མིང་། དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན།

༄༅། །དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནི་མདོ་ཁམས་ནག་ཆུ་ཧོར་སྦྲ་ཆེན་རྫོང་ཁོངས་སུ་སྐྱེས་ཤིང་ཆུང་ནས་ཡི་གེ་འབྲི་ཀློག་དང་། བརྡ་དག་སྙན་ངག གསོ་བ་རིག་པ། ཆོ་ག་ཕྱག་ལེན་སོགས་སློབ་སྦྱོང་ལོ་མང་རིང་བྱས། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་དུ་འབྱོར་ནས་བགྲང་བྱ་བཅོ་ལྔའི་རིང་དུ་གདན་ས་སྨན་རིར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་སྒྲུབ་ཀྱི་སློབ་སྦྱོང་དང་། ཐུན་མོང་རིག་གནས་བརྡ་དག་སྙན་ངག་རྩིས་དཀར་ནག་ཐིག་རྡུལ་ཚོན་སྨན་དང་བཅས་པ་སློབ་སྦྱོང་མཐར་ཕྱིན་ཏེ་ ༢༠༢༠ ལོར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ།

ལས་ཀའི་ཉམས་མྱོང་སྐོར། གཡུང་དྲུང་བོན་གྱི་དཔེ་མཛོད་དང་། གཡུང་དྲུང་བོན་གྱི་དྲ་རྒྱ། སྨན་རི་ཚང་གི་རྒྱུན་ལས། སྨན་རིའི་གྲ་ཚང་གི་གཉེར་པ་ཆེན་མོ།   ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་ཚོགས་གཞོན་བཅས་ལོ་མང་རིང་ལས་ཁུར་ཞུས་ཡོད།  རྒྱལ་སྤྱིའི་ཚོགས་འདུའི་སྐོར། རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་ཆེན་ཁག་དང་། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་དང་། གཞན་ཡང་མཐོ་སློབ་ཁག་ལ་རྒྱལ་རབས་ལོ་རྒྱུས་རིག་གནས་སོགས་བགྲོ་གླེང་གཏམ་བཤད་དུ་མར་བྱས་དང་བྱེད་བཞིན་ཡོད། རྩོམ་རིག་སྐོར།  སྔ་ཕྱིར་དཔྱད་རྩོམ་དེབ་ཕྲེང་གཉིས་དང་། བོན་སྒོ་གཙོས་པའི་བོད་ཕྱི་ནང་གི་དུས་དེབ་དང་དྲ་རྒྱ་སོགས་ལ་རྩོམ་རིགས་སྣ་མང་སྤེལ་མྱོང་ཡོད།

ད་ལྟའི་ལས་གནས། བོད་ཀྱི་བོན་པོའི་ཚོགས་པའི་རྒྱུན་ལས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན། བོན་སྒོ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་ཚོགས་མི། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བཅས་བྱེད་མུས་ཡིན་པ་བཅས་ཀྱི་ངོ་སྤྲོད་གནད་བསྡུས་སུ།  །