སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ལྷ་མི་ཡོངས་ཀྱི་མགོན་སྐྱབས་དང་བླང་དོར་ལམ་སྟོན་པ། བོད་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་ཙོང་ཁ་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་རིགས་སྲས་སུ་སྐུ་བལྟམས་ནས་འདི་ལོར་རང་ལུགས་དགུང་གྲངས་ ༨༥ དང་། ཕྱི་ལུགས་དགུང་གྲངས་ ༨༤ བཞེས་པའི་༸སྐུའི་འཁྲུངས་སྐར་དགའ་བ་འབུམ་ལྡན་གྱི་དུས་ཆེན་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་ཕྱག་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ལྷན་༸ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་རྟག་བརྟན་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།

དེ་རིང་གི་དུས་བཟང་ཁྱད་པར་ཅན་འདིར་འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པར་བརྟེན་མགོན་པོ་གང་གི་རླབས་ཆེན་གྱི་མཛད་འཕྲིན་བརྗོད་ཀྱིས་མི་ལང་ཡང་བསོད་ནམས་ཀྱི་གོ་སྐལ་ཞིག་ཏུ་བཟུང་ནས་རགས་ཙམ་ཞུས་ན། དེ་ཡང་༸རྒྱལ་དབང་གོང་མའི་ཐུགས་བསྐྱེད་ནུས་མཐུའི་ལྷ་བླའི་བཀའ་ལུང་བཞིན་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་མཚམས་འཁྲུངས་ཡུལ་བོད་མདོ་སྨད་སྟག་འཚེར་ནས་ཕྱི་ལོ་ ༡༩༣༩ ལོར་རྒྱལ་ས་ལྷ་སར་གདན་ཞུས་དང་། ཕྱི་ལོ་ ༡༩༤༠ བོད་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ ཉིན་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་སྟེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཏེ་བཀྲ་ཤིས་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་གསན་བསམ་སློབ་གཉེར་དམ་པའི་རྣམ་ཐར་བདག་གིར་བསྐྱངས་ཏེ་ཕྱི་ལོ་ ༡༩༥༩ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གནང་བ་དང་། ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་དམར་དྲག་པོའི་དཔུང་སྡེས་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་དཔུང་འཇུག་བྱེད་འགོ་བཙུགས་ཏེ་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་བྱ་རྒྱུའི་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཏུ་གྱུར་སྟབས། བོད་ལྗོངས་ལྷ་མི་ཟུང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མགོན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཀྱང་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་ལུགས་ཟུང་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད་དེ་བོད་རྒྱ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཞི་མཐུན་མཉམ་གནས་ཡོང་ཐབས་མཛད་པ་དང་སྦྲགས། བོད་ཀྱི་ཆབ་སྲིད་འགྲོ་ལུགས་ལ་འགྱུར་བཅོས་ཆེད་ལེགས་བཅོས་ལས་ཁུངས་ཟུར་བཙུགས་ཀྱིས་བོད་འབངས་ཉམ་ཐག་རྣམས་ཀྱི་བུན་རྙིང་རྩ་ཆག་གིས་མཚོན་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་མཛད་མུར་རྒྱ་ཕྱོགས་ནས་འགལ་རྐྱེན་སྣ་ཚོགས་བཟོས་པས་མ་ཚད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་སྟབས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཀ་མེད་བྱུང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་མ་ཐག་རང་ཡུལ་རང་དབང་སླར་གསོའི་སླད་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། གཞིས་སྒར་ཁག ཆོས་སྡེ་ཁག་བཅས་གནས་གཞི་གསར་འཛུགས་ཀྱི་མཛད་བཟང་བཀའ་དྲིན་བསྐྱངས་གནང་བ་མ་ཟད། རང་དབང་མང་གཙོའི་ངོ་བོའི་ཆ་ལག་ཡོངས་སུ་ཚང་བའི་བོད་མིའི་སྒྲིག་འཛུགས་ཆེད་འཛུགས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་མཉམ་གནས་ཞི་མཐུན་ཡོང་ཐབས་ཀྱི་མཛད་ཕྱོགས་བསྐྱངས་པར་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་གཙོས་སྤྱི་སྒེར་གང་ས་ནས་རྒྱབ་སྐྱོར་ཚད་མཐོ་ཐོབ་དང་ཐོབ་བཞིན་པ་མ་ཟད། རྒྱ་ནག་སྐམ་སའི་ཤེས་ཡོན་ཅན་ནང་ནས་ཀྱང་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་ཡོད་པ་དེ་ནི་དེང་གི་དངོས་ཡོད་གནས་སྟངས་དང་འཚམ་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རླབས་ཆེན་གྱི་མཛད་པ་ཞིག་ཡིན།

ལྷག་པར་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་གནང་གིས་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ༡༩༦༣ ལོར་མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་རྒྱས་པ་ཡོངས་ཁྱབ་གསལ་བསྒྲགས་གནང༌། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་གནང་གིས་སྐབས་དེའི་བཙན་བྱོལ་བོད་གཞུང་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་ཀྱིས་དབང་སྒྱུར་ལྡན་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་གནང་མཛད་པ་དང་། ཕྱི་ལོ་ ༢༠༠༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ། མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། དུས་གསུམ་གསལ་གཟིགས་དང་བོད་མིའི་འཕྲལ་ཕུགས་བདེ་རྩ་ཁོ་ནར་དགོངས་བཞེས་བླ་མེད་ཀྱིས་ཕྱི་ལོ་ ༢༠༡༡ ལོར་མི་ལོ་ ༤༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་མཛད་དེ་ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་མང་གཙོ་ཡང་དག་པའི་ལམ་དུ་མདུན་སྐྱོད་བྱེད་བཞིན་པ་སོགས་མགོན་པོ་གང་གི་བླ་ན་མེད་པའི་མཛད་འཕྲིན་ལ་འཛམ་གླིང་ནང་གཟུར་གནས་སྐྱེ་བོ་མང་པོ་ཡིད་འཕྲོག་སྟེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་ཡོད།

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་མཛད་མཆོག་བཞི་ཡི་ཉིན་བྱེད་འོད་ཀྱི་ཕན་བདེའི་འདོད་རྒུ་མཁའ་མཉམ་སྐྱེ་འགྲོ་ཀུན་ལ་བསྩལ་བའི་བཀའ་དྲིན་སྟོང་གསུམ་ནོར་གྱིས་བསྐངས་ཏེ་ཕུལ་ཀྱང་གཞལ་དུ་མ་མཆིས་ཀྱང་ཐུགས་བསྐྱེད་མཛད་ཕྱོགས་བཞིར་ང་རང་ཚོ་སྒྲིག་འཛུགས་དང་། ཚོགས་སྡེ་ཁག མང་ཚོགས་བཅས་ཚང་མས་སློབ་སྦྱོང་བྱས་ཏེ་དབུ་འོག་དཔུང་འདེགས་ཀྱི་གཞོགས་འདེགས་ངེས་འབུལ་ཐུབ་པ་དགོས་གལ། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ཕྱི་ལོ་ ༢༠༡༢ ལོར་ཨིན་ཡུལ་གྱི་ཇོན་ཊེམ་པེལ་ཊེན་ཞེས་པའི་སྙན་གྲགས་ཅན་གྱི་གཟེངས་རྟགས་ཀྱིས་མཚོན་ཆེས་མཐོའི་ཕྱག་འཁྱེར་དང་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་འབུལ་བཞེས་མཛད་ཡོད།

དེ་བཞིན་དེང་སྐབས་ཚན་རིག་དར་རྒྱས་ཀྱི་དུས་རབས་འདིར་མགོན་པོ་གང་ཉིད་ནས་ནང་པའི་ཚན་རིག་གི་ཤིང་རྟ་ཆེན་པོའི་སྲོལ་གཏོད་མཛད་དེ་ནང་ཆོས་དང་ཚན་རིག་དབར་འབྲེལ་ལམ་གསར་འཛུགས་ཀྱིས་ཕན་ཚུན་དཔྱད་གླེང་ཡང་ཡང་མཛད་པར་བརྟེན་གཟུར་གནས་ཚན་རིག་མཁས་ཅན་མི་ཉུང་བས་ནང་བསྟན་ཚན་རིག་ལ་དཔྱད་ཞིབ་དང་སྦྲགས་འཛམ་གླིང་འདིར་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ནང་སེམས་ཀྱི་བདེ་སྐྱིད་གཙོ་བོ་ཡིན་ལ། དེ་ལྟར་ཡོང་བར་མིའི་ལྷན་སྐྱེས་ཀྱི་བྱམས་བརྩེའི་རང་བཞིན་དེ་གོང་མཐོར་གཏོང་དགོས་ཀྱི་ཡོད་པའི་དཔྱད་དོན་བཞིན། འཛམ་གླིང་འདིར་མགོན་པོ་གང་ཉིད་བྱམས་བརྩེའི་བདག་ཉིད་ཀུན་ཁྱབ་འགན་འཁུར་བའི་རླབས་ཆེན་གྱི་དབུ་འཁྲིད་བླ་ན་མེད་པ་ཞིག་ཡིན་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཆེས་གོང་བཀུར་ཞུ་བཞིན་ཡོད།

ལྷག་པར་བོད་མི་རིགས་ལ་བསྩལ་བའི་ཐུགས་རྗེའི་བཀའ་དྲིན་གཞལ་དུ་མེད་པ་ཙམ་དུ་མ་ཟད་བོད་རྒྱ་གཉིས་སྨན་གྱི་ཐུགས་རྗེའི་གཟིགས་པ་རི་རབ་ལྷུན་པོ་ལས་ཀྱང་མཐོ་བ་ཀུན་ཀྱི་མཐོང་ཆོས་སུ་ཡོད་ན་ཡང་རྒྱ་གཞུང་སྲིད་དབང་སྒེར་སྤྱོད་རིང་ལུགས་བླང་དོར་གྱི་མིག་ལྡོངས་བ་དག་གིས་མགོན་པོ་གང་ཉིད་ལ་མཚན་སྨད་ཞུ་བཞིན་ཡོད་ན་ཡང་ གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།  ། ཞེས་གསུངས་པ་བཞིན་མགོན་པོ་གང་གི་ཐུགས་བརྩེའི་ལྕགས་ཀྱུས་དོར་བ་མེད་པར་བོད་རྒྱ་ཞི་མོལ་གཉིས་སྨན་གྱི་མཛད་ཕྱོགས་ལ་ནམ་ཡང་གཡོ་བ་མེད་པར་བརྟེན། རྒྱལ་སྤྱིའི་སྲིད་གཞུང་གི་དབུ་ཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི། གནད་ཡོད་ཀྱི་མི་སྣ་མང་པོ་བཅས་ཀྱིས་རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་ཚོས་རི་བོང་རྡོ་བརྫུས་ལྟ་བུར་མ་བསྡད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་གང་གི་སྐུ་ཚབ་དང་ལྷན་བོད་རྒྱ་འབྲེལ་མོལ་ཞུ་དགོས་པའི་སྐུལ་དེད་ཡང་ཡང་གནང་ཡོད་པ་མ་ཟད། ཉེ་སྔོན་ཟླ་ ༥ པའི་ནང་རྒྱ་ནག་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ (Terry Branstad) མཆོག་བོད་ཀྱི་མཚོ་སྔོན་དང་རྒྱལ་ས་ལྷ་སའི་ཁུལ་དུ་གཟིགས་སྐོར་ལ་ཕེབས་རྗེས་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་ཞུ་དགོས་སྐོར་སྐུལ་དེད་བསྐྱར་ནན་གནང་ཡོད། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཡུ་རོབ་རྒྱལ་ཁབ་ལཊ་ཝི་ཡའི་རྒྱལ་ས་རི་གྷར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་དེ་ཚོགས་ཐུབ་བྱུང་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་གཞན་གནད་ཡོད་མི་སྣ་བཅས་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་བོད་དེ་རྒྱ་ཁོངས་ནམ་ཡང་མིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་འོས་ཤིང་འཚམས་པ་གཉིས་སྨན་དབུ་མའི་ལམ་ཡིན་པས་བོད་མིའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ལྟ་གྲུབ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཐོག་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་གི་སྐུ་ཚབ་ལྷན་གྲོས་མོལ་བྱེད་དགོས་པའི་རྒྱ་ནག་གཞུང་ལ་ནན་སྐུལ་བྱ་བཞིན་ཡོད་གནས་སོགས་ཀྱི་སྐོར་གྲོས་ཆོད་སྣོལ་འཇོག་གནང་ཡོད།

འདི་ལོའི་ཟླ་བ་ ༥ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་གང་ཉིད་ནས་དགུང་གྲངས་ ༡༡༣ སྐོར་སྐུ་ཚེ་བརྟན་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པར་དགའ་སྤྲོ་དཔག་མེད་དང་བཅས་དེ་རིང་གི་དུས་བཟང་འདིར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག བོད་ཀྱི་དུས་སྐབས་གཉན་འཕྲང་ཅན་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དམ་ཚིག་ཟོང་ཁ་གཅིག་ཏུ་བསྒྲིལ་ནས་ཁ་ཞེ་གཉིས་མེད་ཀྱིས་བཀའ་དགོངས་ཟབ་མོ་རྣམས་བསྒྲུབས་ཏེ་བཀའ་བཞིན་འགྲུབ་པ་མཆོད་པའི་མཆོག་གསུངས་པ་བཞིན་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་མཉེས་པ་འབའ་ཞིག་ཞུ་དགོས་པ་ནི་དོན་གྱི་སྙིང་པོ་ཞིག་ཡིན། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་དགུང་ཀེག་དངོས་གཞི་ཡིན་པར་སོང་ལྷ་བླའི་ཐུགས་དམ་དགོངས་དོན་བཞིན་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་མི་སེར་སྐྱ་ཡོངས་ནས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཞུ་སྒོ་ཁག་འབད་འབུངས་ཞུ་བཞིན་ཡོད་པ་དང། ད་དུང་ཡང་ཚང་མས་སླ་བཅོས་སུ་མ་སོང་བར་དམ་པ་དོན་གཉེར་གྱིས་ཧུར་བསྐྱེད་ཞུ་རྒྱུར་དུས་ཀུན་ཏུ་ཡིད་འཇགས་དགོས་པའི་སྐུལ་དེད་བསྐྱར་ནན་ཞུ་རྒྱུ་ཡིན།

སྤྱིར་བོད་ཀྱི་སྣོད་བཅུད་ཧྲིལ་པོ་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་ནས་མགོན་པོ་གང་ཉིད་ཀྱིས་དབུས་བྱེས་འབྱོར་བོད་མི་རྣམས་བཙན་བྱོལ་ལ་གྱར་ཏེ་མི་ལོ་ ༦༠ འགྲོ་བཞིན་ཡོད་ན་ཡང་། གནའ་ནས་ཆོས་སྲིད་གང་ཐད་ནས་འབྲེལ་འདྲིས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དབུས་སའི་གཞུང་མང་ཡོངས་ནས་གང་ཅིའི་ཐད་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་རྒྱ་ཆེ་གནང་བའི་བཀའ་དྲིན་དང། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང། དབུཁྲིད་རྣམ་པ། ཚོགས་པ་དང་མི་སྒེར་བཅས་ཚང་མར་དེ་རིང་གི་དུས་བཟང་འདིར་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ལ།།