ལྡི་ལི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གྱི་གལ་གནད་ཆེན་པོ་ཡིན་པའི་སྐོར་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གནང་བ།

img_6150
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ པའི་ཐོག་དཔལ་ལྡན་སྤྱི་ལྷན་ཚོགས་གཞོན་མཆོག་ནས་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གྱི་གལ་ཆེན་པོ་ཡིན་པའི་བགྲོ་གླེང་ལྷན་ཚོགས་ཤིག་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་སྟེ། ཁོང་ནས་དེ་རིང་གི་མཁས་པའི་བགྲོ་གླེང་གི་ཚོགས་འདུ་འདི་ལྟ་བུ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཤིན་ཏུ་གལ་འགངས་ཆེན་པོ་དང་། ལྷག་པར་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་ཕྱི་སྲིད་དང་སྲུང་སྐྱོབ་གཉིས་ཀྱི་ཐད་གལ་འགངས་ཆེན་པོ་ཡིན་པ་ལ་ངོས་འཛིན་ཞུ་ཡི་ཡོད། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚང་མར་འཚམས་འདྲི་དང་། བགྲོ་གླེང་ལྷུག་པོ་ཡོང་བའི་རེ་བ་ཞུ་ཡི་ཡོད་གསུང་། ཐོག་མར་རྒྱ་གར་གྱི་མཁས་དབང་སྐུ་ཞབས་ཤིརི་ཀན་ཌི་ཀོན་ཌ་པ་ལི་( Prof.Shrikanth Kondapali ) Professor in Chinese Studies, Central for East Asain Studies,JNU མཆོག་ནས་གསུང་བཤད་གནང་བའི་གནད་དོན་གལ་ཆེ་ཁག་ནི། བོད་པའི་གནད་དོན་དེ་རྒྱ་གར་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། མི་འབོར་གྱི་ཆ་ནས་བོད་མི་སྐྱབས་བཅོལ་བ་ཆེས་ཉུང་ཤས་ཡིན་ནའང་། བོད་པའི་སློབ་ཕྲུག་མང་པོ་ཞིག་ད་ལྟ་རྒྱ་གར་ནང་གི་ IT ཚན་པའི་ནང་ལ་འཛུལ་བཞུགས་བྱས་ནས་སློབ་སྦྱོང་གནང་གི་ཡོད་པ་མ་ཟད། དེ་དག་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་ལ། དེང་གི་དུས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་པའི་ནང་ཆོས་ལ་དད་པ་ཞུ་མཁན་མང་པོ་ཞིག་ཡོང་གི་ཡོད་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་སོགས་ཞི་བདེའི་ཐོག་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་རྒྱ་ནག་གཞུང་ནས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་འཛུགས་སྐྲུན་སོགས་ཡར་རྒྱས་གཏོང་གི་ཡོད་པའི་ཕྱིར་བསྒྲགས་བྱེད་ཀྱང་། དོན་དངོས་ཐོག་ནས་བོད་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་ལ་ཕན་པ་ལས་གནོད་འཚེ་ཆེ་བ་བྱུང་སྟེ་འཛམ་གླིང་སྤྱི་ཡི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བའི་དཀའ་ངལ་འཕྲད་བཞིན་པ་ཚང་མས་མཁྱེན་གསལ་ཡིན་པ་སོགས་གསུང་བཤད་གནང་ཡོད། དེ་ནས་སྐུ་ཞབས་ཇེ་ཨེམ་མུ་ཁེལ་(Mr.J.M.Mukhi) Former Legal Adviser, Ministry of External Affairs 1955 to 1964 མཆོག་ནས་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན་དུ། སྤྱིར་འཛམ་གླིང་ནང་མི་མང་པོ་ཞིག་སྡུག་བསྔལ་རིགས་མི་འདྲ་བ་མང་པོ་མྱངས་དང་མྱོང་བཞིན་ཡོད་ཀྱང་བོད་མི་ཚོ་ནི་སྐྱབས་བཅོལ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། དེ་ཡང་ལོ་རྒྱུས་ཀྱི་ཐོག་ནས་རྒྱལ་ཁབ་འཛིན་སྐྱོང་བྱེད་པར་ཁྲིམས་བཟོས་ཡོད་པ་རེད་ལ། འགྲོ་བ་མིའི་རང་དབང་ནི་རང་བཞིན་ལྷན་སྐྱེས་ཀྱིས་རང་དབང་ཞིག་ཡིན་ཀྱང་།

img_6168

བོད་ལ་རྒྱ་ནག་གི་བཙན་འཛུལ་བྱས་པ་ནས་བཟུང་བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་འཕྲོགས་ཡོད་པ་མ་ཟད། བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ནའང་ཁྲིམས་འགལ་བརྩི་བ་སོགས་ཀྱི་ནག་ཉེས་སྐྱོན་འཛུགས་བྱས་ཏེ་བཙོན་ལ་འཇུག་གི་ཡོད་པའི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། ལྷག་པར་དུ་ངས་དེ་རིང་ངོས་རང་གི་གཞུང་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ། བོད་མི་ཚོ་ང་ཚོའི་གཅེན་གཅུང་ཡིན་པའི་འདུ་ཤེས་བཅངས་ནས་ཁོང་ཚོར་རོགས་རམ་ཡག་པོ་གནང་རོགས། དེ་མིན་གྱི་ཁོང་ཚོ་ཕྱི་རྒྱལ་མི་རིགས་ལ་ངོས་འཛིན་གྱིས་ཁྲིམས་དམ་པོ་བཟོས་ན་ཁོང་ཚོར་དཀའ་ངལ་ཧ་ཅང་གི་མང་པོ་འཕྲད་ཀྱི་ཡོད་པར་བརྟེན་བསམ་ཤེས་གནང་རོགས་ཞེས་གསུང་བཤད་གནང་ཡོད། དེ་ནས་སྐུ་ཞབས་ར་འཇིབ་མེ་རོ་ཏ་ར་ (Rajiv Mehrotra ) Trustee Foundation for Universal Responsibility of H.H. the Dalai lama མཆོག་ནས་བོད་པའི་རིག་གཞུང་གལ་ཆེན་པོ་ཡིན་པའི་ཐོག་གསུང་བཤད་གནང་དོན་དུ། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ང་ཚོའི་དགེ་རྒན་དང་ང་ཚོ་རྒྱ་གར་གྱི་སློབ་མ་ཡིན་ཞེས་ག་པར་ཕེབས་ཀྱང་བཀའ་གནང་གི་ཡོད་པ་རེད་ལ། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་རིགས་ཕན་ཚུན་མཐུན་སྒྲིལ་དང་། བྱམས་པ། སྙིང་རྗེ་དང་ཡ་རབས་སྤྱོད་བཟང་བཅས་བྱེད་དགོས་པའི་བསླབ་བྱ་ག་པར་ཕེབས་ཀྱང་གནང་གི་ཡོད། ལྷག་པར་དཔལ་ནཱ་ཎྜའི་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་གནང་བའི་ཐོག་ནས། དེང་དུས་ཚན་རིག་མཁས་དབང་དང་མཉམ་དུ་འགྲོ་བ་སྤྱི་ལ་ཕན་པའི་མིའི་ཀུན་སྤྱོད་བཟང་དུ་གཏོང་རྒྱུའི་ཐོག་བགྲོ་གླེང་ཡང་ཡང་གནང་གི་ཡོད་པ་རེད་ལ། ཁོང་ནས་མུ་མཐུད་གསུངས་གསལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཁོ་ནར་བརྟེན་བོད་པའི་བུད་མེད་ནུས་སྟོབས་ཆེད་དུ་དམིགས་བསལ་གྱི་ཨ་ནི་ཚོར་ད་ཆ་དགེ་བཤེས་མའིི་ཕྱག་ཁྱེར་ཡང་སྤྲད་གསོལ་གསར་གཏོད་མཛད་གནང་ཡོད་པ་རེད། ཁོང་ནས་བོད་པའི་རིགས་གཞུང་གལ་ཆེ་ཡིན་པའི་རྒྱུ་མཚན་མང་པོ་གསུངས། དེ་ནས་རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་ནས་བོད་མིའི་གནས་བབ་ཅེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་དོན།

img_6210

བོད་རྒྱལ་ཁབ་ཀྱི་ཡུལ་གྱི་བཀོད་པ་དང་། སྔ་མོའི་ཆབ་སྲིད་ཀྱི་གནས་སྟངས། རྒྱལ་ཁབ་གཞན་དང་མི་འདྲ་བའི་ཧ་ཅང་གི་ཕྱུག་པའི་རིག་གཞུང་དེ་དག་གིས་བོད་རྒྱལ་ཁབ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་དང་། ལོ་རྒྱུས་ཐོག་ནས་རང་དབང་རང་བཙན་ཁུངས་ལྡན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་སོགས་གསུངས། དེ་ནས་ཚོགས་བཅར་ལ་ཕེབས་པའི་སྐུ་མགྲོན་ཁག་གིས་བོད་དོན་དང་འབྲེལ་བའི་དྲི་བ་གནང་བར་གོང་གི་མཁས་དབང་རྣམ་པས་རིམ་པས་བཀའ་ལན་གསལ་པོ་གནང་། མཇུག་ཏུ་དཔལ་ལྡན་ཚོགས་གཞོན་མཆོག་ནས་བགྲོ་གླེང་གནང་མཁན་གྱི་མཁས་དབང་བཞི་དང་ཚོགས་བཅར་ལ་མཁས་དབང་མང་དག་ཅིག་ཕེབས་འདུག་ན། མ་འོངས་པར་རྒྱ་དཀར་ནག་གཉིས་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་ཐོག་རྣམ་པ་ཚོའི་ངོས་ནས་དོན་དངོས་བོད་ཀྱི་གནད་དོན་གལ་འགངས་ཆེ་ཆུང་གི་བསམ་ཚུལ་འབུལ་གནང་ཡོང་བའི་ཡིད་ཆེས་དང་འབོད་སྐུལ་ཞུ་ཡི་ཡོད། དེང་བློ་ཕམ་པའི་གནས་ཚུལ་ཞུ་རྒྱུ་ལ། རྒྱལ་སྤྱིའི་ས་བཀྲ་ཆེ་ཁག་ནང་བོད་དེ་ཟུར་འདོན་མེད་པ་དང་། ལྷག་པར་ལོ་རྒྱུས་མཁས་པ་རྣམས་ཀྱི་དཔེ་དེབ་ཁག་གི་ནང་དུའང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་མཐོང་དཀོན་པ། མ་འོངས་པར་དེའི་ཐོག་ལའང་དགོངས་བཞེས་གནང་སྐྱོང་ཡོང་བ་ཞེས་ཞུས་ཡོད། དེ་ནས་གསུང་བཤད་གནང་མཁན་མཁས་དབང་རྣམས་ཀྱི་མཁྱེན་པའི་ཡོན་ཏན་ལ་བསྔགས་པ་བརྗོད་པ་དང་སྦྲགས་ཆེ་མཐོང་གུས་ཞུའི་མཇལ་དར་རེ་ཕུལ་ཏེ་བགྲོ་གླེང་ཐོག་ཕེབས་པའི་མཁས་དབང་རྣམ་པ་དང་། གཞན་ཡང་རྒྱ་གར་མཐོ་སློབ་ཁག་བཞི་ནས་ཕེབས་པའི་སློབ་གཉེར་བ་བཅས་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་དང་། ད་རེས་ཀྱི་ལྷན་ཚོགས་འདི་བཞིན་གནང་རྒྱུར་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་ནས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

img_6259