སྐུ་ཞབས་ར་ཧུལ་གྷན་རྡི་ Rahul Gandhi མཆོག་ལ་ཕེབས་བསུ་ཞུ་ཕྱིར་སྤྱི་ལྷན་གྱི་སྐུ་ཚབ་བཅར་བ།

[envira-gallery id=”13489″] ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་གར་ཆབ་སྲིད་ཚོགས་པ་ཀོང་རེ་སི་ཨ་ཡི་ Indian National Congress ཡི་ཚོགས་གཙོ་གཞོན་པ་སྐུ་ཞབས་ར་ཧུལ་གྷན་རྡི་མཆོག་ཧི་མ་ཅལ་མངའ་སྡེའི་ཀོང་རེ་སི་སྲིད་གཞུང་གིས་ལོ་བཞིའི་རིང་ལས་དོན་ཇི་གནང་ཡོངས་བསྒྲགས་གནང་རྒྱུ་དང་། རྗེས་ལོའི་ནང་འོས་བསྡུ་དང་འབྲེལ་བའི་ཆེད་བཅས་ཀྱི་འདུ་འཛོམས་ཐོག་གསུང་བཤད་གནང་བར་ཕེབས་པར་དཔལ་ལྡན་སྤྱི་ལྷན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག ཚོགས་དྲུང་བཅས་ཧི་མཱ་ཅལ་མངའ་སྡེའི་ཀོང་རེ་སི་ཨ་ཡི་ཚོགས་པའི་དབུ་འཁྲིད་རྣམ་པ་དང་། མང་ཚོགས་བཅས་རྡ་ཤོད་ཀ་ཅ་རི་སྐོར་སྲུང་བའི་ཐང་ཆེན་དུ་འདུ་འཛོམས་ཡོད་སར་ཆེད་བཅར་གྱིས་ཚོགས་པའི་གཙོ་འཛིན་གཞོན་པ་མཆོག་ལ་དགའ་བསུའི་མཇལ་དར་འབུལ་ལམ་ཞུས་ཡོད་པ་རེད། རྒྱ་གར་གཞུང་མང་གཉིས་བོད་མིར་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པས་གཞུང་འཛིན་དང་། གཞུང་འཛིན་མ་ཡིན་པའི་ཚོགས་པ་ཁག་གི་དབུ་འཁྲིད་རྣམ་པ་བཞུགས་སྒར་དང་། དེའི་ཉེ་ཁུལ་དུ་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་དྲིན་བསམ་ཤེས་ངང་གུས་བཀུར་དང་དགའ་བསུ་ཞུ་རྒྱུའི་གོ་སྐབས་ཐོབ་རྒྱུའི་འབད་རྩོལ་གནང་དང་གནང་བཞིན་ཡོད།