ༤ པ་ནས་འགོ་འཛུགས་ཀྱིས་ཟླ་གསུམ་དང་པོ་དང༌། གཉིས་པ། གསུམ་པ་བཅས་ཟླ་གསུམ་སོ་སོའི་རྒྱུན་གྲོན་རྩིས་མཇུག་བསྡོམས་དུས་དབུས་སྡེ་ཚན་ཁག་ལ་ཉིན་ ༣༠ དང༌། ཕྱོགས་མཐའི་ཁྱབ་ཁོངས་སྡེ་ཚན་ཁག་ལ་ཉིན་ ༤༥ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་ཉིན་ ༦༠ ཐམ་པ་ཡོད་ཅིང༌། ཟླ་གསུམ་བཞི་པའི་རྩིས་ལོ་མཇུག་བསྡོམས་ཀྱི་དུས་ཚེས་ནས་དབུས་སྡེ་ཚན་ཁག་ལ་ཉིན་ ༤༥ དང༌། ཕྱོགས་མཐའི་ཁྱབ་ཁོངས་སྡེ་ཚན་ལ་ཉིན་ ༦༠ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་ཉིན་ ༩༠ ཐམ་པ། དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་བདེ་དོན་ལྷན་ཚོགས་ནས་དངུལ་གྲོན་ཞུ་དགོས་རིགས་ཟླ་གསུམ་སོ་སོའི་མཇུག་བསྡོམས་ནས་ཉིན་ ༡༥ བཅས་དུས་བཀག་སོ་སོའི་ནང་ཚུན་དགོས་ངེས་རྩིས་ཁྲ་དང་འབྲེལ་ཆགས་ཡིག་ཆ་ཁག་ཆ་ཚང་སྡེ་ཚན་སོ་སོའི་དངུལ་འབབ་འདོན་སྤྲོད་དབང་ལྡན་འགན་འཛིན་གྱི་མིང་རྟགས་སྦྱར་མ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དུ་ཕུལ་ཟིན་པ་དགོས།

༣   རྩིས་ཁྲ་དུས་འབུལ་མ་བྱུང་བའི་རིགས་ལ་རྩིས་ཞིབ་ལས་ཁང་ནས་ཐད་ཀར་འདྲི་རྩད་དང༌། འབྲེལ་ཡོད་ལས་ཁུངས་གོང་མར་བརྡ་སྦྱར་ཇི་དགོས་སྐབས་བསྟུན་བྱ་རྒྱུ།

༤   རྩིས་ཞིབ་དངོས་གཞིའི་སྐབས། བྱུང་སོང་དང་འབབ་གྲོན་རྩིས། དངུལ་ཁང་རྩིས་ཐོ་ཁ་འཐབ། ལག་ཡོད་དངུལ་དངོས་བཅས་ལ་འབྲེལ་ཡོད་ཀྱི་དེབ་གཞི་དང༌། ཡིག་སྣོད། ཡིག་ཆ། དན་རྟགས་གང་ཡོད་རྩིས་ཞིབ་པར་མིག་བསྟར་དགོས་པ་དང༌། དགོས་གལ་བྱུང་ན་འབྲེལ་ཡོད་གསང་བའི་ཡིག་ཆ་ཡང་རྩིས་ཞིབ་སྤྱི་ཁྱབ་པར་མིག་བསྟར་བྱེད་དགོས།

༥    རྩིས་ཞིབ་སྐབས་དྲི་བ་དང༌། སྐྱོན་བརྗོད་ཇི་བྱུང་ལ་སྡེ་ཚན་སོ་སོའི་འབྲེལ་ཡོད་ལས་བྱེད་པས་གསལ་བཤད་དང༌། འགྲེལ་བརྗོད་འཕྲལ་འཕྲལ་བྱེད་དགོས་ཤིང༌། གསལ་བཤད་འགྲེལ་བརྗོད་ཀྱིས་དག་རིགས་སྐབས་མཚམས་སོ་སོར་བསུབ་རྒྱུ་དང༌། མ་དག་པའི་རིགས་ཕྱོགས་བསྡུས་ཀྱིས་རྩིས་ཞིབ་ཟིན་ཁར་སྡེ་ཚན་སོ་སོའི་དབང་ལྡན་འགན་འཛིན་དང་མཉམ་དུ་གོ་བསྡུར་བྱ་རྒྱུ། ད་དུང་གསལ་དག་མ་ཐུབ་པའི་རིགས་རྩིས་ཁྲའི་འགྲིགས་མཆན་དང་སྐྱོན་བརྗོད་ཤོག་ལྷེ་མཉམ་གཏོང་བྱ་རྒྱུ།

༦   རྩིས་ཞིབ་ལས་ཁང་གིས་རྩིས་ཞིབ་བྱ་ཡུལ་སྡེ་ཚན་སོ་སོའི་གནས་བབས་ལ་གཞིགས་པའི་ཡོང་འབབ་རྩིས་ཞིབ། མ་གནད་རྩིས་ཞིབ། འཛིན་སྐྱོང་རྩིས་ཞིབ། ལས་དོན་གནད་སྨིན་དང་གྲུབ་འབྲས་ཀྱི་རྩིས་ཞིབ། སྤྱི་ཚོགས་བདེ་རྩའི་རྩིས་ཞིབ་བཅས་གང་འོས་སྐབས་སྦྱར་གྱིས་བྱ་འཐུས།

༧   གཞན་ཡང་དགོས་གལ་བྱུང་ཚེ་རྩིས་ཞིབ་སྤྱི་ཁྱབ་པས་སྐབས་བསྟུན་གནས་བབས་ལ་གཟིགས་ཞིབ་ཀྱིས་རྩིས་ཞིབ་རགས་པའང་ Test Audit བྱ་འཐུས།

༨    སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་འཕོ་འགྱུར་བྱུང་བའམ་ལས་འཁུར་ཡུན་ཚད་གཙང་སྟེ་ལས་འཁྱུར་ཟིན་རྗེས་བཅས་ལ་ཚབ་གསར་བསྐོ་གཞག་མ་བྱུང་བའི་བར་དང་། རྩིས་ཞིབ་སྤྱི་ཁྱབ་པ་དུས་རིང་གཞུང་དོན་ཕྱོགས་བསྐྱོད་དང༌། ཐོབ་གསེང༌། ནད་དགོངས། ཕོགས་མེད་དགོངས་ཞུ་བཅས་ཀྱི་སྐབས་རྩིས་ཞིབ་སྙན་ཐོ་དང་རྩིས་ཤོག་བཅས་པར་གཤམ་འོག་དྲུང་ཆེའམ་དྲུང་འཕར་གང་རུང་ལ་མཚན་རྟགས་འགོད་ཆོག་པའི་འགན་དབང་ཁྱབ་བསྒྱུར་ཆོག་རྒྱུ།

དོན་ཚན་བདུན་པ།       རྩིས་ཞིབ་ཀྱི་རྩ་བའི་ལངས་ཕྱོགས།

རྩིས་ཞིབ་སྐབས་གཞི་རྩའི་རྩིས་ཁྲ་འཇོག་ཚུལ་ཚད་ལྡན་དང༌། རྩིས་མིག་ར་འཕྲོད་ཡོད་མེད་ཞིབ་འཇུག་བྱེད་དགོས་སྨོས་མེད་ཐོག་གཤམ་གསལ་དོན་གནད་རྣམས་རྩ་བའི་ལངས་ཕྱོགས་སུ་བཟུང་ནས་ཞིབ་འཇུག་བྱེད་དགོས།

༡    འགྲོ་གྲོན་དངུལ་འབབ་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་འཁྲོལ་བསྩལ་བའི་སྔོན་རྩིས་ནང་གསལ་ལྟར་ཡིན་མིན།

༢    དམིགས་ཡུལ་གང་གི་ཆེད་བཀའ་འཁྲོལ་བསྩལ་བ་དེ་རང་ལ་སྨན་པར་བཏང་ཡོད་མེད།

༣   དམིགས་ཡུལ་གང་གི་ཆེད་འགྲོ་གྲོན་བཏང་བའི་ལས་དོན་གྱི་དམིགས་ཡུལ་དེ་གྲུབ་ཡོད་མེད།

༤   དགོས་ངེས་ཀྱི་བསྲི་ཚགས་དང༌། གྲོན་ཆུང་ཆེད་འབད་རྩོལ་བྱས་ཡོད་མེད།

༥    རིན་ཐང་སྐོར་སྒྲིག་དང༌། སྤུས་ཚད་དག་ཞན། ཐོབ་ཁྲ་དང་བྱུང་འཛིན་ཚད་ལྡན། ཡུལ་ཁྲིམས་ཀྱི་དཔྱ་ཁྲལ་འཚེམས་མེད་ཕུལ་ཡོད་མེད།

༦   ཚད་འཛིན་ཡོད་རིགས་ཀྱི་འགྲོ་སོང་ཁག་ཚད་གཞི་ལས་བརྒལ་ཡོད་མེད།

༧   ཁྲིམས་སྒྲིག་དང་མཐུན་པའི་དམིགས་བསལ་བཀའ་འཁྲོལ་ཞུ་དགོས་རིགས་ཞུས་ཡོད་མེད།

དོན་ཚན་བརྒྱད་པ།       བསྐྱར་ཞིབ་གནང་ཕྱོགས།

༡    རྩིས་ཞིབ་བྱ་ཡུལ་གང་ཞིག་གི་རྩིས་ཁྲར་ཁྲིམས་མཐུན་མེད་པ་དང༌། སྐྱོན་གནད་འཕྲད་རིགས་ཤར་ཚེ་རྩིས་ཞིབ་པས་འཛེམས་ཟོན་དང༌། ངོ་དགའ་ཕྱོགས་ལྷུང་མེད་པར་སྐྱོན་ཆ་ཞིབ་གསལ་རྩིས་ཞིབ་སྙན་ཐོའི་ནང་འགོད་འབུལ་དགོས་རྒྱུ།

༢ རྩིས་ཞིབ་བྱ་ཡུལ་སོ་སོར་སྡེ་ཚན་ཆ་བགོས་ཀྱིས་རྩིས་ཞིབ་ཟིན་རིགས་ལ་ངེས་པ་རྙེད་སླད་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་པ་གཉིས་ནས་གསུམ་བར་ཚོགས་ཆུང་ཟུར་བཙུགས་ཀྱིས་བསྐྱར་ཞིབ་གང་ནན་བྱེད་དགོས།

དོན་ཚན་དགུ་པ།        གསང་བའི་རྩིས་ཁྲར་རྩིས་ཞིབ།

༡ གཞུང་གི་གསང་བའི་ལས་དོན་ཁག་གི་ཐོག་གཏོང་དགོས་ཀྱི་དངུལ་འབབ་བསྡོམས་གྲངས་སྔོན་རྩིས་ནང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་ཟིན་པ་དེ་རིགས་འཆར་ཅན་རྩིས་ཞིབ་ཏུ་འགྲོ་མ་དགོས་ཀྱང༌། གསང་བའི་འགྲོ་གྲོན་རྩིས་ཁྲ་འཇོག་སྟངས་གཏན་འབེབས་གཞིར་བཟུང་རྩིས་ལོ་མཇུག་བསྡོམས་ཀྱི་དུས་ཚེས་ནས་ཟླ་བ་བཞིའི་ནང་ཚུན་རྩིས་ཁྲ་རྩིས་ཞིབ་སྤྱི་ཁྱབ་པར་འབུལ་དགོས།

༢    རྩིས་ཞིབ་སྤྱི་ཁྱབ་པས་རྩིས་ཁྲ་དེ་རིགས་ལ་རྩིས་ཞིབ་དང་འབྲེལ་དོགས་འདྲི་དགོས་རིགས་འབྲེལ་ཡོད་དབང་ལྡན་འགན་འཛིན་དང་ཡིག་འགྲུལ་ལམ། ངོ་འཕྲད་འདྲི་ཞིབ་བྱས་ཏེ་རྩིས་ཁྲ་དང༌། གསལ་བཤད་ཡིག་ཆ་ཁག་བཅས་གསང་བའི་ཡིག་ཆའི་ཁོངས་སུ་བདག་ཉར་བྱེད་དགོས།

༣   སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཚོགས་ཆུང༌། ཚོགས་གཙོ་བགྲེས་གཞོན། བཀའ་ཤག་དང་བཀའ་བློན་སུ་རུང་ནས་དོགས་གླེང་འདྲི་རྩད་བྱུང་བའམ། ཡང་ན་རྩིས་ཞིབ་སྤྱི་ཁྱབ་པ་རང་ཉིད་ལ་དོགས་པ་བྱུང་ཚེ་འདས་ལོ་བཅུའི་ནང་ཚུན་གྱི་གསང་བའི་རྩིས་ཁྲ་ཁག་ལ་གསང་བའི་རྩིས་ཞིབ་བམ། ཡང་ན་འཆར་ཅན་རྩིས་ཞིབ་བྱ་དགོས་སུ་རྩིས་ཞིབ་སྤྱི་ཁྱབ་པས་བཀོད་ཁྱབ་བྱ་འཐུས་དང༌། དེ་འདྲའི་རྩིས་ཞིབ་གྲུབ་འབྲས་བཀའ་ཤག་བརྒྱུད་སྤྱི་འཐུས་ལྷན་ཚོགས་སུ་འབུལ་དགོས།

དོན་ཚན་བཅུ་པ།        སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་དང༌། བཀའ་ཤག སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༦།༡༠།༣ སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པ་བར་བསྐྱར་བཅོས་ཇི་སོང་དང་བཅས་པ་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།