མིང༌། བློ་བཟང་ཐུབ་བསྟན།

༄༅། །ཕྱི་ལོ་ ༡༩༨༡ ལོར་རེབ་གོང་རྒྱ་པོ་དཔོན་ཚང་དུ་སྐྱེས། ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་དུ་འབྱོར་ནས་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་དང་།  ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ ལོ་བར་ལྡི་ལིར་རྟེན་གཞི་བྱས་པའི་ (Mother’s International School) སློབ་གྲྭའི་ནང་སྤྱི་ཚོགས་འབྲེལ་ལམ་སྐོར་ཆེད་སྦྱོང་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༡༢ བར་སྤྱི་འཐུས་ཚོགས་ཟུར་དང་བདེ་སྲུང་བཀའ་ཟུར་འཇིགས་མེད་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་དྲུང་ཡིག་གི་འགན་ཁུར་བླངས། ཕྱི་ལོ་ ༢༠༠༦ ལོ་ནས་ཨ་རིའི་གྷུ་ར་སུ་ཁྱིིམ་ཚང་གི་ཐེབས་རྩ་དང་ཧྥ་རན་སིའི་ (Graines d’Adenir) རོགས་སྐྱོར་ཚོགས་པ་གཉིས་ལ་འབྲེལ་ལམ་ཞུས་འབྲེལ། གཞིས་བྱེས་བོད་མིའི་སྤྱི་ཚོགས་གང་སར་བོད་མི་སྐྱོ་བོའི་རིགས་ལ་འཚོ་སྣོན་དང་། སློབ་ཕྲུག་མང་པོར་སློབ་སྦྱོང་མཐུན་རྐྱེན་འཚོལ་སྒྲུབ་ཞུས་ཡོད།༢༠༡༠ ནས་ལོ་བཞིའི་རིང་ཀུན་ཕན་རིགས་གནས་སློབ་གྲྭའི་དྲུང་ཆེའི་ལས་ཁུར་དང་ ༢༠༡༤ ནས་སློབ་གྲྭ་དེ་གའི་སྤྱི་ཁྱབ་འགན་འཛིན་གྱི་ལས་ཁུར་བླངས་ཏེ་རང་རིགས་གཞོན་སྐྱེས་རྣམས་ལ་དབྱིན་ཡིག་དང་། གློག་ཀླད་སོགས་ཆེད་སྦྱོང་མཐུན་རྐྱེན་བསྒྲུབས། ཕྱི་ལོ་ ༢༠༡༥ ལོར་༸སྐུའི་གྱ་སྟོན་སྐབས་མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་རེ་སྐུལ་ལྟར། མདོ་སྨད་ཆོལ་ཁོངས་གི་མཁན་བླ་སྤྲུལ་རྣམ་པ་དང་། ཡབ་གཞིས་ནང་མི། གྱ་སྟོན་སྦྱིན་བདག་རྣམས་ལ་བཞུགས་གནས་མགྲོན་ཁང་དང་། རླངས་འཁོར་གོ་སྒྲིག་སོགས་མཐུན་རྐྱེན་ཞུ་དགོས་རིགས་ཞུས། ༢༠༡༦ ནས་ ༢༠༡༨ བར་དུ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བདེ་དོན་འགན་འཛིན་གྱི་ལས་འགན་ཁུར་ཞུས། ད་ལྟའི་ཆར་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གི་འབྲེལ་མཐུད་པའི་འགན་འཁུར་དང་། སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

Menu