ཨིན་ཡུལ་ནང་རྟེན་གཞི་བྱས་པའི་རག་བི་སློབ་གྲྭའི་དགེ་རྒན་གཉིས་དང་སློབ་ཕྲུག་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཨིན་ཡུལ་ནང་རྟེན་གཞི་བྱས་པའི (Rugby Shool) གྱི་གཞོན་སྐྱེས་སློབ་ཕྲུག་རྣམས་བོད་དང་བོད་མིའི་གནས་སྟངས་རྒྱུས་ལོན་ཆེད་ཕེབས་རྒྱུའི་ལས་འཆར་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༧ ལོའི་ཟླ ༧ ཚེས་ ༧ ཉིན་རག་བི་སློབ་གྲྭའི་དགེ་རྒན་གཉིས་དང་སློབ་ཕྲུག་ ༢༣ བཅས་ཁྱོན་མི་གྲངས་ ༢༥ སྔ་དྲོ་ཕྱག་ཚོད་ ༡༡།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ་དང་།  དཔལ་ལྡན་ཚོགས་གཞོན་མཆོག་ནས་སྤྱི་འཐུས་ལྷན་ཁང་གི་ངོ་སྤྲོད་སྙིང་བསྡུས་གནང་བ་དང་། བོད་དང་བཙན་བྱོལ་ནང་གི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ངོ་སྤྲོད་སོགས་གནང་བ་དང་འབྲེལ་རིམ་པས་སློབ་ཕྲུག་རྣམས་སོ་སོའི་རྒྱལ་ཁབ་ལ་ཕྱིར་ཕེབས་རྗེས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་པའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་ཐབས་ཡོང་བ་ཞུས་གནང་སོང།

རག་བེ་སློབ་གྲྭ་དེ་བཞིན་༸གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གི་སྐབས་ནས་བོད་མི་དང་འབྲེལ་བ་བཟང་པོ་ཡོད་པའི་སློབ་གྲྭ་ཞིག་ཡིན་འདུག ཐེངས་འདིའི་བོད་མིའི་གནས་སྟངས་ཤེས་ཐབས་སླད་རྒྱ་གར་དུ་ཕེབས་ཐེངས་གཉིས་པ་དེ་ཆགས་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་དུ།།

Menu