མིང༌། དབུ་དཀར་ཚང་གཡུ་སྒྲོན།

༄༅། །གུས་མོ་དབུ་དཀར་ཚང་གཡུ་སྒྲོན་ནི། བོད་མི་མང་སྤྱི་འཐུས་ལས་ཐོག་དང་། དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་གཞི་རྩ་འཛུགས་མཁན་དང་། ད་ལྟ་ཚོགས་པའི་འཛིན་སྐྱོང་དགེ་རྩའི་མ་དངུལ་དོ་དམ་པ་ (Managing Trustee) གནང་མུས་ཡིན།  ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ལོ་བཞིའི་རིང་གུས་མོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་འཆར་འགན་འཛིན་བགྲེས་པའི་འགན་ཁུར་བཞེས་མྱོང་ཡོད།  དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་གནང་མྱོང་ཞིང་ཕྱི་ལོ་ ༡༩༩༤  ནས་ ༡༩༩༦ བར་བུད་མེད་ལྷན་ཚོགས་ནང་ཉམས་ཞིབ་པའི་འགན་ཁུར་ཡང་བཞེས་མྱོང་ཡོད། མདོར་ན་གུས་མོས་ལོ་ ༢༠ ལྷག་རིང་བོད་ཀྱི་རྩ་དོན་དང་བོད་མིའི་སྤྱི་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུས་ཡོད།

གུས་མོའི་དོ་སྣང་ཆེ་ཤོས་བྱེད་སའི་གནས་དོན་ནི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། བོད་རྒྱའི་གནད་དོན་དང་རྒྱལ་སྤྱིའི་འབྲེལ་ལམ། བུད་མེད་དང་ན་གཞོན་གྱི་ནུས་སྟོབས། ཤེས་ཡོན་དང་སྤྱི་ཚོགས་ཡར་རྒྱས། སྤྱི་དོན་གཙོ་བོར་བཟུང་སྟེ་ཕྱོགས་རིས་འཐེན་འཁྱེར་མེད་པར་ལས་དོན་མཐའ་དག་དྲང་བཞག་དང་ལྷག་བསམ་རྣམ་དག་གིས་སྒྲུབ་མཁན་ཞིག་ཡིན།  གུས་མོའི་སློབ་སྦྱོང་གི་བརྒྱུད་རིམ་ནང་ཨ་རིའི་ཊ་པ་ས་གཙུག་ལག་སློབ་གཉེར་ཁང་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་ཇ་ཝ་ཧར་ལླ་ནེ་རུ་གཙུག་ལག་སློབ་གཉེར་ཁང་ནས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་ཆབ་སྲིད་ཐོག་གཙུག་ལག་རབ་འབྱམས་པ་དང་ལེ་ཊི་ཤི་རི་རམ་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ངོ་སྤྲོད་ལོ་རྒྱུས་སྙིང་བསྡུས་སུ། །

Menu