མིང༌། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།

གུས་མོ་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ཕྱི་ལོ་ ༡༩༧༢ ལོར་སྦེལ་ཀོབ་གཞིས་ཆགས་སུ་སྐྱེས་ཤིང་། བོད་ཡིག་དང་ཨིན་ཧིན་གསུམ་ལ་སྦྱངས་པ་བྱས་མཐར། ཕ་དམ་པས་བོད་གཞུང་གི་ཐུགས་འགན་རྒྱུན་རིང་བཞེས་པའི་བཀའ་སློབ་ལམ་སྟོན་བཅས་ལ་བརྟེན་བོད་སྤྱི་པའི་སྒྲིག་འཛུགས་དང་། བོད་དོན་བདེན་མཐའ་གསལ་ཐབས་སོགས་ལ་ཞབས་ཕྱི་ཞུ་རྒྱུའི་འདུན་པ་བྱུང་བ་ལྟར། ཕྱི་ལོ་ ༢༠༠༡ ལོར་མདོ་སྟོད་སེར་སྐྱ་མང་ཚོགས་ཀྱིས་སྐབས་ ༡༣ པའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་། དེ་རྗེས་སྐབས་ ༡༤། ༡༥། ༡༦། བཅས་སུ་སྤྱི་འཐུས་ཀྱི་ལས་འཁུར་བླངས་ཏེ། ༸གོང་ས་མཆོག་གི་བཀའ་དགོངས་སྤྱི་དང་། གྲོས་ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་གནང་བའི་དགོངས་དོན་འགལ་མེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་ཕུལ་བ་བཞིན་འཛེམས་ཟོན་ངོ་སྲུང་སྤང་བའི་འགན་འཁུར་གང་ཐུབ་ཞུས།

བཙན་བྱོལ་གཞིས་ཆགས་ཁག་ཏུ་ཕྱོགས་བསྐྱོད་སྐབས་རྒས་ཁོག་ཉམས་ཐག་དང་། སློབ་ཕྲུག་སོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་གྱིས་འབྲེལ་ཡོད་ལྷན་ཁང་ཁག་ནས་མཐུན་འགྱུར་སྦྱར་ཐབས་ཞུས། བྱང་ཨ་རི་དང་། ར་ཤི་ཡ། ཨོ་སི་ཏྲོ་ལི་ཡ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་སུ་ཆེད་བཅར་གྱིས་བོད་དོན་ཞུ་བསྐུལ་བྱས། ཕྱི་ལོ་ ༢༠༡༢ ལོར་ཁེ་ཎ་ཌའི་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལ་མཉམ་ཞུགས་དང་། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་གོ་སྒྲིག་ཚོགས་ཆུང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སོགས་ནང་འགན་ཁུར་ཞུས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་བཅས་ཀྱི་འགན་འཁུར་ཐེངས་མང་ཞུས། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་ལས་འཁུར་བྱ་མུས་ཡིན། ལྷག་པར་དུ་ལས་དོན་ཐམས་ཅད་ཁྲིམས་ལུགས་ཁོ་ནའི་དབང་བསྒྱུར་འོག་བསྐྱོད་ཐབས་དང་། བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་ཐབས་སོགས་ཀྱི་ཕྱིར་དུ་བོད་མིའི་སྒྲིག་འཛུགས་གཞུང་མང་ནུས་པ་གཅིག་འདུས་དགོས་གནད་ཆེ་བར་ངོས་འཛིན་དང་། ད་བར་གྱི་ཉམས་མྱོང་བཅས་ལ་བརྟེན་འབད་བརྩོན་ཞུ་སེམས་ཡོད་ལགས་ན། སྐབས་ ༡༧ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན། མདོ་སྟོད་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་སྔར་བཞིན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །