Posts by དྲྭ་གཉེར་པ།

Posts by དྲྭ་གཉེར་པ།

གསར་འགོད་གསལ་བསྒྲགས།

༄༅། །སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག བོད་ནང་གི་དཀའ་ངལ་གནས་སྟངས་སྤྱི་དང༌། ལྷག་པར་དུ་རྔ་བ་ཀིརྟི་དགོན་གྲོང་གཉིས་སུ་རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་ ༣ པ་ནས་མུ་མཐུད་དྲག་གནོན་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་བཞག་ཡོད།

གྲོས་ཆོད་གྲོས་འཆར་འདི་སྤྱི་འཐུས་རྒྱུན་ལས་ཀྱིས་གཞུང་འབྲེལ་ཐོག་གྲོས་ཚོགས་སུ་བསྣམས་པ་ཞིག་ཡིན་པ་དང༌། ཕྱི་ཚེས་ ༡ ཉིན་གྱི་ཚོགས་ཐུན་དང་པོའི་སྟེང་བགྲོ་གླེང་འགོ་འཛུགས་གནང་སྟེ། ཚོགས་ཐུན་གསུམ་གྱི་རིང་བཀའ་བློན་གཅིག་དང་སྤྱི་འཐུས་ ༢༤ ཡིས་གྲོས་ཆོད་གྲོས་འཆར་ཐོག་དགོངས་འཆར་ལྷུག་པོར་གསུངས་ཡོད་ཅིང༌། དགོངས་འཆར་གནང་མཁན་ཚང་མས་རྒྱ་གཞུང་གི་ཐལ་ཆེ་བའི་དྲག་གནོན་གྱི་སྲིད་ཇུས་ལ་ཚོར་ཤུགས་དྲག་པོས་ངོ་རྒོལ་སྐྱོན་བརྗོད་གནང་བ་དང་སྦྲགས། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐབས་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གནང་སྟངས། རྒྱ་གཞུང་གི་འཁྱོག་བརྗོད་ལ་དམིགས་པའི་དྲིལ་བསྒྲགས་བྱེད་སྟངས་དང༌། ལས་འགུལ་ཚོགས་ཆུང་གསར་འཛུགས་དགོས་གལ་སོགས་ཀྱི་དགོངས་འཆར་གནང་ཡོད་ལ། དེ་བཞིན་དུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང༌། སྤྱི་འཐུས་རྒྱུན་ལས། བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་དང༌། ས་གནས་ཁག་གི་ཆོས་སྒར་དང་སློབ་གྲྭ། མང་ཚོགས་བཅས་ནས་རྔ་བ་ཀིརྟི་དགོན་གྲོང་གཉིས་ཀའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་བའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་མཁན་ཡང་སྤྱི་འཐུས་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢ ལ།

གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་གཤམ་གསལ་ལྟར་ཡིན།

སྔོན་གླེང༌།

༄༅། །འདས་པའི་ལོ་ངོ་ ༦༠ ལྷག་ཙམ་རིང༌། རྒྱ་ནག་གུང་ཁྲན་གྱིས་བོད་གངས་ཅན་ཞིང་གི་སྣོད་བཅུད་ཡོངས་ལ་འཕྲོག་བཅོམ་རང་བཞིན་གྱི་གཏོར་བཤིག་བཏང་སྟེ། གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཀྱི་འོག་མུ་མཐུད་གནས་བཞིན་ཡོད་ནའང༌། རྒྱ་གཞུང་གིས་ད་དུང་ངན་བྱས་ངོམ་འཁྱེར་གྱིས་བོད་དུ་ཞི་བས་བཅིངས་འགྲོལ་བཏང་ཚུལ་ལ་ཁ་གཡར་ནས། དཀར་ནག་གོ་ལྡོག་པའི་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་དང༌། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་གཞི་རྒྱ་ཆེ་བའི་ཞི་རྒོལ་ལས་འགུལ་བྱུང་བ་ནས་བཟུང༌། རྒྱ་གཞུང་གིས་བོད་མིའི་ཁྲིམས་མཐུན་ལུགས་མཐུན་གྱི་དགོས་འདུན་ཁག་ལ་ཉན་འཇོག་ལས་ལྡོག་པའི་དྲག་གནོན་དང༌། བཙན་ཤེད་ཀྱི་སྲིད་ཇུས་རྒྱུན་མཐུད་སྤེལ་ཏེ། བོད་ས་ཁྱོན་ཡོངས་སུ་མཁན་བླ་དགེ་བཤེས་དང་གྲྭ་བཙུན། རྩོམ་པ་པོ་དང་སྒྱུ་རྩལ་བ། ལས་བྱེད་དང་སློབ་ཕྲུག ཞིང་འབྲོག་མང་ཚོགས་དཀྱུས་མ་ལ་སོགས་པའི་ཞི་བའི་རེ་འདུན་གང་ནས་སུ་བྱུང་ལ་སྤྱི་བདེ་དང་དྲག་ཆས་ཉེན་རྟོག་དམག་མིས་འབུར་འཇོམས་བྱེད་རྐྱང་གིས། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་དང་གཏོང་བཞིན་པ་མ་ཟད། ཁྱད་པར་དུ་འདི་ལོ་ཕྱི་ཟླ་ ༣ ནས་བཟུང་བོད་རྔ་བ་ཀིརྟི་དགོན་དང་ཉེ་ཁུལ་གྱི་ཡུལ་མི་བཅས་པར་དོན་མེད་བརྡབ་གསིག་དང་འཇིགས་སྐུལ་བཙན་གནོན་བྱས་ཏེ། གྲྭ་བློ་བཟང་ཕུན་ཚོགས་རང་ལུས་མེར་བསྲེགས་ཀྱིས་རྐྱེན་འདས་སུ་གྱུར་པ་དང༌། ཡུལ་མི་བརྒྱ་ཕྲག་དུ་མས་དགེ་འདུན་པ་རྣམས་དགོན་པ་ནས་བཙན་ཁྲིད་འགོག་ཆེད་རྒྱ་དམག་གི་མདུན་དུ་ཞུ་བ་འཐེན་པར་ཐོན་སྐབས། གང་བྱུང་གཅར་རྡུང་གིས་རྒན་རྒོན་གཉིས་རྐྱེན་འདས་སུ་བཏང་བ་དང༌། མི་མང་གང་ཙམ་ལ་རྨས་སྐྱོན་ཕོག་ཡོད། དེ་བཞིན་ཀིརྟི་དགོན་པའི་དགེ་འདུན་བ་བརྒྱ་ཕྲག་འགའ་ཤས་དགོན་པ་ནས་བཙན་ཁྲིད་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ད་བར་མཚམས་མ་ཆད་པར་སྤེལ་ཏེ། སེར་སྐྱ་མི་ཉུང་བ་ཞིག་འཛིན་བཟུང་དང༌། བཀག་བསྐྱིལ་གྱི་གནས་ཚུལ་མུ་མཐུད་ཐོན་བཞིན་ཡོད་སྟབས། སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་གལ་འགངས་ཆེ་བར་མཐོང༌།

གྲོས་ཆོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ནས་རང་གཞན་གཉིས་ཕུང་གི་སྲིད་ཇུས་ཐབས་རྡུགས་འདི་རིགས་འཕྲལ་དུ་མཚམས་འཇོག་གིས། བོད་མི་ཚོར་རྒྱ་ནག་གི་བཅའ་ཁྲིམས་སུ་བཀོད་པའི་མི་རིགས་རང་སྐྱོང་དང༌། གཞི་རིམ་གྱི་ཐོབ་ཐང་ཁག་དོན་འཁེལ་འགན་ལེན་ཐོག རྔ་བ་ཀིརྟི་དགོན་གྲོང་གཉིས་གཙོས་པའི་བོད་ནང་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་བའི་ཐབས་ཚུལ་ལ་བསམ་ཞིབ་བྱེད་དགོས་པ་བཅས་རྒྱ་གཞུང་ལ་འབོད་སྐུལ་ནན་ཏན་བྱ་རྒྱུ་དང༌། དངོས་དོན་བདེན་རྫུན་རྟོག་ཞིབ་སླད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་དང་རང་དབང་གསར་འགོད་པ་ས་གནས་སུ་ངོ་བསྐྱོད་ཐུབ་པ་དགོས་པའི་སྤྱི་མོས་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡  ལ།།