སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

དེ་རིང་ནི་ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཕགས་མཆོག་ཕྱག་ན་པདྨོ་མི་ཡི་རྣམ་པར་རོལ་བ་འགྲོ་བ་ཀུན་ལ་མ་ལྟར་བརྩེ་བས་མ་འདྲིས་པའི་མཛའ་བཤེས་ཆེན་མོ་བྱམས་བརྩེའི་བདག་ཉིད་འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཁ་བ་ཅན་གྱི་ལྷ་སྐལ་ཚེ་རབས་ཐམས་ཅད་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད་བླང་དོར་ལམ་སྟོན་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་གུས་པས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གུས་ཕྱག་དང་བཅས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།

ལོ་ངོ་སུམ་ཅུའི་སྔ་རོལ་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༢ པའི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བོད་འབངས་སྤྱི་དང། ཁྱད་པར་མང་གཙོ་དང། རང་དབང། ཞི་བདེ། བྱམས་བརྩེ་བཅས་ལ་དགའ་བའི་འཛམ་གླིང་སྐྱེ་བོ་ཀུན་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་མགོན་པོ་གང་གི་བླ་ན་མེད་པའི་མཛད་འཕྲིན་སྤྱི་བོར་བཀུར་ནས་དགེ་བཅུའི་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་རྫོགས་ལྡན་གྱི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན།

དེ་ཡང་མཉམ་མེད་ཐུབ་པའི་དབང་པོའི་ལྟ་སྤྱོད་དྲི་མ་མེད་པའི་ཀློང་ནས་འཁྲུངས་པའི་རླབས་ཆེན་གྱི་ཐུགས་བསྐྱེད་བཟང་པོས་འགྲོ་བ་ཀུན་ལ་རང་ཆས་སུ་ཡོད་པ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་མངོན་འདོད་ཀྱི་རྒྱུ་བྱམས་བརྩེའི་ནུས་སྟོབས་གཞི་རྩར་བཟུང་ནས། འགྲོ་བ་མིའི་ལྷན་སྐྱེས་བཟང་སྤྱོད་ཀྱི་ནུས་པ་གོང་སྤེལ་མཛད་ཐོག་ཁོར་ཡུག་སྲུང་སྐྱོབ་དང། ཆོས་ལུགས་མཐུན་སྒྲིལ། དམག་འཐབ་དང་འཁྲུག་རྩོད་ཞི་ཐབས་སོགས་འཛམ་གླིང་ཞི་བདེ་ལ་སྨན་པའི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་ཙམ་དུ་མ་ཟད། དུས་ཟིང་ཧ་ཅང་ཆེ་བའི་ཆེས་སྙིགས་དུས་ཀྱི་འཛམ་གླིང་ས་ཆེན་འདིར་བོད་ཆོས་ལྡན་ཞིང་གི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་འཛམ་གླིང་ཡང་རྩེའི་བོད་གངས་ཅན་ལྗོངས་འདི་ཉིད་མ་འོངས་ཞི་བདེའི་བསྟི་གནས་ཤིག་ཏུ་བསྐྲུན་རྒྱུའི་བླ་ན་མེད་པའི་དགོངས་གཞི་ཟབ་མོས་བོད་འབངས་རྣམས་འཚེ་མེད་ཞི་བའི་ལམ་དུ་བཀྲི་བར་མཛད་གནང་།

ལྷག་པར་གཉིས་སྨན་དབུ་མའི་ལམ་གྱི་མཛད་བྱུས་བཟང་པོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་བློ་ལྡན་ཀུན་གྱིས་མངོན་པར་བསྟོད་དེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་པ་བཞིན་སྐྱེ་འགྲོའི་ཕན་བདེའི་སླད་དུ་དགྱེས་བཞེས་མཛད་པ་སོགས་གསང་གསུམ་ཕན་བདེའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་ཡིན།

དེ་བཞིན་དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བའི་དུས་ཚིགས་གལ་ཆེ་ཞིག་ཀྱང་ཆགས་ཡོད་སྟབས་དེ་དང་འབྲེལ་ནས་ཞུ་རྒྱུར། འདི་ལོའི་ཟླ་ ༡༠ པའི་ཚེས་ ༡ ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་མི་ལོ་ ༧༠ འཁོར་བའི་དུས་ཚིགས་ཡིན་སྟབས། དེའི་སྔ་རོལ་ཟླ་བ་ ༩ པའི་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ཟེར་བས་ལོ་ངོ་ ༧༠ རིང་རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་བཏང་ཚུལ་གྱི་རྒྱབ་ཤ་དཀར་པོ་ཟེར་བ་བཏོན་ཡོད། དེའི་ནང་དབང་ཆ་གཅིག་བསྡུས་རྒྱ་ནག་དམར་གཞུང་གི་འགོ་གཙོ་རིམ་པའི་དུས་སུ་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་བཏང་ཚུལ་བརྗོད་ཡོད་ཀྱང་ད་བར་རྒྱལ་སྤྱིའི་ཐོག་རྒྱ་ནག་དམར་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱལ་ཁབ་སྡུག་ཤོས་ཀྱི་མདུན་གྲལ་དུ་ལོ་ལྟར་སླེབས་བཞིན་ཡོད་པ་དེས་ཁོང་ཚོའི་སྐད་ཆ་དེ་རྫུན་གཏམ་ཡིན་པ་གསལ་པོ་ཡིན།

རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲད་ཚུལ་བཤད་ཡོད་ཀྱང་། བོད་ནང་རྒྱ་གཞུང་གིས་བཙན་འཛུལ་བྱས་ཏེ་མི་ལོ་ ༧༠ དང་། བོད་ས་བཙན་འཕྲོག་བྱས་ནས་མི་ལོ་ ༦༠ འཁོར་བའི་ཉམས་ངའི་ལོ་ཞིག་ཡིན་ཞེས་ཞུ་རྒྱུ་ལས་མ་འདས། དེ་ཡང་སྲིད་པ་ཆགས་པ་ནས་བོད་རྒྱ་ཁྱིམ་མཚེས་མཉམ་གནས་སུ་ཆགས་ཡོད་པ་དང་། བོད་ཀྱི་བཙན་པོ་དང་། རྒྱ་ནག་གོང་མ་འགའི་སྐབས་གཉེན་འབྲེལ་དང་། དམག་འཁྲུག ས་མཚམས་དབྱེ་འབྱེད་ཀྱི་དབོན་ཞང་ཆིངས་ཡིག་རྡོ་རིང་དུ་བཀོད་པ་སོགས་ལས་བོད་དང་རྒྱ་ནག་གཉིས་རྒྱལ་ཁབ་སོ་སོར་ཡིན་པ་གསལ་བར་སྟོན་པའི་ལོ་རྒྱུས་ནག་གསུབ་གཏོང་ཐབས་མེད་རུང་། རྒྱ་ནག་དམར་གཞུང་བཙུགས་རྗེས་བོད་ནང་བཙན་འཛུལ་གྱིས་གདོད་མ་ཉིད་ནས་བོད་ཀྱི་འགྲོ་བ་མིར་བདག་པའི་བོད་ཡུལ་བཙན་འཕྲོག་བྱས་པ་ཙམ་དུ་མ་ཟད། རིག་གནས་གསར་བརྗེ་ཟེར་བ་སོགས་སྨྱོ་ཧམ་ཅན་གྱི་གདུག་རྩུབ་ཀྱི་སྲིད་བྱུས་གཅིག་མཇུག་གཉིས་མཐུད་ཀྱིས་ལག་བསྟར་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཀོལ་སྤྱོད་བྱ་དབང་མེད་པ། ཐ་ན་ཁ་ཡང་མགུལ་དབང་མེད་པ་བོད་ཀྱི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་བོད་མི་རིགས་རྩ་མེད་དུ་གཏོང་རྒྱུའི་ཆེས་གདུག་རྩུབ་ཅན་གྱི་དུས་ངན་དེ་དག་ཀུན་གསལ་ཡིན་པར་སོང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་བཏང་ཚུལ་བརྗོད་པར་བདེན་དཔང་གི་གཞི་རྩ་ཡེ་ནས་མེད་པའི་འུར་གཏམ་སྒྲོག་བཞིན་ཡོད་པ་གསལ་པོ་ཡིན།

ད་དུང་ས་གནས་ཁག་གི་དཔོན་རིགས་ས་གནས་ཀྱི་མང་ཚོགས་དཀྱུས་མའི་གྲས་ནས་བསླེབས་ཚུལ་བཤད་ཡོད་ཀྱང་། དོན་དངོས་སུ་ད་བར་ལོ་ངོ་ ༦༠ ཡི་རིང་བོད་ནང་རྒྱ་གཞུང་གིས་བཙུགས་པའི་རྫོང་དང་། ལས་ཁུངས་ཆེ་ཁག གྲོང་ཁྱེར་ཁག་བཅས་ཚང་མའི་འགོ་གཙོ་བརྒྱ་ཆ་ ༩༩ རྒྱ་རིགས་གུང་ཁྲན་ཏང་གི་མི་ཡིན་པ་མ་ཟད། རྒྱ་གཞུང་གིས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཟེར་བར་འགོ་གཙོ་དྲུང་ཆེ་ ༡༥ བྱུང་ཡོད་པ་ཚང་མ་རྒྱ་རིགས་གུང་ཁྲན་ཏང་མི་ཡིན་པ་ལས་བོད་རིགས་གཅིག་ཀྱང་བྱུང་མེད་པ་རྫུན་གཏམ་དམར་རྗེན་དུ་མཐོང་ཐུབ་པ་དང་། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱས་སྐོར་བཤད་ཡོད་ཀྱང་། རྒྱ་གཞུང་གིས་འདས་པའི་མི་ལོ་དྲུག་ཅུའི་རིང་བོད་རིགས་རྣམས་ས་ཁུལ་དུ་མའི་ནང་ཁ་ཐོར་དུ་དབྱེས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་ལྟ་ཅི། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུའང་བོད་ཀྱི་སྐད་ཡིག་གྲལ་རིམ་གཉིས་པར་བཞག་ཡོད་པ་མ་ཚད། སློབ་གྲྭའི་བསླབ་གཞི་དང་སློབ་ཐོན་གྱི་བརྒྱ་ཆ། ལས་ཀའི་གོ་སྐབས། གླ་ཕོགས་སོགས་རྒྱའི་སྐད་ཡིག་ཤེས་མཁན་ལ་ཐོབ་ཐང་མང་བ་སྤྲད་དེ་རྒྱ་ནག་སྐད་ཡིག་གཅིག་གྱུར་ཞེས་པའི་སྲིད་བྱུས་འོག་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་ཏུ་གཏོང་རྒྱུའི་བྱུས་ངན་ལག་བསྟར་བྱེད་བཞིན་པ་གསལ་པོ་ཡིན།

ལྷག་པར་བོད་ནང་ཆོས་དད་རང་དབང་ཡོད་ལུགས་སོགས་བརྗོད་དེ་བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱ་གཞུང་གི་ལས་དོན་རུ་ཁག་མངགས་ཏེ་བཙན་ཤེད་ཀྱིས་བརྙན་འཕྲིན་བཙུགས་ཏེ་ཏང་གི་སྲིད་བྱུས་ཡང་དག་པ་ཡིན་ལུགས་ཀྱི་དྲིལ་བསྒྲགས་ལྟ་ཉན་བྱེད་དུ་བཅུག་ནས་ཆོས་བྱེད་དགེ་འདུན་པར་ཐོས་བསམ་སྒོམ་གསུམ་དང་བསླབ་གསུམ་གྱི་བྱ་བ་ཉམས་ལེན་བྱ་རྒྱུར་འགོག་རྐྱེན་དམིགས་སུ་བཀར་ནས་བཟོ་བཞིན་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་ཙམ་དུ་མ་ཟད་གྲྭ་བཙུན་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཚང་མར་སྟངས་འཛིན་བྱས་ནས་ཆོས་དད་ཀྱི་རང་དབང་མེད་པ་བཟོས་པ་དང་། བོད་མི་རྣམས་ཀྱི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དད་རྟེན་དུ་སྒྲིག་གཤོམ་མི་ཆོག་པའི་ཁར། བོད་རིགས་སློབ་ཐོན་སློབ་མ་རྣམས་གཞུང་གི་ལས་གནས་སུ་ཞུགས་པར་རང་ཉིད་ཀྱི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དུ་བཙན་འགེལ་བྱས་པ་སོགས། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་ལོ་ངོ་ ༦༠ རིང་བོད་ནང་དམངས་གཙོའི་བཅོས་འགྱུར་དང་། རིག་གནས་གསར་བརྗེ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཟེར་བ་སོགས་ཟམ་མ་ཆད་པའི་ལས་འགུལ་སྣ་མང་སྤེལ་ནས་གཞིས་བཞུགས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་མེད་པར་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་འཆིངས་རྒྱས་བསྡམས་ཏེ་ལོ་ངོ་ ༦༠ འཁོར་བའི་ལོ་ཞིག་ལ་ངོས་འཛིན་བྱ་རྒྱུ་ལས་མ་འདས།

ད་དུང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་རྒྱ་ནག་དམར་གཞུང་ལྟ་བུས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་གཏན་འབེབས་བྱས་པ་ནི་ཀུན་གྱིས་ཁྲེལ་དགོད་བྱ་ཡུལ་ཞིག་ཡིན་པ་དང་། གལ་སྲིད་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་ཕྱོགས་ལམ་ལུགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་བ་དོན་དངོས་ཡིན་ན། སྔར་སྲོལ་བཟང་པོ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ངོས་འཛིན་མཛད་པའི་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་གོང་མའི་བཞུགས་ཁྲིར་མངའ་སྲོལ་ཞུ་དགོས་ཀྱང་། དེ་ལས་ལྡོག་སྟེ་རྒྱ་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཡབ་ཡུམ་དང་བཅས་པ་གར་ཁྲིད་ཆ་མེད་དུ་བཏང་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་གཞུང་ལ་འདྲི་རྩད་བཏང་བར་ལན་འདེབས་གསལ་བཤད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།

རྒྱ་ནག་དམར་པོའི་སྲིད་གཞུང་ནས་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགྲ་ཡ་ཞེས་མཚན་སྨད་ཞུ་མཚམས་མི་འཇོག་པ་དང་། ཕྱོགས་གཞན་ཞིག་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་དབང་ཆ་རྒྱ་ནག་དམར་གཞུང་ལ་ཡོད་ཚུལ་བརྗོད་བཞིན་པ་ནི་མངོན་སུམ་འཛེམས་མེད་ཀྱིས་སྨྱོ་ཧམ་ཆེན་པོས་བོད་ཀྱི་ཆོས་དད་རང་མོས་ལ་རྡོག་རོལ་གཏོང་བཞིན་པའི་གདོང་རིས་ངོ་མ་དེ་གསལ་པོར་བསྟན་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༣ ནས་ ༥ བར་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་སྐབས་ཚོགས་བཅར་བ་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་བོད་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་ཆབས་ཅིག བོད་གངས་ཅན་པའི་བསྟན་དང་འགྲོ་བའི་དོན་དུ་ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་རྣམས་ནམ་གནས་ཀྱི་བར་དུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ངེས་ཕེབས་ཡོང་བ་དང་། མ་འོངས་༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་སུ་ལའང་མེད་པ། ལྷག་པར་རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་ཡིན་ཞེས་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའི་ཡིག་ཆ་ཨང་ལྔ་པ་ཟེར་བའི་བརྒྱུད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཇུས་ངན་སྣ་ཚོགས་བཏོན་དང་འདོན་བཞིན་པ་དེེ་དག་ཐམས་ཅད་ལ་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་མ་ཟད། ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པའི་ཐོག་༸རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད་པ་དང་། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༸རྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛན་དང་དད་མོས་བྱ་རྒྱུ་མིན་ཞེས་འཁོད་པའི་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་ཅན་སྣོལ་འཇོག་གནང་ཡོད་པ་དེ་དག་གིས། གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ལྟར་བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཀྱི་སྔར་སྲོལ་ཆོས་དད་རང་མོས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་ཞིག་ཡིན་སྟབས། ཆོས་དུག་ཏུ་འཛིན་མཁན་རྒྱ་ནག་དམར་གཞུང་ནས་འདི་འབྲེལ་ཐེ་བྱུས་བྱ་དབང་གཏན་ནས་མེད་ལ་ཐུབ་ཐབས་ཀྱང་ནམ་ཡང་མེད་པ་ཞིག་ཡིན་པའི་འགྲེལ་བརྗོད་ནན་ཏན་བྱ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་འཆམ་མཐུན་དང། བརྟན་ལྷིང་ཟེར་བ་དགོས་ཚུལ་བཤད་དང་འཆད་བཞིན་ཡོད་རུང། བོད་ནང་ད་བར་དྲག་གནོན་བྱེད་མཚམས་མི་འཇོག་པ་དང་། རྒྱལ་སྤྱིའི་ཐོག་བོད་དོན་འཁྱོག་བཤད་བྱེད་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་པའི་ཚོགས་སྡེ་ཁག་གིས་བོད་དོན་དང་འབྲེལ་བའི་ལས་དོན་ནམ་སྤེལ་ལ་སྔ་ཕྱི་བར་གསུམ་དུ་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་སྣ་ཚོགས་བཟོས་དང་བཟོ་བཞིན་པ་དག་ལས་འཆམ་མཐུན་དང་བརྟན་ལྷིང་གི་མིང་དོན་མི་མཚུངས་པ་གསལ་པོ་མངོན་སྟབས། འཆམ་མཐུན་དང་བརྟན་ལྷིང་ལ་གནོད་གཞི་ཅན་གྱི་གོང་གསལ་བྱ་སྤྱོད་རྣམས་མཚམས་འཇོག་བྱ་དགོས། དེ་བཞིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་གླེང་བཞིན་པ་ལྟར་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་དེ་འདྲ་འདོད་ཀྱི་ཡོད་ཚེ། དང་ཐོག་བོད་ནང་ཡ་ང་བག་ཚ་མེད་པར་ཆེས་གདུག་རྩུབ་ཅན་གྱི་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས།

རྒྱ་ནག་གཞུང་གིས་འདས་ལོ་ ༦༠ རིང་བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་རྡོག་རོལ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྩ་གཏོར། བོད་མི་རྣམས་ལ་གདུག་རྩུབ་དྲག་པོས་མནར་གཅོད་ཚད་མེད་བཏང་བ་སོགས་ད་དུང་རྒྱུན་ཆད་མེད་པར་བྱུང་དང་འབྱུང་བཞིན་པར་བརྟེན། འགན་ཡོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་བོད་ནང་གི་གནས་སྟངས་རྟོག་ཞིབ་ནན་པོ་གནང་སྟེ་རྒྱ་ནག་དམར་གཞུང་གི་བྱ་སྤྱོད་ངན་པ་དག་རྒྱ་ཡན་དུ་མ་བཏང་བར། རྒྱ་ནག་གི་རྒྱལ་ཁབ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་ཧ་ཅང་བརྩི་མཐོང་ཆེ་བའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དང་མཚུངས་པ་ཞིག་ཡོང་ཕྱིར་མཉམ་ཁྲིད་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

གོང་ཞུས་ལྟར་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདིར་འཛམ་གླིང་ས་ཕྱོགས་གང་སར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དྲན་པའི་སྒོ་ནས་དགའ་སྤྲོའི་ངང་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པར་བརྟེན། མགོན་པོ་གང་གི་བཀའ་དྲིན་གཟོ་བའི་རྒྱུ་མཆོག་ཏུ་གྱུར་པ་ནི་བཀའ་བཞིན་སྒྲུབ་རྒྱུ་དེ་ཡིན་སྟབས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ནུས་པ་གང་ཡོད་མཉམ་སྤུངས་ཀྱིས་བོད་སྤྱི་པའི་རྩ་དོན་བསྒྲུབ་ཐབས་ལ་འབད་དགོས་པ་དང་། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་མང་གཙོའི་འགན་དཀྲི་གཞི་རྩར་བཟུང་ནས་ཕ་རོལ་པོའི་ཕུང་དཀྲུག་གཡམ་རྒྱུག་ཕྱོགས་སུ་མི་ལྷུང་བ་བྱ་གལ་ཆེ་བ་ལྟར་ཡིད་གཟབ་དགོས་པའི་དྲན་བསྐུལ་ཞུ་རྒྱུ་ཡིན།

མདོར་ན་རྒྱ་གར་དབུས་སའི་གཞུང་གཙོ་བོར་གྱུར་པའི་སྲིད་གཞུང་དང་གྲོས་ཚོགས། གནད་ཡོད་མི་སྣ་དང་མི་སྒེར། རྒྱ་ཆེའི་མི་མང་བཅས་ནས་དོ་སྣང་དང་། ཐུགས་འཁུར། གདུང་སེམས་མཉམ་སྐྱེད། བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་སོགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སླད་མར་ཡང་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུར་འབོད་བསྐུལ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་སྟེ་འཛམ་གླིང་ཞི་བདེ་དང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ལ།། །།