སྤྱི་འཐུས་ཚོགས་གཞོན་མཆོག་དང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་མཆོག་དང་མཇལ་འཕྲད་གནང་བ།

༄༅། ། སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་མོན་གྷོ་གཞིས་ཆགས་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་དེ་གའི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་བཅས་ལ་ས་འཐུས་ཟབ་སྦྱོང་གནང་བར་ཕེབས་སྐབས། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཧུབ་ལི་རུ་སྤྱི་འཐུས་རྣམ་གཉིས་དང་། མོན་གྷོ་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་བཅས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་ཨེམ་རུ་ཐ་ ཇོ་ཤི་ (Shri Amruth Joshi, National Co-Convener of India Tibet coordination office in Hubli) མཆོག་དང་མཇལ་འཕྲད་གནང་ཡོད་འདུག


མཇལ་འཕྲད་སྐབས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། སྐུ་ཞབས་ཨེམ་རུ་ཐ་ ཇོ་ཤི་མཆོག་གིས་ཉེ་ཆར་ལཊ་ཝི་ཡ་རྒྱལ་ས་རི་གར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་སྐོར་དང་། བོད་མིའི་གཞིས་ཆགས་ཁག་གི་སྐོར་ལ་དྲི་བ་ཕུལ་བ་རྣམས་ལ་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་བཞིན་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཁོང་གིས་ད་བར་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག རྒྱ་གར་ལྷོ་ཕྱོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚགས་ཚུད་དགོས་པའི་འབོད་སྐུལ་ཞུས་གནང་འདུག