སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ལྷོ་སྤྱི་ལས་ཁུངས་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༢ ནས་ ༢༧ བར་ཉིན་གྲངས་ ༡༦ ཙམ་རིང་རྒྱ་གར་ལྷོ་ཕྱོགས་ལྷོ་སྤྱི་ལས་ཁུངས་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༡༢ ཉིན་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་ཝི་ཤ་ཀ་པཌ་ནམ་ (Visakhapatnam) ལ་ཕེབས་ཐོན་གནང་རྗེས། དེ་རིང་ཕྱི་ཚེས་ ༡༤ ཉིན་ས་གནས་སུ་ལས་རིམ་དབུ་འཛུགས་གནང་རྒྱུ། ཕྱི་ཚེས་ ༡༥ ནས་ ༢༧ བར་ལྷོ་སྤྱི་ལས་ཁུངས་ཁྱབ་ཁོངས་སུད་ཚོང་ས་གནས་ཝི་ཇཱ་ཡ་ཝ་ཌ་ (Vijayawada) དང་། གུན་ཏུར།(Gundur) ཨ་མྲཱ་ཝ་ཏི།(Amravati) ཝ་རན་གྷལ།(Warangal)  གྷོ་རྡ་ཝ་རི་ཁ་ནི།(Godavarikhani) ཀ་རིམ་ན་གྷར།(Karimnagar) ནི་ཛ་མ་བྷཌ།(Nizamabad) ཧེ་དར་བྷཌ།(Hyderabad) སེ་ཀུན་དར་བྷཌ་(Secunderabad) བཅས་སུ་ལས་རིམ། ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །