སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་དང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་དང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ནས་ ༣༠ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཀྱིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭ་ཁག་དང་། རྒས་གསོ་ཁང་། འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་ཞིབ་དང་། གཞིས་ཆགས་ཀྱི་གྲོང་སྡེ་ཁག་ ༡༠ ཡོད་པ་རྣམས་གྲོང་སྡེ་ ༢ རེ་བགོས་ཏེ་རིམ་པས་མི་མང་འདུ་འཛོམས་ཀྱིས་གསུང་བཤད་དང་། དེ་བཞིན་དགའ་འབྲས་གཉིས་ཀྱི་བླ་སྤྱིས་མཚོན་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་ཡོད། མི་མང་འདུ་འཛོམས་སོ་སོར་མི་མང་གི་དོགས་འདྲི་དང་། དགོངས་ཚུལ། ལམ་སྟོན་ཞུ་རྒྱུ། སྐྱོན་བརྗོད་སོགས་གང་གནང་བར་དུས་ཚོད་འདང་ངེས་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་དགོངས་ཚུལ་ལ་ཞིབ་སྙན་དང་། མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་པ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས།  བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག

དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༥ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །