མིང་། དགེ་བཤེས་སྨོན་ལམ་མཐར་ཕྱིན།

༄༅། །ཕྱི་ལོ་ ༡༩༦༨ ལོར་བོད་མདོ་ཁམས་ཁྱུང་པོ་སྟེང་ཆེན་དུ་སྐྱེས། ཆུང་དུས་ས་གནས་གྱི་གཞི་རིམ་སློབ་གྲྭར་འགྲིམས། ༡༩༨༤ ལོ་ནས་གཡུང་དྲུང་བོན་སྒོར་ཞུགས་ཏེ་དགོན་སྡེ་ཁག་ནང་གཞུང་ལུགས་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་སོགས་བྱས། ༡༩༩༢ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པར་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་དང་། ཐུན་མོང་རིག་གནས་བཅས་པར་སྦྱང་བརྩོན་བྱས་པ་དང་། དེའི་རིང་སྨན་རིའི་ཚོགས་ཆེན་དབུ་མཛད་ལོ་དྲུག་བྱས་པ་སོགས་ལས་སྣེ་མང་པོ་ཞིག་གི་ཁུར་བླངས། ༢༠༠༢ ལོར་དགེ་བཤེས་དམ་འཇོག་ཞུས་པ་དང་། སྨན་རིའི་བཤད་སྒྲུབ་འདུས་སྡེའི་རིག་གནས་དགེ་རྒན། བོན་གྱི་བགྲོ་གླེང་འདུས་སྡེའི་ཚོགས་གཙོ། ས་གནས་འོས་བསྡུའི་འཐུས་མི་སོགས་བྱས། ༢༠༠༦ ལོར་སྐབས་ ༡༤ པ་དང་། ༢༠༡༡ ལོར་སྐབས་ ༡༥ པ། ༢༠༡༦ ལོར་སྐབས་ ༡༦ པ་བཅས་ཀྱི་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་རིམ་བཞིན་འོས་འདེམས་ཀྱིས་མུ་མཐུད་རྒྱུན་ལས་བྱས། ༢༠༢༡ ལོར་སླར་ཡང་སྐབས་ ༡༧ པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་བཞིན་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་ཡིན། སྤྱི་འཐུས་ཀྱི་ལས་རྒྱུན་རིང་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་སོགས་ཚོགས་ཆུང་ཁག་མང་པོའི་ནང་ཚོགས་གཙོ་དང་དྲུང་ཆེའི་ལས་འགན་བླངས་པ་དང་། གྲོས་ཚོགས་ཡོངས་རྫོགས་ལ་ཆད་མེད་བཅར་ཞིང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། རྒྱ་གར་རྒྱལ་ས། ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོར་ཚོགས་འདུ་དང་བོད་དོན་ཞུ་སྐུལ་ལ་ཆེད་བཅར་ཞུས། བསྟན་སྲིད་ཅི་རིགས་དང་འབྲེལ་བའི་ཆེད་རྩོམ་མང་པོ་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་དྲ་རྒྱ་ཁག་ཏུ་འགོད་ཐོན་དང་། དེབ་རིགས་མང་པོའི་རྩོམ་སྒྲིག་དང་ཞུ་དག་སོགས་ཀྱི་ལས་དོན་ཞུས་དང་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

Menu