མིང་། དོན་གྲུབ་བཀྲ་ཤིས།

༄༅། །ཁོ་བོའི་མིང་ལ་དོན་གྲུབ་བཀྲ་ཤིས་དང་། སྤྱི་འཐུས་ལས་ཐོག་པ་ཡིན། ཕྱི་ལོ་ ༡༩༧༡ ཟླ་ ༠༦ ཚེས་ ༠༣ ཉིན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་སྐྱེས། ལ་དྭགས་བོད་ཁྱིམ་སློབ་གྲྭ་དང་དྷ་ས་བོད་ཁྱིམ་སློབ་གྲྭ་བཅས་ནས་གཞི་རིམ་གྱི་སློབ་གཉེར་ཡོངས་སུ་བྱ་རྒྱུའི་གོ་སྐབས་ཐོབ་པ་དང་། དཔལ་འབྱོར་རིག་པའི་སྟེང་གཙུག་ལག་རབ་འབྱམས་པ་དང་། གསར་འགོད་རིག་གནས་དང་དགེ་རྒན་འོས་སྦྱོང་གི་སློབ་གཉེར་མཐར་ཕྱིན་བྱས།

ལོ་བཅུ་བཞིའི་རིང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ནང་དགེ་རྒན་གྱི་ལས་དོན་གྲུབ་པ་དང་། ལོ་གཉིས་རིང་ལ་དྭགས་གླེ་ལམ་སྒྲོན་མཐོ་འབྲིང་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་སྟེང་སློབ་དཔོན་གྱི་ལས་དོན་གྲུབ། ཕྱི་ལོ་ ༢༠༡༠ ལོར་ལ་དྭགས་བོད་མིའི་གཞིས་ཆགས་ཀྱི་མི་མང་གིས་འོས་འདེམས་བྱས་པའི་ས་གནས་འགོ་འཛིན་ཐོག་མའི་སྐབས་འོས་ཐོབ་ (༧༨%) ཐོབ་པ་དང་།  ཕྱི་ལོ་ ༢༠༡༣ ལོར་སླར་ཡང་མི་མང་གིས་སྔར་ལས་ཚད་མཐོའི་རྒྱབ་སྐྱོར་འོག ཐེངས་གཉིས་པའི་སྐབས་འོས་ཐོབ་ (༩༥.༥%) བྱུང་སྟེ། ས་གནས་འགོ་འཛིན་དུ་སྔ་ཕྱིར་བསྐོ་བཞག་བྱས་པ་བཞིན་ལས་དོན་འཐུས་ཚང་རང་ནུས་ཅི་ལྕོགས་ཀྱིས་གྲུབ་ཁུལ་ཡིན། ས་གནས་འགོ་འཛིན་བྱེད་ཞོར་ས་གནས་ཀྱི་འོས་བསྡུའི་འགན་འཛིན་ལོ་དྲུག་དང་། ས་གནས་ཁྲིམས་ཞིབ་པ་ལོ་གཉིས་ལྷག་ཙམ་བྱས། ༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་དབང་སོ་གསུམ་པ་བསྩལ་པའི་སྐབས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡང་བྱ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ།  ཕྱི་ལོ་ ༢༠༡༦ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ་ལོ་ལྔའི་རིང་ལས་ཁུར་ཧུར་ཐག་ཞུས་ཡོད།  ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །