ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་ལྕམ་སྐུ་ (Ileana Ros-Lehtinen, House Sub-committee Chairman, House Foreign Affairs Committee; House Permanent Select Committee on Intelligence) མཆོག་དང་། ལྕམ་སྐུ་ (Claudia Tenney, Financial Services Committee) མཆོག་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་གྱི་ཐོག་ལྕམ་སྐུ་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་འབྱོར་སྐབས། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་བ་དང། དེ་རྗེས་ལྕམ་སྐུ་ (Ileana Ros-Lehtinen) མཆོག་དང་། ལྕམ་སྐུ་ (Claudia Tenney) མཆོག་རྣམ་གཉིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་གདན་ཞུས་གནང་ཡོད།

དེ་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་རྡ་སར་ཕེབས་པར་འཚམས་འདྲི་དང་། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུས་དང་། བཙན་བྱོལ་བོད་མིའི་ལོ་འཁོར་སྔོན་རྩིས་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་རྗེས།    དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་རྣམ་གཉིས་ལ་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །