གསུམ་བཅུའི་དུས་དྲན་ཐེངས་ ༤༦ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་འདིར་བོད་ལྗོངས་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་ཏེ་ལོ་༤༦ འཁོར་བའི་དུས་དྲན་མཛད་སྒོའི་དབུ་གཙོར་ཆིབས་བསྒྱུར་བཀྲིན་བསྐྱངས་པ་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་མི་ཕྱེད་དད་པས་ལྷ་ཕྱག་གྲངས་མེད་སྔོན་དུ་སོང་ནས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་ཆུང་གིས་གཙོས་གཞུང་ཞབས་ཆེ་ཕྲ། ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་མི་རྣམ་པ། རྡ་ས་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྡེ་ཁག་གི་འགན་འཛིན་རྣམ་པ། འདིར་འདུས་མང་ཚོགས་བརྒྱུད་གཞིས་བྱེས་བོད་མི་རྣམས་དང་། བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འདྲི་ཞུ་གི་ཡོད།

ཚང་མའི་དགོངས་མངའ་བཞིན། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་རྫོགས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཕྱི་རྒྱལ་བཙན་འཛུལ་བ་རྒྱ་དམར་གྱི་དྲག་དཔུང་ལ་འཚེ་མེད་ཞི་བའི་ལམ་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱེད་སྒོ་སྤེལ་ཏེ་ད་ཆ་ལོ་༤༦ འཁོར་ཞིང་། དུས་ཡུན་དེའི་རིང་རྒྱ་དམར་གྱིས་བཙན་གནོན་གདུག་རྩབ་མི་བཟད་པའི་འོག་ཉེས་མེད་བོད་མི་ཁྲི་ཚོ་བཅུ་གཉིས་བརྒལ་བ་དུས་མིན་འཆི་རྐྱེན་བྱུང་བ་དང་། ད་དུང་ཡང་བོད་མི་མང་པོ་ཞིག་ལ་མ་ཉེས་ཁག་གཡོག་གིས་ཉེས་མིང་སྣ་ཚོགས་འོག་དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་པར་བརྟེན་འདས་སོན་དེ་རྣམས་ཀྱི་རྒྱལ་གཅེས་དཔའ་འཛངས་སྙིང་སྟོབས་ལ་གུས་བཀུར་ཆེ་བསྟོད་རྗེས་དྲན་ཞུ་བ་དང་སྦྲགས་ཁོང་ཚོའི་ཡིད་ལ་བརྣགས་པའི་འདོད་དོན་བོད་ལྗོངས་རང་དབང་གཙང་མའི་རྒྱལ་ཁ་མྱུར་དུ་ལོན་པ་དང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་ཤིང་རྗེས་སུ་འཛིན་པའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན།

འདས་པའི་ལོ་༤༦ རིང་བོད་ནང་གི་བྱུང་རིམ་གནས་སྟངས་ལ་ཕྱི་མིག་བལྟས་ཚེ། རྒྱ་དམག་དྲག་དཔུང་གིས་བོད་ཡུལ་མ་བདག་བདག་བཟུང་ཐོག་བཙན་གནོན་དབང་བསྒྱུར་འབུ་ཆེས་ཆུང་བཟོས་ལྟ་བུ་བྱས་པའི་ངན་འབྲས་སུ་བོད་ནང་ཆབ་སྲིད་འཕོ་འགྱུར་ཅི་ཆེའི་དབང་གིས་བོད་མིའི་རླབས་ཆེན་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་ཁྲི་ཚོ་བརྒྱད་ཙམ་རང་ཡུལ་དོར་ཏེ་མི་ཡུལ་ས་མཐར་སྐྱབས་བཅོལ་དུ་མ་ཕེབས་མཐུ་མེད་ཀྱིས་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱར་ནས་ལུས་སེམས་ཀྱི་དཀའ་ཚེགས་ཚད་མེད་རྒྱུན་འབྱམས་སུ་མྱང་དང་མྱོང་དགོས་བྱུང་བའི་ཐོག བོད་ནང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་བཏང་སྟེ་མི་སྤྱོད་ལས་འདས་པའི་མནར་གཅོད་དཀའ་སྦྱོང་མྱང་དང་མྱོང་བཞིན་པ་དང་། ལྷག་པར་རིག་གནས་གསར་བརྗེ་དང་། རྒྱལ་གཅེས་ཆོས་གཅེས་ཟེར་བའི་མིང་ཐོག་ནས་ཆོས་བྱེད་དགེ་བཙུན་རྣམས་ཀྱིས་ཆོས་བྱེད་རང་དབང་ཐོབ་ཐང་ཕྲོགས་ཤིང་། བོད་མིའི་སྲོག་ལས་གཅེས་པའི་ཤེས་ཡོན་གྱི་བསྟི་གནས་དགོན་སྡེ་གྲྭ་ཚང་སྟོང་ཕྲག་མང་པོ་རྩ་གཏོར་རྨེག་མེད་དུ་བཏང་སྟེ་རྩ་ཆེའི་སྐུ་གསུང་ཐུགས་རྟེན་རིན་ཐང་ཅན་རྣམས་དང་། བོད་མིའི་ཕ་མེས་ཀྱི་རྒྱུ་ནོར་ལོངས་སྤྱོད་དང་བཅས་པ་བཙན་ཕྲོགས་ཀྱིས་རྒྱ་ནག་ཏུ་དབོར་ཁྱེར། ཡུལ་གྱི་རང་བྱུང་གཏེར་དངོས་རྣམས་ཚད་ལས་བརྒལ་བའི་བསྔོགས་བཏོན་ཐོག་གདོད་མའི་ནགས་ཚལ་རྣམས་བཅད་འབྲེགས་ཀྱིས་ཐོན་སྐྱེད་རྣམས་རྒྱ་དམར་གྱིས་བདག་བེད་བྱེད་བཞིན་པ་སོགས་ཡུལ་གྱི་ཁོར་ཡུག་སྣོད་བཅུད་དང་བཅས་པར་ཉམས་ཉེས་གནོད་འཚེ་ཚབས་ཆེ་བཏང་བའི་ཉེར་ལེན་གྱིས་འབྱུང་བའི་རྐྱེན་ངན་གོད་ཆག་སྣ་ཚོགས་རིམ་ཅན་དུ་མྱོང་དགོས་པས་མཚོན་མདོར་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དེ་སྔ་བྱུང་མ་མྱོང་བའི་ཆགས་འཇིག་གི་སོ་མཚམས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་པའི་གནས་ལུགས་རྣམས་ད་རེས་གོ་སྐབས་དང་བསྟུན་ཡིད་ལ་དྲན་ཞིང་། དགོས་དོན་སྙིང་པོ་བོད་ལྗོངས་རང་དབང་སླར་གསོའི་ལས་ཐབས་གང་ཅིར་རང་གི་ཤེས་ནུས་ཀྱི་གང་ལྡེང་ལྷག་བསམ་ཐེག་པ་འཁུར་ལེན་ཆེ་བསྐྱེད་བྱ་རྒྱུའི་སྙིང་སྟོབས་དང་དམ་བཅའ་བསྐྱར་གསོ་བྱེད་དགོས་པ་ཡིན།

བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཕན་ཚུན་གྲོས་མོལ་ཞི་མཐུན་གྱི་ལམ་ནས་སེལ་རྒྱུ་ལས་ཐབས་ལམ་བཟང་བ་གཞན་དུ་མ་མཆིས་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་དུ་བཞུགས་པའི་གནས་སྐབས་སུའང་བོད་སྡོད་རྒྱ་དམར་གྱི་ཞི་དྲག་འགོ་ཁྲིད་རྣམས་དང་། རྒྱ་གཞུང་བཅས་པར་ཐབས་མཁས་ཐུགས་རྗེའི་ལམ་ནས་མེས་འཚིགས་མེར་གཏུགས་ཀྱི་འབྲེལ་མོལ་ལུ་གུ་རྒྱུད་སྦྲེལ་མཛད་པ་མ་ཟད། ཕྱི་ལོ་༡༩༧༩ ལོའི་ནང་བོད་ཕྱི་ནང་འགྲོ་འོངས་ཀྱི་ལམ་སྒོ་ཕྱེས་ཤིང་། བོད་རྒྱའི་དབར་འབྲེལ་ལམ་གསར་མཐུད་ཀྱི་རྗེས་འབྲེལ་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་གིས་གྲོས་འགོ་བཏོན་པ་ནང་གསལ། བོད་རང་བཙན་གྱི་གནད་དོན་མ་གཏོགས་དོན་གནད་གང་ཡང་ཕན་ཚུན་གྲོས་མོལ་འགྲིག་འཇགས་ཡོང་གནས་ཞེས་གསུངས་དོན་ལྟར་གོ་སྐབས་དེ་དང་བསྟུན་ཏེ་རྒྱ་ནག་དང་བོད་བཅས་སུ་བཙན་བྱོལ་གཞུང་གི་ཆེས་མཐོའི་གཟིགས་སྐོར་སྐུ་ཚབ་སྔ་རྗེས་སུ་ཆེད་བརྫངས་གནང་བ་དང་། དེ་རྗེས་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། སི་ཊ་སི་སྦག་ཏུ་གསུང་བཤད་བསྩལ་བ་སོགས་དབུ་མའི་ལམ་གྱི་ཐབས་ཚུལ་ལྷུར་བཞེས་ཀྱིས་བོད་རྒྱ་གཉིས་སྨན་སླད་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་ལྷག་བསམ་རྣམ་དག་གི་དགོངས་བཞེས་རིམ་བསྟུད་གནང་བར་གཟུར་གནས་སྐྱེ་བོ་ཡོངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་བོད་རྒྱ་གཉིས་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་པའི་གནོན་ཤུགས་སྒོ་གང་ས་ནས་གནང་མུས་ཀྱང་། ད་ཕན་རྒྱ་ནག་གཞུང་ནས་རྣམ་དོག་དང་མཁྲེགས་བཟུངས་ཁོ་ནས་ཡ་ལན་བདག་སྤྲོད་ཚུལ་བཞིན་མ་བྱས་པར་སོང་ལོ་མང་རིང་ནར་འགྱངས་སུ་ལུས་ཤིང་། འོན་ཀྱང་ཉེ་བའི་ཆར་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཐུབ་པ་བྱུང་སྟེ་༸གོང་ས་མཆོག་གི་འབྲེལ་མཐུད་སྐུ་ཚབ་ཚོགས་ཆུང་རྒྱ་ནག་དང་བོད་ཀྱི་ས་ཁུལ་འགའ་ཞིག་ནང་ངོ་ཕེབས་ཐུབ་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་གང་ལེགས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། དུས་རབས་ཉེར་གཅིག་པ་འགོ་འཛུགས་དང་བསྟུན་འཛམ་གླིང་ནང་རྩོད་རྙོག་འགལ་འདུའི་རིགས་ཕན་ཚུན་གཉིས་སྨན་སླད་ཞི་མོལ་གྲོས་བསྡུར་གྱི་ལམ་ནས་གཙང་སེལ་འགྲིག་འཇགས་ཡོང་ཐབས་གཙོ་འདོན་གནང་མུས་ལྟར་རྒྱ་ནག་གི་ད་ཡོད་འགོ་ཁྲིད་གཞོན་རབས་ཚོས་ཀྱང་བློ་སྟོབས་ཆེ་ཙམ་བླང་སྟེ་གྲོས་མོལ་དངོས་གཞི་འགོ་འཛུགས་གང་མགྱོགས་ཐུབ་པའི་ཁ་ཞེ་གཉིས་མེད་ཀྱི་བསམ་ཞིབ་ལག་བསྟར་ཐུབ་ཚེ་རྒྱ་ནག་གི་ཆེ་མཐོང་དང་། ཡུལ་གྱི་ལྷིང་ཆགས། བོད་རྒྱ་གཉིས་གནའ་འབྲེལ་དམ་ཟབ་ཡུན་གནས་ཡོང་རྒྱུ་བཅས་ལ་བརྟེན་རྒྱ་ནག་གཞུང་ནས་ཞི་མོལ་གྲོས་བསྡུར་འགོ་འཛུགས་མགྱོགས་ནས་མྱུར་དུ་ཐུབ་ཐབས་དང་། རྒྱལ་ཁབ་གཞན་ནས་ཀྱང་ད་མུས་བཞིན་རྒྱབ་གཉེར་ཕན་གྲོགས་གནད་བསྣུན་རྒྱུན་བསྲིང་ཡོང་བའི་ད་རེས་གོ་སྐབས་འདི་བརྒྱུད་འབོད་བསྐུལ་ནན་ཆེ་ཞུ་རྒྱུ་ཡིན།

སྔོན་དུ་རྒྱལ་གཅེས་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་མ་ཉེས་ཁག་གཡོག་གིས་ཉེས་པ་སྲོག་ཐོག་གཏོང་རྒྱུར་ཁྲིམས་ཐག་བཅད་རྗེས་ལོ་གཉིས་ཀྱི་འཕར་འགྱངས་དུས་ཚོད་ཉེ་བར་སླེབས་པ་ན། སྲོག་ཁྲིམས་དེ་དག་ཕྱིར་འཐེན་ཐོག དོ་དམ་བཙོན་འོག་ནས་གློད་བཀྲོལ་ཡོང་ཐབས་སྐོར་བོད་མི་མང་ཚོགས་དང་། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག ཆབ་སྲིད་དང་གྲོས་ཚོགས་མི་སྣ་ཁག སྲིད་གཞུང་ཁག་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱལ་སྤྱིའི་ནང་ལས་འགུལ་སྣ་ཚོགས་སྤེལ་ཐོག་གནོན་ཤུགས་སྤྲད་པའི་ཉེར་ལེན་གྱིས་འཛམ་གླིང་མང་ཚོགས་མདུན་སར་རྒྱ་ཕྱོགས་ནས་རང་འགར་སྡིག་པ་མིག་བརྩམ་བྱ་སྤྱོད་ལག་བསྟར་མ་ཐུབ་པའི་གྲུབ་འབྲས་བཟང་པོ་བྱུང་བར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། འོན་ཀྱང་ཉེས་པ་བརྗེ་སྒྱུར་བྱས་པ་འདིས་ཕྱོགས་གཅིག་ནས་རྒྱ་ནག་གི་ཁྲིམས་ཞིབ་ལས་དོན་མཐའ་དག་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་དྲང་བདེན་ཡིད་རྟོན་འཕེར་ངེས་མེད་པར། རང་འདོད་གྱོད་འཛུགས་ཉེས་འགེལ་བྱ་ཆོག་ཡོད་པའི་རྣམ་པ་ཡང་མངོན་པས་འབྱུང་འགྱུར་བོད་མི་དྲག་ཞན་སུ་ལའང་འདི་རིགས་མི་འབྱུང་བ་དགོས་ཞེས་ཐེར་འདོན་བྱ་རྒྱུ་ཡིན།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་རྣམས་རྒྱ་དམར་གྱིས་དོ་དམ་འཛིན་བཟུང་བྱས་ཏེ་ད་ཆ་ལོ་ངོ་བཅུ་འགྲོ་ཉེའི་སྐབས་སུའང་ཁོང་རྣམས་གར་ཡོད་མི་ཤེས་པའི་སྐུ་ཕྱྭའི་ཉེན་འགན་བློ་ཚབས་ཀྱི་གནས་སུ་གྱུར་ཅིང་། ལོ་བཅུ་འཁོར་ཉེའི་དུས་ཚིགས་ཁྱད་པར་ཅན་འདི་རྩ་ཆེར་བཟུང་སྟེ་པཎ་ཆེན་རིན་པོ་ཆེ་སྐུ་འཁོར་རྣམས་གློད་བཀྲོལ་ཐོག པཎ་ཆེན་གོང་མ་རྣམས་ཀྱི་གདན་ས་རང་གི་སྐྱོང་ཡུལ་ཆོས་སྡེ་བཀྲིས་ལྷུན་པོར་ཞབས་སོར་འཁོད་དེ་གཞུང་ལུགས་རབ་འབྱམས་རྒྱ་མཚོར་གསན་བསམ་སློབ་གཉེར་སོགས་གོང་མའི་མཛད་པ་བདག་གིར་བཞེས་རྒྱུའི་གོ་སྐབས་སྐྲུན་ཐབས་སྐོར་ལོ་འདིར་རྒྱལ་སྤྱིའི་ནང་ལས་འགུལ་སྣ་ཚོགས་ཤིག་སྤེལ་གནང་དགོས་པའི་དམིགས་བསལ་འབོད་བསྐུལ་ཞུ་རྒྱུ་ཡིན། དང་འཇིག་རྟེན་གྱི་བྱ་གཞག་གང་དུའང་བསོད་ནམས་ཀྱི་རྒྱབ་རྟེན་མེད་དུ་མི་རུང་བར་སོང་བོད་མིའི་རྩ་དོན་བསྒྲུབ་བྱ་བོད་ལྗོངས་རང་དབང་སླར་གསོའི་མཛད་དོན་གོང་ནས་གོང་འཕེལ་འགྱུར་བ་དང་། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གསོག་སླད་ཁ་སྔོན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཆོས་ལུགས་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམས་ལྷན་འཛོམས་ཐོག་ཚོགས་གཉིས་ཀྱིས་མཆོད་འབུལ་དགེ་སྱོར་རྒྱ་ཆེ་སྨིན་བསྒྲུབས་གནང་བའི་འབྲས་བཟང་དུས་སུ་སྨིན་རྒྱུ་ནི་ལས་འབྲས་བསླུ་མེད་ལ་སོང་འདི་ནས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་།

འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བདུན་ཅུར་ཕེབས་རྒྱུའི་དུས་ཚིགས་ཁྱད་འཕགས་ཅན་ཞིག་འཁེལ་བར་བརྟེན་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། རླབས་ཆེན་མཛད་བཟང་ཡར་ངོའི་ཟླ་ལྟར་གོང་ནས་གོང་འཕེལ་ཡོང་སླད་བླ་ལྷའི་ཐུགས་དམ་དགོངས་དོན་རང་ལུགས་ཞབས་བརྟན་རྒྱ་ཆེ་གནད་སྨིན་འབད་བསྒྲུབ་ཐོག གཞུང་མང་གཉིས་ཐོག་ནས་བརྟན་བཞུགས་བསྟར་འབུལ་རྒྱས་བཤམ་དང་། སྐུའི་འཁྲུངས་སྐར་དུས་ཆེན་རྒྱས་པ་སྲུང་བརྩི་གནང་འཆར་ཡོད་པ་ནི་ཡིད་སྤྲོ་བརྟས་ཤིང་། གཙོ་ཆེ་རང་རེ་གཞིས་བྱེས་བོད་མི་རྣམས་ཡུལ་ལུང་ཕྱོགས་རིས་འཐེན་ཁྱེར་མེད་པར་མཐུན་ལམ་ཟོང་ཁ་ཆིག་སྒྲིལ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱིས་བླང་དོར་བཀའ་སློབ་རྣམས་རང་མཁོ་ཡོད་མིན་ལ་མ་ལྟོས་པར་རྒྱབ་མདུན་ངོ་ལྐོག་མེད་པར་ཐོད་བཅིངས་ཀྱིས་བཀའ་བཞིན་བསྒྲུབ་པ་མཆོད་པས་མཉེས་པ་བྱ་རྒྱུའི་ཐོག དུས་ཀྱི་དགོས་མཁོ་དང་བསྟུན་རྒྱལ་ཞེན་ལྷག་བསམ་སྔ་སོར་ཆུད་ཐབས་བྱ་རྒྱུ་བཅས་ནི་ནང་གི་ཞབས་རིམ་ཡང་ཡིན་པས་ཚང་མས་རང་དོན་རང་གཅེས་དོན་གཉེར་འབད་བསྒྲུབ་དགོས་ཀྱི་འདུག་པ་དང་། སྐུའི་ཉེན་སྲུང་ཞུ་སྒོར་རྒྱ་གར་དབུས་སའི་གཞུང་དང་། འབྲེལ་ཡོད་བདེ་སྲུང་ལས་ཁུངས་བཅས་ནས་ཐུགས་ཁུར་ཆེ་བསྐྱེད་གནང་མུས་ལྟར། སྐུའི་གསང་གསུམ་ལ་འགལ་རྐྱེན་ཉེར་འཚེ་ཕྲ་མོས་ཀྱང་མ་རེག་པའི་ཉིན་མཚན་བྱ་ར་དང་མེལ་ཚེ་ལྷོོད་གཡེང་འཐུས་ཤོར་མེད་པ་སྔར་ལྷག་ཡིད་གཟབ་དགོས་གལ་བཅས།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་ཞབས་ཟུང་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༢༠༠༥ ཟླ་༣ ཚེས་༡༠ ལ། །

Menu