མིང་། ཀུན་དགའ་བསོད་སྟོབས།

༄༅། །སྐབས་ ༡༧ པའི་བཀའ་བརྒྱུད་སྤྱི་འཐུས་དངོས་གཞིའི་འོས་མི་གཏེར་སྒར་ཀུན་དགའ་བསོད་སྟོབས་ནི། ཕྱི་ལོ་ ༡༩༨༠ ཟླ་ ༠༡ ཚེས་ ༠༡ ཉིན་མདོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་སུ་སྐྱེས། ཆུང་དུས་ནས་ཕ་ཡུལ་གྱི་སློབ་གྲྭ་ལ་ལོ་མང་རིང་སློབ་སྦྱོང་བྱས། ཕྱིས་སུ་བོད་གཏེར་སྒར་དགོན་དུ་ཆོས་སྒོར་ཞུགས་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ཅིང་། འགྲོ་མགོན་བཀའ་བརྒྱུད་པའི་ཞལ་འདོན་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་སོགས་ལ་སྦྱངས་བརྩོན་བྱས།

ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་འབྱོར་ནས་བཀའ་བརྒྱུད་པའི་གདན་ས་ཆེན་མོ་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭར་ཞུགས་ཏེ་ལོ་ངོ་དུ་མའི་རིང་རྒྱལ་བ་བཀའ་བརྒྱུད་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས། གཞན་ཡང་འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལོ་ངོ་བཞི་ལྷག་རིང་རི་བོ་དགེ་ལྡན་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་པ་དང་།  ཕྱི་ལོ་ ༢༠༠༧ ལོར་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་བཀའ་མངགས་འོག་གནས་མཆོག་རྡོ་རྗེ་གདན་དུ་གསར་བཞེངས་གནང་བའི་གཏེར་སྒར་དགོན་པའི་སྤྱི་ཁྱབ་འགན་འཛིན་གྱི་ལས་འཁུར་བླངས། དུས་དེ་ནས་བཟུང་ད་ལྟའི་བར་གཏེར་སྒར་དགོན་པའི་སྤྱི་ཁྱབ་འགན་འཛིན་དང་། སྐབས་ ༡༦ པའི་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་དང་། སྐབས་ ༡༧ པའི་སྤྱི་འཐུས་ཀྱི་འགན་ཁུར་ཞུ་མུས་དང་། རང་ནུས་གང་ལྕོགས་ཀྱིས་བོད་བསྟན་སྲིད་མི་རིགས་ལ་སྲི་ཞུ་སྒྲུབ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །