མིང༌། ཚེ་རིང་ལྷ་མོ།

༄༅། །ཕྱི་ལོ་ ༡༩༨༧ ལོར་རྔ་བ་རྫོང་གི་འབྲིང་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན། དེ་རྗེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གླིང་དུ་ལོ་བཞིའི་རིང་བོད་ཀྱི་ཐུན་མོང་རིག་གནས་དང་བོད་རྒྱ་ཡིག་བསྒྱུར་ལ་ཆེད་སྦྱོང་བྱས། ༡༩༩༡ ལོར་རྔ་བ་རྫོང་སྲིད་གྲོས་ལས་ཁུངས་སུ་བོད་རྒྱ་ཡིག་བསྒྱུར་གྱི་བྱ་བ་བསྒྲུབས། ༡༩༩༢ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར། ༩༣ ལོར་བོད་གཞུང་གིས་བོད་རྒྱ་སྐད་གཉིས་སྨྲ་བའི་གཞུང་ཞབས་གསར་འདེམས་ཀྱི་ཚང་རྒྱུགས་སུ་ཞུགས། བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་དྲུང་གཞོན་ལས་རོགས་དང་དྲུང་གཞོན་ཀྱི་ལས་འགན་ཐོག་ལོ་དྲུག་རིང་ཉམས་ཞིབ་ཀྱི་ལས་ཀ་བྱས།  དུས་མཚུངས་སུ་རྩོམ་པ་པོ་འཇམ་དཔལ་རྒྱ་མཚོས་བརྩམས་པའི་༼ སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ། ༽ ཞེས་པའི་དེབ་དེ་བོད་བསྒྱུར་དང༌། དེ་རྗེས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་ ༼ ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། ༽ བོད་ཡིག་ཏུ་མཉམ་བསྒྱུར་ཞུས། ༡༩༩༩ ལོར་ཐའེ་ཝན་དུ་བསྐྱོད། སྔ་ཕྱིར་ལོ་བརྒྱད་རིང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་གསར་འགོད་པའི་ལས་ཀ་བྱས།

༢༠༠༨ ལོ་ནས་སླར་ཡང་རང་གཞུང་བདེ་སྲུང་ལས་ཁུངས་སུ་ཟུང་འབྲེལ་དྲུང་ཆེའི་ལས་འགན་ལོ་གསུམ་དང་། དེའི་རྗེས་ཕྱི་དྲིལ་ལས་ཁུངས་སུ་ལོ་ལྔ་ཙམ་ལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་དང་། གཞུང་འབྲེལ་རྒྱ་ཡིག་དྲྭ་རྒྱའི་རྩོམ་སྒྲིག་པའི་འགན་ཁུར། ༢༠༡༦ ལོར་བོད་མི་མང་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་། ལས་ཞོར་དུ་༸གོང་ས་མཆོག་གི་མཛད་རྣམ་ ༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས། ༽ རྒྱ་ཡིག་ཏུ་བསྒྱུར་ཅིང་། ༢༠༡༩ ལོའི་༸སྐུའི་འཁྲུངས་སྐར་ཉིན་ཐའེ་ཝན་ནས་པར་བསྐྲུན་འགྲེམས་སྤེལ་ཞུས་ཡོད་པ་དང་། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །