སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ ཚེས་ ༡༩ ནས་ཕྱི་ཟླ་ ༩ ཚེས་ ༡༥ བར་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ནང་ཆགས་པའི་སྒང་ཏོག་ས་འགོ་ཁྱབ་ཁོངས་དང་། ར་ཝང་ལ་ས་འགོའི་ཁྱབ་ཁོངས།   དེ་བཞིན་ནུབ་བྷང་གྷལ་མངའ་སྡེའི་ནང་ཆགས་པའི་ཀ་སྦུག་ས་འགོའི་ཁྱབ་ཁོངས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སྦག་ཌོ་རར་ཕེབས་ཐོན་གནང་རྒྱུ།  ཕྱི་ཚེས་ ༢༢ ནས་ ༢༥ བར་ར་ཝང་ལ་ས་གནས་སུ་ལས་རིམ།  དེ་བཞིན་ཕྱི་ཚེས་ ༢༦ ནས་ཕྱི་ཟླ་ ༩ ཚེས་ ༡༤ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ་དང་། ཕྱི་ཚེས་ ༡༥ ཉིན་སྤྱི་འཐུས་རྣམ་པ་གཉིས་སྦག་ཌོ་ར་ནས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །