སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་རྣམ་གཉིས་ནས་སྦན་ད་ར་དང་མན་སྤར་གཞིས་ཆགས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

 

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ནས་ ༢༠ བར་ཉིན་གྲངས་ ༡༥ རིང་རྒྱ་གར་མངའ་སྡེ་མཧཱ་རཱཤཀྲ་ནང་རྟེན་གཞི་བྱས་པའི་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་དང་། རྒྱ་གར་མངའ་སྡེ་ཆ་ཏི་སི་སྒར་ནང་རྟེན་གཞི་བྱས་པའི་མན་སྤར་ཕན་བདེ་གླིང་གཞིས་ཆགས་གཉིས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་གཉིས་པ་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༡ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཟླ་ ༧ ཚེས་ ༦  དང་ ༧  ཉིན་རྡ་ས་དང་ཧོན་སུར་རབ་རྒྱས་གླིང་ས་གནས་སོ་སོ་ནས་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༨  ཉིན་གྱི་ཕྱི་དྲོ་ནག་སྤུར་ས་གནས་སུ་ཕེབས་འབྱོར་མཚམས་སྦན་ད་ར་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་རྣམ་གཉིས་ནས་སྣེ་ལེན་དང་། དེ་ནས་ཕྱི་ཚེས་ ༩ ཉིན་གཞིས་ལས་ཁང་གི་མགྲོན་ཁང་མདུན་དུ་ལས་དྲུངདང་རྩིས་པ་་གཉིས་ནས་ཕེབས་བསུ་གནང་ཡོད་འདུག་པ་དང་། དེ་བཞིན་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། གཞིས་ཆགས་ཀྱི་བརྒྱ་དཔོན་དང་སྤྱི་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་བཅས་ནས་སྣེ་ལེན་གཟབ་རྒྱས་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ནོར་རྒྱས་གླིང་གཞིས་ཆགས་ནང་རྟེན་གཞི་བྱས་པའི་གཞིས་དགོན་ཐེག་ཆེན་ཆོས་གླིང་དང་། རྙིང་དགོན་བཤད་སྒྲུབ་གླིང་གཉིས་ལ་གནས་གཟིགས་དང་། དེ་ནས་རྒས་གསོ་ཁང་ལ་གཟིགས་ཞིབ། ཉིན་རྒྱབ་ས་གནས་འགོ་འཛིན་དང་མཉམ་འབྲེལ། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། སྤྱི་མིའི་ཡིག་ཚང་། དེ་བཞིན་འཐུང་ཆུའི་ལས་འཆར་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག་པ་དང་། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ས་གནས་སློབ་གྲྭ་དང་། ས་གནས་སྨན་རྩིས་ཁང་། འཕྲོད་བསྟེན་ཡན་ལག་སྨན་ཁང་། གཞིས་གྲོང་དང་པོ་བཅས་ལ་གཟིགས་ཞིབ་དང་། ཉིན་རྒྱབ་ས་གནས་འགོ་འཛིན་དང་། ས་གནས་འཐུས་མི། སློབ་གྲྭ་དང་། ཕྱི་ནང་སྨན་ཁང་ཁག་གི་འགན་འཛིན། སྤྱི་མི་དང་བརྒྱ་དཔོན་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་འདུག་པ་དང་། དེའི་སྐབས་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་ཚོགས་འདུའི་ངོ་བོ་དང་གལ་གནད་སྐོར་དང་། དེ་བཞིན་སྤྱི་འཐུས་རྣམ་པའི་ལས་འགན་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག་པ་དང་། ཕྱོགས་མཚུངས་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ས་གནས་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་འགོ་འཛིན་གཙོ་བོར་འགྱུར་བའི་གཞུང་དང་གཞུང་འབྲེལ་མིན་པའི་ས་གནས་ཀྱི་ལས་སྣེ་རྣམས་ཀྱི་ལས་འགན་སྐོར་སོགས་གསུངས་གནང་འདུག

དེ་ནས་མུ་མཐུད་ལས་རིམ་ལྟར། ཕྱི་ཚེས་ ༡༣ ཉིན་མན་སྤར་ཕན་བདེ་གླིང་གཞིས་ཆགས་ནང་རྟེན་གཞི་བྱས་པའི་དྭགས་གྲྭ་དགོན་པ་དང་། ས་གནས་སློབ་གྲྭ ས་གནས་རྒས་གསོ་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་གཞིས་གྲོང་ཁག་བཅས་ལ་གཟིགས་ཞིབ་དང་། སློབ་ཕྲུག་དང་མི་མང་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་འདུག་པ་དང་། དེ་བཞིན་བཀའ་བརྒྱུད་དགོན་པ་དང་། རྙིང་མ་གཙོ་རི་བདེ་ཆེན་ཆོས་གླིང་དང་། རྣམ་གྲོལ་གླིང་ཡན་ལག་དཔལ་ཡུལ་བདེ་ཆེན་ཆོས་གླིང་བཅས་ལ་གནས་གཟིགས་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་མི་མང་རྣམས་ཀྱི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༢ ། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་ཐེངས་ ༣ གནང་ཡོད་པ་དང་། མི་མང་གི་དྲི་བར་ལན་འདེབས་གསལ་གཤད་གནང་ཡོད་འདུག དགེ་ལས་སློབ་ཕྲུག་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་དང་སྒེར་ངོས་ནས་དགེ་ལས་རྣམས་ལ་བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་ས་ཁུག་གི་དཀའ་ངལ་ལ་མ་འཛེམས་པར་མུ་མཐུད་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པར་ཡི་རངས་བསྔགས་བརྗོད་ཞུས་གནང་ཡོད་འདུག་པ་དང་། དེ་བཞིན་ཤེས་ཡོན་སློབ་སྦྱོང་གི་གལ་གནད། མགོན་གཉེན་དགྲ་གསུམ་མ་ནོར་བ་གནང་དགོས་སྐོར། སློབ་ཕྲུག་རྣམ་པས་དགེ་རྒན་དང་ཕ་མའི་བཀའ་དྲིན་སྙིང་བཅངས་གནང་དགོས་སྐོར། སློབ་ཕྲུག་ཚོའི་སློབ་སྦྱོང་བྱེད་སྟངས་སྐོར་སོགས་དཔེ་མཚོན་དང་བཅས་གསུང་བཤད་གནང་ཡོད་འདུག

དེ་བཞིན་བཞུགས་མོལ་ཚོགས་འདུའི་སྐབས་སོ་སོར་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་འགོ་འཛིན་གཙོ་བོར་འགྱུར་བའི་གཞུང་དང་གཞུང་འབྲེལ་མིན་པའི་ས་གནས་ཀྱི་ལས་སྣེ་རྣམས་ཀྱི་ལས་འགན་གཙོ་བོ་ནི་མི་མང་དང་བོད་མིའི་སྒྲིག་འཛུགས་དབར་བློ་ཐག་ཉེ་རུ་ཡོང་ཐབས་བྱ་རྒྱུས་མཚོན་མང་ཚོགས་ནས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོང་བ་བྱ་རྒྱུ་ཡིན་པའི་སྐོར་དང་། དེ་ཡོང་བར་ས་གནས་ཀྱི་ལས་སྣེ་རྣམས་ཀྱིས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་སྲིད་བྱུས་དང་ལམ་སྟོན་རྣམས་མང་ཚོགས་ནས་ཤེས་པར་བཟོ་དགོས་རྒྱུ་གལ་ཆེ་ཡིན་སྐོར། དེའི་ཐོག་ས་གནས་འགོ་འཛིན་གྱིས་གཙོས་ལས་སྣེ་ཡོངས་ཀྱིས་སྔར་ལྷག་འགན་འཁུར་གནང་དགོས་པའི་དུས་ཚོད་གལ་འགངས་ཆེན་པོ་ཡིན་པའི་སྐོར་ལ་གསུངས་གནང་ཡོད་འདུག

དེ་བཞིན་སློབ་ཕྲུག་དང་མི་མང་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༥ རིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག

ད་རེས་སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་ཡུན་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །