Posts by དྲྭ་གཉེར་པ།

Posts by དྲྭ་གཉེར་པ།

ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྔ་པ་རྫོང་བར་མ་ཞང་ལྡོང་ཁུའི་ཞག་གདུགས་སྨན་པ་ཚང་གི་བུ་རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་ཚུལ་ཁྲིམས་དང་། རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་པའི་རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་བསྟན་ཉི་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་རྔ་པ་རྫོང་གི་བཞི་མདོའི་མགྲོན་ཁང་ཞིག་གི་ར་སྐོར་ནས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་ར་སྐོར་གྱི་ཕྱི་ལ་ཐོན་ཡོད་པར། དེ་མ་ཐག་ཉེ་འཁོར་གྱི་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་མེ་བསད་ནས་བཙན་ཁྲིད་བྱས་ཡོད་ཀྱང་། བསྟན་ཉི་ལགས་ཉིན་དེ་རང་ལ་གྲོངས་ཡོད་པ་དང་། ཚུལ་ཁྲིམས་ཕྱི་ཚེས་ ༧ ཉིན་གྱི་མཚན་མོ་གྲོངས་ཡོད་འདུག གོང་གསལ་ངོ་རྒོལ་གྱི་གནས་ཚུལ་དེ་བྱུང་བའི་ཕྱི་ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཚོང་ཁང་དང་ཟ་ཁང་ཚང་མས་སྒོ་བརྒྱབས་ནས་གདུང་སེམས་མཉམ་བསྐྱེད་བྱས་ཡོད་ཀྱང་། རྔ་པ་མི་མང་རྣམས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་གཉིས་ཀྱི་ནང་མིར་སེམས་གསོ་བྱེད་པར་འགྲོ་བ་སོགས་ལ་བཀག་འགོག་བྱེད་བཞིན་ཡོད་འདུག་པ་དང་། ཉིན་དེར་རྔ་པའི་རྫོང་མཁར་སོགས་ལ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག

དེ་མིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་རང་ལུས་མེར་བསྲེགས་བཏང་ནས་སྐད་འབོད་བྱེད་མཁན་རྔ་པ་རྫོང་སོག་རུ་མའི་པད་མ་ཚང་གི་བུ་ནོར་བུ་དགྲ་འདུལ་ལགས་འདི་ཟླའི་ཚེས་ ༥ ཉིན་འབར་ཁམས་སྨན་ཁང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གི་སྐུ་ཕུང་ནང་མིར་ཕྱིར་སྤྲོད་མ་བྱས་པར་རྒྱ་གཞུང་གིས་མེར་བསྲེགས་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་ཀྱང་། དེ་ཡང་རྔ་པའི་དུར་སར་འཕེན་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག ཁོང་གིས་གོང་ཚེས་ཉིན་རང་ལུས་མེར་བསྲེགས་བཏང་ནས་རྔ་པའི་ཁྲོམ་གཞུང་དུ་བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་བྱས་ཡོད་ལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་ནས་ད་བར་གནས་སྟངས་གསལ་པོ་ཤེས་རྟོགས་བྱུང་མེད། ཁོང་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཡས་མས་ཤིག་ལ་སྐྱ་སར་བབས་ནས་ཕ་མའི་རྩར་བསྡད་ཡོད་འདུག །