སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ ༦ པར་ཆེད་ཕེབས་གནང་བ།

༄༅། ། ཕྱི་ཟླ་ ༨ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ ༦ པ་དེ་བཞིན་ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་མངའ་སྡེ་ཨོ་རེ་གྷོན་གྱི་གྲོང་ཁྱེར་པོཊ་ལེནཊ་ནང་དུ་སྐོང་ཚོགས་གནང་ཡོད་པ་དང། སྐབས་དེར་ཨ་རིའི་སྐུ་ཚབ་དོན་ཁང་ནས་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་སྤྱི་འཐུས་མཆོག་ནས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལ་སྙན་སེང་ཞུས་པའི་ཐོག་ཆེད་ཕེབས་གནང་ཡོད།

དེ་ཡང་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་སྤྱི་འཐུས་མཆོག་སྡོད་གནས་མི་ནི་སོ་ཊ་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཆུ་ཚོད་བཞི་ཙམ་རྗེས་པོཊ་ལེནཊ་ལ་འབྱོར་བ་དང། ཚེས་ ༡༢ ཉིན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་མཆོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གལ་གནད་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད་ཚོགས་ཆེན་གྱི་ཉིན་གཉིས་རིང་དེ་སྔ་ཚོགས་ཆེན་གྱི་གྲོས་ཆོད་མཇུག་སྐྱོང་ཇི་བྱུང་དང། སློབ་དེབ་བསྐྱར་བཅོས། ༸གོང་ས་མཆོག་གི་དགོངས་གཞི་ལྟར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་འཁྲིད། སློབ་གྲྭ་སོ་སོའི་ནང་སློབ་འཁྲིད་གནང་ཕྱོགས་དང། འཁྲིད་ཆས་བེད་སྤྱོད་ཇི་གནང་སོགས་ཀྱི་གྲོས་གཞིའི་ཐོག་བགྲོ་གླེང་ནང་མཉམ་ཞུགས་དང་ལམ་སྟོན་གནང་ཡོད། དེ་བཞིན་ཕྱི་ཚེས་ ༡༢ དགོང་དྲོ་པོཏ་ལེནཊ་བོད་རིགས་སྤྱི་མཐུན་ཚོགས་པའི་སློབ་ཕྲུག་རྣམས་ནས་ཚོགས་བཅར་བ་དང་ས་གནས་མི་མང་ལ་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུ་སྐབས་མི་མང་ལ་གསུང་བཤད་ཀྱང་གནང་ཡོད་འདུག

ཚོགས་ཆེན་ཐོག་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་ཤེས་རིག་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས། ཟུང་དྲུང་ཚེ་རིང་བཀྲིས་ལགས་གཙོས་པའི་ས་གནས་ཁག་ ༡༢ ནས་སློབ་གྲྭའི་དགེ་ལས་ཁྱོན་བསྡོམས་ ༣༡ ཚོགས་བཅར་གནང་ཡོད་འདུག

ཕྱི་ཚེས་ ༡༣ མཚན་མོའི་ཆུ་ཚོད་ ༡༢ དང་ཕྱེད་ཀའི་ཐོག་པོཊ་ལེནཊ་ནས་ཕྱིར་ཐོན་གྱིས་བཞུགས་གནས་མི་ནི་སོ་ཊར་ཞོགས་པ་ཆུ་ཚོད་དྲུག་པ་མ་ཟིན་ཙམ་ལ་འབྱོར་གནང་ཡོད་པའི་གནས་ཚུལ་དུ།།