སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་ཟླ་བ་ཚེ་རིང་མཆོག།             སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས་ ༣༠ བར་རྒྱ་གར་མངའ་སྡེ་མཧཱ་རཱཤཀྲ་ (Maharashtra) ནང་རྟེན་གཞི་བྱས་པའི་བྷན་དཱ་ར་ནོར་རྒྱས་གླིང་གཞིས་ཆགས་དང་། རྒྱ་གར་མངའ་སྡེ་ཆ་ཏི་སི་སྒར་ (Chattisgarh) ནང་རྟེན་གཞི་བྱས་པའི་མན་སྤར་ཕན་བདེ་གླིང་གཞིས་ཆགས་བཅས་གཉིས་དང་། དེ་བཞིན་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་བོད་མིའི་སུད་ཚོང་ས་གནས་ཁག་ ༡༨ ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༣༡ ཉིན་གྱི་ཕྱི་དྲོ་རྡ་ས་དང་། སྦེལ་ཀོབ་ས་གནས་སོ་སོ་ནས་ཕེབས་ཐོན་གནང་སྟེ་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་མཧཱ་རཱཤཀྲ་མངའ་སྡེའི་གྲོང་ཁྱེར་ནག་སྤུར་དུ་མཉམ་འཛོམས་གནང་རྒྱུ་དང་། ཕྱི་ཚེས་ ༤ ནས་ ༡༦ བར་བྷན་དཱ་ར་ནོར་རྒྱས་གླིང་གཞིས་ཆགས་དང་དེའི་ཁྱབ་ཁོངས་སུད་ཚོང་ཁག་ལ་ལས་རིམ། དེ་བཞིན་ཕྱི་ཚེས་ ༡༧ ནས་ ༢༩ བར་མན་སྤར་ཕན་བདེ་གླིང་གཞིས་ཆགས་དང་དེའི་ཁྱབ་ཁོངས་སུད་ཚོང་ཁག་ལ་མུ་མཐུད་ལས་རིམ་དང་། ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་སུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།