མིང༌། མི་འགྱུར་རྡོ་རྗེ།

༄༅། །གུས་མི་འགྱུར་རྡོ་རྗེ་བོད་ལྗོངས་མངའ་རིས་ས་ཁུལ་མཐོ་ལྡིང་དུ་སྐྱེས། བཙན་བྱོལ་དུ་འབྱོར་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་འཁྲིད་མཛད་པའི་བོད་གཞུང་དང་རྒྱ་གར་གཞུང་གིས་མཐུན་འགྱུར་བཀའ་དྲིན་འོག་གཞི་རིམ་སློབ་གྲྭ་དང་། ཕྱི་ལོ་ ༡༩༧༥ ལོར་མཐོ་སློབ་ཐོན། ༡༩༧༦ ལོར་གཞུང་ཞབས་སུ་ཞུགས། མི་ལོ་ཧྲིལ་པོ་ ༣༧ རིང་གཞུང་གི་ཞབས་ཞུ་ཞུས་པའི་ཁོངས་འགན་ཁུར་ཆེ་གྲས་ཁག  ལ་སྤྱི་དང་། ལྡི་ལི་དོན་ཁང་དྲུང་ཆེ། ༸གོང་ས་༸སྐྱབས་མགོན་ཆེན་པོར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་ ༡༩༩༡ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་དང་། ༡༩༩༥ ལོར་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ། ༡༩༩༧ ལོར་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་ཨིན་ལེན་སྐུ་ཚབ་དོན་གཅོད་དང་། དེ་རྗེས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ། ལྷོ་ཨ་ཕི་རི་ཁ་བཅས་རྒྱལ་ཁབ་འདྲ་མིན་ནང་༸རྒྱལ་བའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ལོ་ ༡༥ རིང་ཞུས། ཕྱི་ལོ་ ༢༠༠༥ ལོར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་བཀའ་ཤག་སྐབས་ ༡༢ དང་ ༡༣ བཅས་ནང་བཀའ་དྲུང་གི་འགན་འཁུར་ཞུས། རང་གི་མི་ཚེའི་དྭང་མ་དེ་བོད་གཞུང་མང་གི་ཞབས་འདེགས་སུ་ཕུལ་ཐུབ་པ་དེ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཡོད་སྙམ་པའི་དགའ་སྤོབས་རྒྱུན་དུ་གནས། ༢༠༡༦ ལོར་དམ་གཙང་དབུས་གཙང་མང་ཚོགས་ཀྱི་ཐུགས་རེ་བཞིན་སྐབས་ ༡༦ པའི་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་བྱུང་། འདས་པའི་ལོ་བཞི་ལྷག་རིང་མང་ཚོགས་ཀྱི་མངོན་འདོད་དང་རང་གི་དམ་བཅའ་བཅས་དམ་འཛིན་གྱིས་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་མཚན་སྙན་དང་མཛད་འཕྲིན་ལ་ཕྱི་ནང་སུ་ཐད་ནས་དོ་ཕོག་འབྱུང་གཞིའི་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གདོང་ལེན་ཐེ་ཚོམ་མེད་པ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟན་སྲིད་ལས་དོན་ཐོག་རང་གི་ལོ་མང་ཉམས་མྱོང་ལ་གཞིགས་ཏེ་དགེ་སྐྱོན་ཡོ་བསྲང་དང་ཕྱར་གྲུ་མཉམ་འདེགས་ཞུ་འོས་གྲོས་ཚོགས་ཀྱི་ཕྱི་ནང་གང་བདེའི་ལམ་ནས་ཞུས། དེ་བཞིན་ཁྲིམས་མཐུན་དྲང་བདེན་ལས་འགུལ་རིགས་ལ་རྒྱབ་སྐྱོར་ཞུ་འོས་ཞུས་དང་ཞུ་བཞིན་ཡོད་པ། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །