སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༦ པ་བདེ་བར་གཤེགས་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་༸སྐུ་གདུང་ཞུགས་འབུལ་ལ་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་བཅར་གནང་བ།

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ ཉིན་ཧེ་མ་ཅལ་མངའ་སྡེའི་རྒྱལ་སར་སིམ་ལར་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་དགོན་པར་བདེ་བར་གཤེགས་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་༸སྐུ་གདུང་ཞུགས་འབུལ་གནང་བར་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ནམ་མཁའ་སྙིང་པོ་རིན་པོ་ཆེ། ༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ། ༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་སོགས་མཁན་སྤྲུལ་ཆེ་ཁག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་གྲྭ་མཁན་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དགོན་སྡེ་ཁག་དང་ཆོས་བརྒྱུད་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་ཐོག གདུང་ཁང་གི་ཕྱོགས་བཞིར་བླ་ཆེན་རྣམ་པ་དབུ་བཞུགས་ཀྱིས་བྱང་གཏེར་འགྲོ་བ་ཀུན་གྲོལ་དང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། གནམ་ཆོས་བདེ་ཆེན་ཞིང་སྒྲུབ། སྨིན་གླིང་རྡོར་སེམས་བཅས་ཀྱི་ཆོ་གའི་སྒོ་ནས་༸སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་བ་དང་། ཕྱི་ནང་ཡུལ་གྲུ་མང་པོ་ནས་དད་ལྡན་སེར་སྐྱ་བརྒྱ་ཕྲག་མང་པོ་ལྷན་བཅར་ཞུས་ཡོད།

སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ལོར་ ༢༠༡༦ ཟླ་ ༡༢ ཚེས་ ༢༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད། བདེ་བར་གཤེགས་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་བོད་དབུས། ལྷོ་ཁ་ས་ཁུལ་ཡར་འབྲོག་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ། ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་རིན་པོ་ཆེ་མཆོག་ལ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་པ་དང། དགུང་ལོ་ལྔ་ནས་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གསན་བསམ་དབུ་བཙུགས་ཀྱིས་ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་དང། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་སྐུ་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་ནས། རིམ་བཞིན་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་སྔ་འགྱུར་རྙིང་མའི་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་མ་ཟད་བོད་བསྟན་སྲིད་སྤྱི་ལ་ཞབས་འདེགས་རླབས་ཆེན་ཞུས་གནང་ཡོད། ཁྱད་པར་དུ་ཕྱི་ལོ་ ༢༠༡༢ ནས་རྙིང་མ་པ་ཡོངས་ཀྱིས་གསོལ་འདེབས་ཨུ་ནན་ཞུས་པ་བཞིན་རིན་པོ་ཆེ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་ཐུགས་འགན་བཞེས་ཡོད།