མིང༌། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར།

༄༅། །ཕྱི་ལོ་ ༡༩༨༦ ལོར་སྐྱེས། བོད་ཁྱིམ་ནས་སློབ་ཐོན་གྱིས་ (Delhi university) དང་ལྡེ་ར་ལྡུན་ (Garhwal University) བཅས་ནས་དབྱིན་ཡིག་རྩོམ་རིག་གི་རིག་གནས་རམས་འབྱམས་པ་དང་གཙུག་ལག་རམས་འབྱམས་པའི་ཐོག་སྦྱང་འབྲས་རྩེར་སོན་གྱིས་བསླབ་པ་མཐར་ཕྱིན། ༢༠༡༢ ལོར་མཐོ་སློབ་གུང་སེང་དང་བསྟུན་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ཀྱི་ཆེད་དུ་༸གོང་ས་མཆོག་གི་ཞལ་སྔར་རྟེན་འབུལ་བསྔོ་སྨོན་ཞུས་ཏེ། རྡོ་རྗེ་གདན་ནས་འགོ་བཙུགས་ཏེ་རྒྱ་གར་དང་བལ་ཡུལ་ནང་གི་ནང་པའི་གནས་ཆེན་ཁག་ཏུ་ (བོད་ནང་ཞི་བདེ་དང་རང་དབང་གི་ཆེད་དད་པའི་གོམ་བགྲོད་) ཅེས་པའི་རྒྱང་བསྐྱོད་གོམ་མགྲོད་ལས་འགུལ་སྤེལ། མཐོ་སློབ་ཐོན་རྗེས་ (DBS (PG) College) ལ་དབྱིན་ཡིག་རྩོམ་རིག་སློབ་ཁྲིད་བྱས། ལས་གནས་དེ་བཞག་ནས་བོད་ཀྱི་བུད་མེད་ལྷན་ཚོགས་སུ་བཙན་བྱོལ་བོད་ཀྱི་བུད་མེད་ཀྱི་ཁྲིམས་ལུགས་ནུས་སྟོབས་གོང་སྤེལ་སླད་ལས་གཞིའི་གཙོ་འགན་བླངས་ཏེ་བོད་མིའི་གཞིས་ཆགས་ཁག་ ༡༦ ལྷག་ལ་སྐོར་བསྐྱོད་ཀྱིས་ཟབ་སྦྱོང་སྤྲད།

༢༠༡༣ ལོར་དགུ་བཅུ་གསུམ་གྱི་ཚོགས་ཆེན་ཐོག་སྐབས་དྲུག་པའི་ཚོགས་གཞོན་དུ་འོས་འདེམས་བྱུང་བ་དང་། དེ་རྗེས་སྐབས་བདུན་པའི་ཚོགས་གཙོར་འོས་འདེམས་ཀྱིས་འགན་ཁུར། ༢༠༡༦ ལོར་སྐབས་ ༡༦ པའི་དབུས་གཙང་སྤྱི་འཐུས་སུ་འོས་འདེམས་ཀྱིས་ལས་ཁུར་ཞུ་སྒོ་མཐའ་དག་འཐུས་ཤོར་མེད་པ་ཞུས་པ་དང་། ༢༠༢༡ ལོར་སྐབས་ ༡༧ པའི་དབུས་གཙང་སྤྱི་འཐུས་སུ་འོས་འདེམས་བྱུང་ནས་ལས་ཁུར་ཞུ་བཞིན་པ། དེ་བཞིན་བོད་སོག ཡུ་གུར། ཐེ་ཝན། ཧོང་ཀོང་བཅས་ལས་འདུས་པའི་ (Free Indo-Pacific Alliance) ཚོགས་པའི་ཚོགས་གཞོན་གྱི་འགན་འཁུར་མུས། ད་བར་བོད་དོན་འཐབ་རྩོད་སླད་རྒྱལ་ཁབ་ཕྱི་ནང་གི་ཚོགས་འདུ་དང་ལས་འགུལ་རིགས་མང་པོར་མཉམ་ཞུགས་ཀྱིས་གོ་སྒྲིག་བྱས་པ་དང་། རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་དོན་དང་འབྲེལ་བའི་བགྲོ་གླེང་བཅར་འདྲི་རིམ་པར་ཆ་ཤས་བླངས་དང་ལེན་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

Menu