སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཉི་ཤུ་རྩ་བདུན་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

img_7085

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན་མོ་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང། བླང་དོར་ལམ་སྟོན་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་དགྱེས་བཞེས་མཛད་དེ་མི་ལོ་ ༢༧ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པས་ཕྲན་གྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་སྐབས། སྐབས་དེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་གསལ་བསྒྲགས་གནང་བའི་ནང་ “བོད་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དེང་སྐབས་འཛམ་གླིང་ནང་གཅིག་གིས་གཅིག་ལ་གུས་བརྩི་དང། བཟོད་སྒོམ། འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ནས་ཞི་མཐུན་འགྲིག་འཇགས་ཡོང་ཐབས་གཙོ་བོར་གནང་མཁན་ཞིག་ཡིན་པའི་ཐོག བོད་ཀྱི་རྒྱལ་རབས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སོགས་ཀྱི་ཁྱད་ཆོས་བཟང་པོ་རྣམས་ཉམས་མེད་གཅེས་སྐྱོང་གི་མཛད་རྗེས་ཆེན་པོ་ཡོད་པ་ཞིག་ཡིན་པ་དང། འགྲོ་བ་མིའི་ཁེ་དབང་ཐོབ་ཐང་སྲུང་སྐྱོབ་མཛད་རྒྱུ་དང། གཞན་ཡང་འཛམ་གླིང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དོན་དུ་མཛད་བྱུས་དོན་ཕན་ལྡན་པ་ཕྱག་ལེན་དུ་བསྟར་གནང་མཛད་མཁན་ཞིག་ཡིན་པ་མ་ཟད། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་གི་གང་ཅིའི་མི་མཐུན་རྩོད་རྙོག་མཐའ་དག་ཞི་བའི་སྒོ་ནས་འཇགས་ཐབས་ཀྱི་དགོངས་འཆར་ཟབ་མོ་ཡང་ཡང་གནང་ཡོད།” ཅེས་འཁོད་ཡོད་པ་དང་། སྐབས་དེར་ཞི་བདེའི་གཟེངས་རྟགས་འབུལ་སྐབས་ལྷན་ཚོགས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་ཞིག་སྩལ་བའི་ནང། མགོན་པོ་མཆོག་གིས་དུས་རྟག་ཏུ་ཐུགས་བརྩེ་བ་ཆེན་པོས་བྱམས་པ་དང། སྙིང་རྗེ། བཟོད་སྒོམ། གཞན་ཕན་བཅས་ཕྱག་བཞེས་མཛད་བཞིན་པ་དང། སྐྱེ་བོ་ཚང་མར་ཆེ་མཐོང་གི་བརྩི་འཇོག་རྒྱ་ཆེ་གནང་བཞིན་པ་དེ་འཛམ་གླིང་ནང་རང་གཞན་ཚང་མའི་ཁྲོད་དུ་བདེ་དགའི་དཔལ་ལ་སྤྱོད་ཐུབ་པའི་ཐབས་ལམ་གཙོ་བོ་ཡིན་པ་དང། རྒྱ་གར་གྱི་མེས་པོ་དམ་པ་མཧཱཏ་མ་གྷན་དྷི་མཆོག་དེ་ཉིད་ཀྱིས་འཚེ་བ་ཡོངས་སུ་སྤངས་ཏེ་ཞི་བའི་ཐབས་ལམ་ཁོ་ནར་འཇུག་པའི་རླབས་ཆེན་མཛད་པ་བཟང་པོ་དེ་ལ་༸གོང་ས་མཆོག་ནས་སྐུ་གཞོན་ནུའི་དུས་ནས་ཡིད་སྨོན་དང་བསྔགས་བརྗོད་མཛད་ཀྱི་ཡོད་པ་སོགས་བཀའ་གནང་ཡོད་པ་དེ་རིང་སླར་ཡང་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན།

img_7077

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་བཅུ་ཕྲག་དུ་མའི་རིང་སྐུ་ངལ་ལྷུར་བཞེས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་༸ཞབས་ཀྱིས་བཅགས་ཏེ་སྐྱེ་འགྲོ་སྤྱི་ཡི་བདེ་ཐབས་འཚེ་མེད་ཞི་བའི་མཛད་འཕྲིན་སྤྱི་དང། ཁྱད་པར་འཛམ་གླིང་ཆོས་ལུགས་མི་འདྲ་བ་རྣམས་ཕན་ཚུན་དམ་གཙང་ངང་གནས་ཐབས། ཆོས་དང་མ་འདྲེས་པའི་བཟང་སྤྱོད་སྐོར་ངོ་སྤྲོད་ཁྱབ་སྤེལ། ནང་ཆོས་དང་ཚན་རིག་དབར་འབྲེལ་ལམ། བོད་ཀྱི་བདེན་མཐའ་གསལ་ཐབས་དང་། ཆོས་དང་རིག་གཞུང། སྐད་ཡིག བོད་ཀྱི་ཁོར་ཡུག་བཅས་པར་དམིགས་བསལ་ཐུགས་འཁུར་མཛད་བཞེས་བསྐྱངས་དང་སྐྱོང་བཞིན་པར་བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་པའི་ཆེ་བསྟོད་སོགས་གཟེངས་རྟགས་ཧ་ཅང་མང་པོ་འབུལ་བཞེས་གནང་དང་གནང་བཞིན་ཡོད།

ཉེ་བའི་སྔོན་དུའང་ཉི་ཧོང་དང་། སོག་ཡུལ་བཅས་སུ་ཆིབས་སྒྱུར་གྱིས་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཏེ། ཉི་ཧོང་དུ་ཆིབས་བསྒྱུར་སྐབས་ནང་ཆོས་དེ་ཆོ་ག་འདོན་རྒྱུའི་ལམ་སྲོལ་ཙམ་དུ་མ་སོང་བར་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་པ་དང། དཀོན་མཆོག་གསུམ་ངོ་ཤེས་པར་འགོག་བདེན་དང་ལམ་བདེན་གྱི་རྣམ་གཞག་ཤེས་དགོས་པས་དེ་དག་ལ་སློབ་སྦྱོང་བྱ་དགོས་པ་སོགས་ཟབ་ཅིང་གསལ་ལ་གནད་ཀྱི་སྙིང་པོའི་བཀའ་སློབ་ལམ་སྟོན་དང། ཡང་རང་རང་ཕ་མེས་ཀྱི་ཆོས་ལུགས་ནས་ཆོས་ལུགས་གཞན་དུ་བརྗེ་འགྱུར་བྱས་ན་དགེ་མཚན་མེད་སྐོར་བཀའ་སློབ་ཡང་ཡང་གནང་བ་ལྟར། ད་ལམ་ཉི་ཧོང་དུའང་བཀའ་སློབ་དེ་ལྟར་གནང་སྟེ་ཆོས་ལུགས་ཚང་མར་བརྩི་མཐོང་དང། ཕན་ཚུན་མཛའ་མཐུན་མཉམ་གནས་འབྱུང་བའི་ཐབས་མཁས་ཀྱི་མཛད་བཟང་བསྐྱངས་གནང་མཛད་ཡོད།

ཡུ་རོབ་ལ་ཏི་ཝི་ཡ་དང་། སུད་སི། སོ་ལོ་ཝ་ཀི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལི། སྦེལ་ཇམ་དང་ཕ་རན་སི། པོ་ལེནཌ་བཅས་སུ་ཞབས་ཀྱིས་བཅགས་ཏེ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དང་། ཁུལ་དེའི་བྷོ་ཛར་སྒྱུ་རྩལ་བསྟི་གནས་ཁང་དུ་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ། རྒྱལ་ཁབ་དེ་དག་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ཡུ་རོབ་མཐུན་ཚོགས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག སོ་ལོ་ཝ་ཀི་ཡ་སྲིད་འཛིན་མཆོག ཅེག་རིག་གཞུང་བློན་ཆེན་མཆོག་བཅས་དང་། གཞན་ཡང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་གནད་ཡོད་མི་སྣ་ཧ་ཅང་མང་པོར་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད།

img_7083

དེ་བཞིན་སོག་ཡུལ་རྒྱལ་ཁབ་ཀྱི་ནང་པའི་དགོན་པ་དགའ་ལྡན་ཐེག་ཆེན་གླིང་གིས་གདན་ཞུས་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་པར་རྒྱ་གཞུང་གི་མགྲིན་ཚབ་པས། ༸གོང་ས་མཆོག་གིས་ཆོས་ལུགས་ཀྱི་མིང་ཐོག་ནས་བོད་རྒྱ་གཉིས་ཁ་བྲལ་གཏོང་ཐབས་མཛད་པའི་སྙོན་འཛུགས་བྱས་པས་མ་ཚད། སོག་ཡུལ་གཞུང་ལའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐུན་འགྱུར་ཞུས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཚུལ་བཤད་པར་སུས་ཀྱང་ངོས་ལེན་བརྩི་འཇོག་བྱ་ཐབས་མེད་ལ། ལྷག་པར་བོད་དང་སོག་ཡུལ་གཉིས་དབར་བླ་སློབ་ཀྱི་མཛའ་འབྲེལ་ཐུན་མོང་མ་ཡིན་པ་ཡོད་པ་དེ་བཞིན་སུ་ཅིག་གིས་གཏོར་བཤིག་གཏོང་མི་ཐུབ། ད་རེས་རྒྱ་ནག་གཞུང་གིས་ཉེན་བརྡ་དང་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་སོག་པོའི་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་གདན་ཞུས་ཀྱིས་བཀའ་ཆོས་ཞུ་ཐུབ་པ་དེ་ནི་འོས་ཤིང་འཚམ་པ་ཞིག་ཡིན་པ་མ་ཟད་སོག་ཡུལ་གཞུང་མང་གཉིས་ཀྱི་འཕྲལ་ཕུགས་ཀྱི་དགེ་ཕན་ཆེན་པོར་གྱུར་ཡོད། སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་ཐུབ་པའི་སོག་པོའི་གཞུང་གིས་བློ་སྟོབས་སོགས་ལ་གནད་ཡོད་མི་སྣ་མང་པོས་ཐུགས་སྣང་ཆེན་པོས་གསུང་གླེང་གནང་བ་དང། ཆེད་རྩོམ་རིགས་སྤེལ་གནང་ཡོད་པ་བཅས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པ་མ་ཟད་ནང་པའི་ཡུལ་གྲུ་གཞན་ཚོས་མིག་དཔེ་གཟིིགས་དགོས་ཞེས་ཡུ་རོབ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཚོགས་པས་འབོད་སྐུལ་གསལ་བསྒྲགས་ཤིག་ཀྱང་གནང་ཡོད་པས། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་འོས་འཚམ་ཞིག་མིན་པ་གསལ་འདོན་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་གཉིས་དབར་ཞི་འགྲིག་ཡོང་ཐབས་སུ་ལྷག་བསམ་རྣམ་དག་གིས་རྒྱུན་སྐྱོང་མཛད་པ་དང་། བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་ཞེས་ཁ་བྲལ་མིན་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུ་ཡིན་པ་གསལ་པོ་ཤེས་བཞིན་དུ་རྒྱ་ནག་གཞུང་གིས་དུས་སྐབས་ནམ་བྱུང་ལ་ཁ་བྲལ་བ་ཞེས་ཡང་ནས་བསྐྱར་དུ་བཤད་དེ་རེ་སྟོང་ཞིག་འགྲུབ་རེའི་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ་བོད་རྒྱ་གཉིས་ཀའི་འཕྲལ་ཕུགས་གཉིས་ཕན་གྱི་ཞི་འགྲིག་ལ་འཕྲལ་ནས་མྱུར་དུ་བསམ་ཤེས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་འབྲེལ་མོལ་གང་མྱུར་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

འདི་ལོ་ ༢༠༡༦ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཀོ་ལོམ་སྦི་ཡའི་སྲིད་འཛིན་རིམ་བྱོན་ཨང་ ༣༢ པ་སྐུ་ཞབས་ Juan Manuel Santos མཆོག་གིས་ཡུལ་དེའི་མི་སེར་ནང་འཁྲུག་རྩོད་རྙོག་གི་འདུམ་འགྲིག་གནང་རྒྱུར་མི་ལོ་ ༥༢ རིང་ཆོད་སེམས་བརྟན་པོས་འབད་བརྩོན་གནང་བའི་སྙིང་སྟོབས་ལ་ངོས་འཛིན་གསལ་པོས་གཟེངས་བསྟོད་གནང་བ་ཞིག་ཡིན་སྟབས། ང་ཚོས་ཀྱང་སྲིད་འཛིན་མཆོག་གི་མཛད་བཟང་ལ་རྗེས་སུ་ཡི་རང་གིས་བསྔགས་བརྗོད་ཞུ་རྒྱུ་ཞིག་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དབྱར་གྱི་ཆུ་བོ་བཞིན་རྒྱས་བཞིན་པ་མ་ཟད། འཛམ་གླིང་ཆེ་དགུ་ཀུན་གྱིས་གུས་བཀུར་ཧ་ཅང་ཆེན་པོ་ཞུ་བཞིན་པ་ཀུན་གསལ་ཡང། རང་རེའི་སྤྱི་ཚོགས་ནང་བོད་མི་རེ་ཟུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་གཞི་མེད་ཀྱི་མཚན་སྨད་སྒྲོ་སྐུར་བྱེད་བཞིན་པ་ནི་དྲིན་ལན་ལོག་འཇལ་དང། དགྲ་དགའ་གཉེན་སྡུག་གི་བྱེད་བབ་ཞིག་ལས་མ་འདས་ན་བཀའ་དྲིན་བསམ་ཤེས་ཀྱིས་བླང་དོར་འཇུག་ལྡོག་མ་འཛོལ་བ་བྱ་དགོས་པ་མ་ཟད། དེ་རིགས་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་ཀྱང་གདོང་ལེན་མཐའ་གཅིག་ཏུ་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཆེན་གལ་ཆེ་ཞིག་ཀྱང་ཡིན། འོན་ཀྱང་རང་རེའི་ཕ་ཡུལ་བོད་ལྗོངས་འདི་བཞིན་རྒྱ་དམར་གྱི་བཙན་འོག་ཏུ་ཚུད་པ་ནས་བཟུང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པའི་གནས་ཚུལ་རྣམས་བགྲངས་ཀྱིས་མི་ལངས་ཀྱང་། ཉེ་བའི་དུས་ཀྱི་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང། ལྷག་པར་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་བཅས་པར་གཏོར་སྐྱོན་བཏང་དང་གཏོང་བཞིན་ཡོད།

དཔེ་མཚོན་ཙམ་ཞུས་ན། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་ད་ལྟའི་གནས་སྟངས་དང་བོད་དང་རྒྱ་ནག་ནང་ཁུལ་བཅས་ནས་ཆབ་སྲིད་དང་འབྲེལ་བ་མེད་པའི་འཛམ་གླིང་ནང་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དུས་འཁོར་དབང་ཆེན་ཞུ་བར་བཅར་རྒྱུར་དམ་བསྒྲགས་བྱེད་པ་སོགས་ཀྱིས་བོད་དང་རྒྱ་ནག་ནང་དོན་དངོས་ཀྱི་ཆོས་དད་ལ་རང་དབང་ཇི་བཞིན་སྤྲོད་ཀྱི་མེད་པ་གསལ་པོར་མངོན་ཐུབ།

རྒྱ་ནག་ནང་ཁུལ་ནས་བོད་ཀྱི་ས་ཁུལ་གང་སར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུར་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་སྟེ་ལས་གཞི་རྒྱ་བསྐྱེད་ཇི་ཆེར་གཏོང་བཞིན་པ་འདི་ནི་བོད་འདི་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ཏུ་འགྱུར་རྒྱུའི་སྲིད་བྱུས་འཕྲལ་ནས་མྱུར་དུ་ལག་ལེན་འཁེལ་ཐབས་སུ་བྲེལ་བཞིན་པ་ཞིག་ཡིན།

བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་ཉིན་རེ་ནས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད། དཔེར་ན་ཡུའུ་ནན་ཞིང་ཆེན་བདེ་ཆེན་ཁུལ་འཇོལ་གྲོང་སྡེ་ཟེར་བའི་ས་གནས་ཀྱི་གནས་རི་ཡོད་སར་རྒྱ་ནག་གི་གཏེར་འདོན་ཚན་པས་ཟངས་ཀྱི་གཏེར་ཁ་སྔོག་འདོན་བྱེད་པར་ས་གནས་ཡུལ་མི་ཚོས་གནས་རི་ནས་གཏེར་སྔོག་བྱ་རྒྱུ་མཚམས་འཇོག་དགོས་འདུན་བྱས་པར་བདག་སྤྲོད་ལྟ་ཅི་བོད་མིར་དྲག་གནོན་འཛིན་བཟུང་དང། ཐ་ན་མི་གསོད་ཆོག་པའི་གོང་རིམ་གྱི་བཀའ་ཡོད་ཚུལ་གྱིས་འཇིགས་སྐུལ་ཉེན་བརྡ་གཏོང་བ་བཅས་ཁུལ་དེའི་གནས་སྟངས་ཛ་དྲག་ཅི་ཆེར་གནས་ཡོད།

ཡང་ཡུའུ་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་འཇུ་བདེ་ཆེན་ཞེས་པའི་གྲོང་སྡེ་རུ་འབྲི་ཆུ་བཀག་ནས་གློག་གི་ཆུ་མཛོད་བཟོ་ཕྱིར་ས་གནས་ཡུལ་མི་ཆ་ཚང་གནས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་བར་ཁུལ་དེའི་ཡུལ་མི་འདུ་འཛོམས་ཀྱི་དཀའ་ངལ་བདེ་སྡུག་ཞུས་པར་བསམ་ཤེས་མེད་པའི་ཁར་ཉེས་རྡུང་དྲག་པོ་དང་། འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང། སྤྱིར་བོད་ནང་ཆུ་མཛོད་མང་པོ་བརྒྱབས་དང་རྒྱག་བཞིན་པའི་རྐྱེན་གྱིས་བོད་ཀྱི་རང་བྱུང་ཁོར་ཡུག་དང། འབྲོག་ས་ཁག་གཙོ་གྱུར་བོད་མིའི་ཉིན་རེའི་འཚོ་བ་སྐྱེལ་ཕྱོགས་ལ་དཀའ་ངལ་དང་ཉེན་ཚབས་ཤིན་ཏུ་ཆེན་པོ་བཟོ་བཞིན་ཡོད།

img_7102

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དམ་དྲག་ཅི་ཆེའི་འོག་ཆབ་སྲིད་སོགས་ཀྱི་ཉེས་མིང་སྣ་ཚོགས་གཡོགས་ཏེ་ཉེས་མེད་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་སོགས་སྡུག་སྦྱོང་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པ་ལྟར། ཉེ་ཆར་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༦ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རྔ་པ་རང་སྐྱོང་ཁུལ་ཟེར་བའི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་མདོ་སྨད་རྔ་པའི་སྐྱ་སེར་ཕོ་མོ་བཅུ་ཙམ་ལ་ལོ་ལྔ་ནས་བཅུ་བཞིའི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་དང་བསྟུན་དེ་རིང་ཉིན་རྒྱབ་ནས་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་དང་འབྲེལ་ས་གནས་ཡུལ་མི་རྣམས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་བ་དང། ཧིན་བོད་མི་མང་དབར་མཛའ་བརྩེའི་ལར་ཞེན་གཡོ་བ་མེད་པའི་རྣམ་པ་མཚོན་གྱི་ཡོད་སྟབས། ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་འགན་བཞེས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་དབུས་སའི་གཞུང་དང། མི་མང་གིས་ང་ཚོར་ཕན་གྲོགས་གནང་བའི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་ཐབས་མེད་པས་ད་རེས་སླར་ཡང་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། ད་དུང་ཧིན་བོད་གཉིས་ཀྱི་མི་མང་དབར་མཛའ་མཐུན་གོང་འཕེལ་མུ་མཐུད་གནས་རྒྱུར་ཚང་མས་མཉམ་རུབ་རྒྱུན་བསྲིངས་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཛམ་གླིང་ས་གཞི་འདིའི་སྟེང་རང་དབང་མང་གཙོ་དང། དྲང་བདེན་ལ་དགའ་ཞེན་དང་གུས་བཀུར་བྱེད་མཁན་གྱི་གཞུང་དང་གྲོས་ཚོགས། དེ་མིན་ཚོགས་སྒེར་སོགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་ཐོག་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་མ་ཟད། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

མཐའ་དོན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཞི་བདེ་འབྱུང་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།                  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ལ།།