མིང༌། ཟླ་བ་ཚེ་རིང་།
༄༅། །༡༩༦༣ ནས་ ༡༩༧༧ བར་ཌལ་ཧོར་དང་སིམ་ལ་གཏན་སློབ་ནང་བཅུ་དཔོན་དང་སྤྱི་པའི་རྒན་བདག་དང་ ༡༩༧༧ ཟླ་ ༩ ནས་ ༡༩༨༣ བར་དབུས་གཞོན་ནུའི་ཡིག་ཚང་གི་གད་ཕྱགས་དང་ཡིག་སྐྱེལ། ༡༩༧༩ ནས་ ༡༩༨༦ བར་མེག་གྷན་གཞོན་ནུའི་རུ་དཔོན་དང་རྡ་ས་གཞོན་ནུའི་ས་གནས་རྒྱུན་ལས། ༡༩༨༤ ལོར་ཡོངས་གླིང་སློབ་གྲྭ་དབུ་བཙུགས། ༡༩༨༦ ནས་ ༡༩༩༢ བར་བོད་གཞུང་དབུས་སྨན་རྩིས་ཁང་རྡ་སྟེང་ཡན་ལག་སྨན་ཁང་གི་དངུལ་གཉེར་དང་རྩིས་པ། ༡༩༩༢ ནས་༢༠༠༡ བར་རྡ་ས་ས་གནས་འགོ་འཛིན། ༡༩༩༤ ནས་ ༡༩༩༨ བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྒྲིག་འདོམས་དྲུང་ཆེ། ༡༩༩༦ ལོར་སྤྱི་འཐུས་དང་རྡ་ས་ས་གནས་འགོ་འཛིན་གཉིས་སུ་འོས་འདེམས་བྱུང་ཡང་སྤྱི་འཐུས་ལས་འཁུར་བཞག་ནས་རྡ་ས་བདེ་དོན་ལས་འཁུར་ཞུས། ༡༩༩༥ ལོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་སློབ་སྟོན་པའི་ལས་འཁུར། ༡༩༩༦ ཕ་མའི་ཚོགས་ཆུང་དབུ་འཛུགས་དང་སློབ་ཕྲུག་བསྐྱེལ་རྒྱུའི་སྣུམ་འཁོར་འཁོ་སྒྲུབ་ཞུས། ༢༠༠༡ ལོར་གུ་ཇུ་རཌ་མངའ་སྡེར་ས་ཡོམ་བྱུང་སྐབས་བཀའ་འབྲེལ་བཞིན་ས་ཡོམ་ངལ་སྐྱོབ་དྭང་བླང་བའི་འགོ་འཁྲིད་ཟླ་བ་ ༦ རིང་ཞུས། ༢༠༠༥ ནས་ ༢༠༡༢ བར་འདམ་ག་ཚོགས་པའི་ཚོགས་གཙོ། ༢༠༠༡ ནས་ ༢༠༠༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོའི་ཐད་བསྐོས་སྤྱི་འཐུས་སུ་བཀྲིན་བསྐྱངས། ༢༠༠༦ ནས་ ༢༠༡༡ དང་། ༢༠༡༡ ནས་ ༢༠༡༦། ༢༠༡༦ ནས་ ༢༠༢༡། ༢༠༢༡ ལོར་སྐབས་ ༡༧ པའི་སྤྱི་འཐུས་བཅས་སོ་སོར་དབུས་གཙང་རྒྱ་ཆེ་མི་མང་ནས་སྤྱི་འཐུས་སུ་འོས་འདེམས་བྱུང་བ་བཞིན་མང་ཚོགས་ཀྱི་མངོན་འདོད་དང་ཚོགས་གཙོ་སྦྲེལ་པོའི་བཀོད་མངགས་གང་གནང་ལྟར་འགན་འཁུར་ཞུས་ཡོད། ༢༠༠༢ ནས་ ༢༠༠༤ བར་གཞོན་སྐྱེས་ཚོར་རྒྱལ་ཞེན་གྱི་ལས་འགུལ་སྤེལ། ༢༠༠༣ ལོ་ནས་བཙུན་མ་ལོ་དང་ཤེས་ཚད་གནས་བབ་ཀྱི་བཙུན་དགོན་སྒྲིག་འཛུགས་གང་དུའང་མ་ཚུད་པ་རྣམས་བདག་སྐྱོང་བྱེད་ཆེད་བཙུན་དགོན་བསམ་གཏན་ཆོས་གླིང་བཙུགས། ༢༠༠༣ ལོར་བོད་རིགས་ལས་མེད་ཚོགས་པ་བཙུགས་པ་དང། ༢༠༠༥ ལོར་རྡ་སར་ནང་ཆོས་ངོ་སྤྲོད་ཚོགས་ཆུང་འགོ་འཛུགས་དང། ༢༠༠༥ སྒྲོལ་མ་ཤེལ་ཕྲེང་བཟོ་ལས་ཁང་འགོ་འཛུགས་ཀྱིས་ད་ལྟ་བར་ཆོལ་གསུམ་བོད་རིགས་གསར་འབྱོར་དང་ལས་མེད། ཉལ་ཐག་ཆང་རག་ངན་གོམས་ཀྱི་ནད་པ་བཅས་བོད་མི་བརྒྱ་སྐོར་ལྷག་ལ་ལས་ཀ་སྤྲོད་ཐུབ་པ་བྱུང། ༢༠༠༨ ལོར་དབུ་མའི་ལམ་མི་མང་ལས་འགུལ་ཁང་འགོ་འཛུགས་དང། ༢༠༠༠ ནས་ ༢༠༡༢ བར་ཀུན་ཕན་ལས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་དང་ ༢༠༡༣ ལོ་ནས་ངེས་སྟོན་པའི་འགན་འཁུར་ཞུ་མུས། ༢༠༡༡ ལོར་ཨིག་ནོ་མཐོ་སློབ་ཡན་ལག་འགོ་འཛུགས་ཀྱིས་ཧིན་བོད་སློབ་མ་ ༣༠༠ ལྷག་སློབ་སྦྱོང་བྱས། ༡༩༩༢ ནས་ ༢༠༡༥ བར་བོད་རིགས་གཞོན་སྐྱེས་ཕོ་མོ་བདག་མེད་དང་ཉལ་ཐག་དང་ཆང་རག་ངན་གོམས་ནད་པ་གཙོས་བོད་མི་དཀའ་ངལ་ཅན་ ༢༥ ལྷག་སོ་སོའི་སར་བདག་སྐྱོང་ཞུས། ༢༠༢༠ ཟླ་ ༨ ཚེས་ ༧ ཉིན་རྡ་ས་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་ལས་འགུལ་ཚོགས་ཆུང་འགོ་འཛུགས་དང་དྲུང་ཆེ་ལས་འཁུར་ (Dhasa Peace and Compassion Promotion Group) མདོ་དོན་མི་ལོ་ ༤༣ ཙམ་རིང་ལ་བདག་གི་དྲིན་ཆེན་རྩ་བའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞབས་འོག་ཏུ་བཀའ་དགོངས་འགལ་མེད་རང་ནུས་གང་ཐུབ་ཀྱི་སྤྱི་ཚོགས་ཞབས་ཞུ་བྱ་རྒྱུའི་སྐལ་བཟང་གི་གོ་སྐབས་གནང་ཐོབ་བྱུང་བའི་ལོ་རྒྱུས་སྙིང་བསྡུས་སུ། །