སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད།

༄༅། །དཔལ་ལྡན་སྲིད་སྐྱོང་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་མཆོག དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ། ཐོག་མར་དེར་ངས་ང་ཚོ་སྤྱི་འཐུས་གཉིས་ཙམ་མ་གཏོགས་ཚང་མ་ལོགས་ད་རེས་གྲོས་ཚོགས་ལ་བདེ་བཅར་གནང་ཐུབ་པ་དེར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ནས་ད་རེས་ཀྱི་གྲོས་ཚོགས་དེ་སྔོན་རྩིས་ཀྱི་གྲོས་ཚོགས་རེད། དེའི་ནང་ལས་རིམ་གང་དང་གང་ཡོད་པ་རེད་ཅེས་ཞུས་པ་ཡིན་ན། ཐོག་མ་དེར་མྱ་ངན་གྲོས་འཆར་གྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ཅིག་ཡོད། དེ་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་ཡོད། དེ་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་གྱིས་སྔོན་རྩིས་ཀྱི་གསུང་བཤད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཐུགས་ཞིབ་གནང་བའི་སྙན་ཐོ། དེ་ནས་ཁྲིམས་བཟོའི་ལས་རིམ་ཁ་ཤས་ཤིག་དང་། དེ་མིན་གྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོ། དེ་མིན་གྱི་དྲི་བ་ཁ་ཤས་ཤིག་དང་གཞན་ཡང་ཐུགས་སྣང་གཞེན་སྐུལ་ཡོད་ན་ཡོད་པ་རེད། ད་ལྟའི་ཆར་གང་ཡང་འབྱོར་མ་སོང་། དེ་ནས་རེས་གཟའ་པ་སངས་ཉིན་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཡོད་པ་ཡིན་ན་དེ་ལྟར་རེད། མདོར་ན་ལས་རིམ་དེ་འདྲ་ཡོད།

གྲོས་ཚོགས་ཚོགས་དུས་དྲུག་པ་གྲོལ་བ་ནས་བཟུང་སྟེ། ད་ལྟ་བར་དུ་ཟླ་བ་དྲུག་ནང་ལས་ཀ་གང་དང་གང་བྱུང་བ་འདི་སྟོང་མིན་ཙམ་ཞིག་ཞུས་པ་ཡིན་ན། དང་པོ་དེར་ཕྲན་རང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་མོར་ཚོགས་གཙོའི་ལས་འགན་གྱི་དམ་འབུལ་ཞུས་པ་རེད། དེའི་རྗེས་ལ་ཚོགས་གཙོ་སྦྲེལ་པོ་གནས་མཆོག་རྡོ་རྗེ་གདན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ལ་བཅར་རྒྱུའི་གོ་སྐབས་བྱུང་སོང་། དེ་ནས་ང་རང་ཚོ་ལོ་གཉིས་དང་ཕྱེད་ཀ་ལ་ས་བགོས་ཡོད་པ་ནང་བཞིན་གྱིས། ད་རེས་ཟླ་བ་དྲུག་དེའི་ནང་ལ་བལ་ཡུལ་སྤོག་ར་ཁུལ་རེད། གློ་སྒྲིག་རེད། གློ་ཚེ་རོག་ལ་སོགས་པར་བཅར་རྒྱུ་བྱུང་བ་དང་། དེ་བཞིན་རྡ་རམ་ས་ལ་ཁུལ་རེད། Ranchi, Mundgod དང་དེའི་ཉེ་འགྲམ་སུད་ཚོང་ཁག རྡོར་གླིང་དང་དེའི་ས་ཁུལ་ཉེ་འགྲམ་ཁག Chandigarh, Mohali, Ambala, Patiala, Ludhiana and Jalandhar བཅས་ལ་ང་ཚོ་ས་བགོས་ཕེབས་ཐུབ་པ་བྱུང་འདུག

དེ་བཞིན་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱིས་ཞུ་གཏུག་གི་ལས་འཆར་བརྩམས་པ་གཞི་བཟུང་གིས། Andhara, UP,Bihar མ་གཏོགས་པའི་མངའ་སྡེ་གཞན་དག་ཆ་ཚང་ལ་བཅར་ཐུབ་པ་བྱུང་འདུག དེ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་རྒྱུ་འདི། Denmark,Norway, England, Scotland བཅས་ལ་སྤྱི་འཐུས་སྐུ་ཚབ་ཕེབས་ཐུབ་པ་བྱུང་ཡོད།

ཧི་མ་ཅཱལ་མངའ་སྡེ་དང་རྒྱ་གར་དབུས་གཞུང་གྲོས་ཚོགས་ལ་ང་ཚོས་གང་གནང་ཡོད་པ་རེད་ཅེས་ཞུས་ན། ཧི་མ་ཅཱལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་རྡ་རམ་ས་ལར་ཚོགས་པའི་སྐབས་དེར། དེ་སྔོན་ང་ཚོ་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་གནང་བའི་སྐབས་ལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གདན་འདྲེན་ཞུ་རྒྱུ་རེད། དེ་རྗེས་མངའ་སྡེའི་གྲོས་ཚོགས་ཚོགས་སར་ང་ཚོའི་ངོས་ནས་གསོལ་ཇ་ཞལ་ཏོག་སྟབས་བདེ་ཞིག་འདེགས་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་བ། དེ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི། ང་ཚོས་ལོ་གཉིས་དང་ཕྱེད་ཀ་དེའི་ནང་ལ་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཐུག་འཕྲད་བྱུང་ཡོད་པ་རེད། ཁོ་རང་ཚོ་དུས་ཚོད་ཚང་རན་གྱི་ཡོད་ཙང་ཁོང་རྣམ་པར་མཇལ་འཕྲད་ཞུ་རྒྱུ་དང་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུས་མཚོན་པ་བྱུང་ཡོད།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གི་དབུ་འཁྲིད་དེ་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་མངའ་སྡེ་ Andra Pradesh ཡི་ Vijaywada ས་གནས་སུ་བོད་ཀྱི་གནད་དོན་དེ་རྒྱ་གར་ལ་ག་ཚོད་གལ་ཆེན་པོ་ཡིན་པ་” (How Important is Tibet Issue to India) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཐུབ་པ་བྱུང་ཡོད། དེ་ནས་སྤྱི་འཐུས་ལྷན་ཚོགས་ལ་ཟླ་བ་དྲུག་དེའི་ནང་ལ་སྐུ་མགྲོན་ཕེབས་མཁན་དང་དེའི་ཐོག་ལ་ང་ཚོ་མཇལ་མོལ་ཞུ་རྒྱུའི་ཐོག་ལ་བརྗོད་ན། ཉེ་ཆར་རྒྱལ་ཁབ་ཁག་འདྲ་མིན་ནས་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཕེབས་ཡོད་པ་རེད། ཁོང་རྣམས་ལ་མཇལ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་སོང་། དེ་དེ་བཞིན་གྱི་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག དཔེར་ན། རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradeep Tamta མཆོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་གྱི་མཛད་སྒོར་ཕེབས་ཡོད་པ། ཁོང་དང་མཉམ་དུ་ང་ཚོ་གསོལ་ཚིགས་དང་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་། ལྷོ་ཨ་མི་རི་ཀའི་ས་གནས་ Chile གྲོས་ཚོགས་འཐུས་མི་ཁག་ཅིག ཨ་རི་གྲོས་ཚོགས་འཐུས་མི་ཁག་ཅིག ཨ་རི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT) གི་སྐུ་ཚབ་ཚོགས་ཆུང་མཇལ་འཕྲད་གནང་རྒྱུ་རེད། དེ་ནས་ Scotish Cultural group ཁག་ཅིག ཇེ་ནི་ཝ་ Geneva ནས་སྐུ་ཚབ་ཚོགས་ཆུང་ཁག་ཅིག ཨོ་སི་ཀྲོ་ལི་ཡའི་ནས་རྒྱ་རིགས་ཁག་ཅིག ཐའེ་ཝན་ནས་རྒྱ་རིགས་ཁག་ཅིག་བཅས་དང་། དེ་མིན་གྱི་རྒྱལ་ཁབ་ཁག་ནས་མཐོ་སློབ་དང་སློབ་གྲྭའི་སློབ་ཕྲུག་ཁག་སྤྱི་ལྷན་དུ་འཚམས་གཟིགས་དང་འབྲེལ་གྲོས་ཚོགས་ཀྱི་གནས་ཚུལ་རེད། བོད་དོན་ཐོག་ངོ་སྤྲོད་ཞུས་ཡོད། འབྱུང་བའི་གནོད་སྐྱོན་ཐོག་ལ་དཔེར་ན། བོད་མིའི་གཞིས་ཆགས་ཀུ་ལུ་མ་ན་ལི་ལ་ཆར་ཞུད་ཀྱི་རྐྱེན་པས་ཆུ་ལོག་བྱུང་བ་དང་། དེ་དེ་བཞིན་གྱི་ཨོ་ཌི་ཤ་ལ་འབྱུང་བའི་རྐྱེན་པའི་གནོད་སྐྱོན་ཆེན་པོའི་ཕོག་སྟེ་ཁང་པ་དང་། འཚོ་བ། ཞིང་ཁ་བཅས་སུ་དོ་ཕོག་ཤུགས་ཆེ་ཕྱིན་པར་སྤྱི་ལྷན་ནས་ཐུགས་གསོའི་སླད་ཚོགས་གཙོའི་ངལ་སེལ་ནས་ཞལ་འདེབས་འབུལ་ཐུབ་པ་དང་། དེ་མིན་གྱི་ཚོགས་གཙོ་རང་ཉིད་ལྟ་བུར་ཆ་མཚོན་པ་ཡིན་ན། སྤུ་རུ་ཝ་ལ་ས་སྐྱ་གཞིས་སྒར་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་གྱི་མཛད་སྒོར་སྐུ་མགྲོན་དུ་བཅར་རྒྱུའི་གོ་སྐབས་བྱུང་བ། མོན་གྷོ་རུ་རྒྱ་གར་ནང་ཡོད་བསྡད་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༣ པའི་ཚོགས་འདུའི་སྐབས་སྐུ་མགྲོན་གཙོ་བོར་བཅར་རྒྱུའི་གོ་སྐབས་བྱུང་བ། ང་ཚོས་ཉེ་ཆར་ཨ་རི་སྲིད་འཛིན་མཆོག་དང་གྲོས་ཚོགས་གོང་འོག་གཉིས་ནས་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་ Reciprocal Access to Tibet Act གཏན་འབེབས་གནང་བ་དང་དེར་སྲིད་འཛིན་གྱི་ཆོག་མཆན་ཐོབ་པ་དེར་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་འབུལ་རྒྱུ་བཅས་བྱུང་བསྡད་ཡོད་ཅེས་ཞུ་རྒྱུ་ཡིན།

དེ་ནས་ང་རང་ཚོ་ཚང་མ་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས་ཤིག་བཅོལ་ནས་འོས་འདེམས་བྱུང་བཞག་པའི་སྐུ་ཚབ་ཤ་སྟག་ཅིག་རེད་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོས་ལས་དོན་གང་འདྲ་ཞིག་བྱས་པ་ཡིན་ནའང་རྒྱ་ཆེའི་མང་ཚོགས་ཐུགས་མ་ཕམ་པ་ཞིག་དང་རྒྱ་ཆེའི་མང་ཚོགས་དགའ་བ་སྐྱེ་འོས་པ་ཞིག་བཟོ་དགོས་པ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་རེད། འདི་འདྲ་ཡིན་ཙང་ང་རང་ཚོ་གྲོས་ཚོགས་ནང་ལ་བཀའ་མོལ་གནང་མཁན་སུ་དང་སུ་ཡིན་པ་ཡིན་ནའང་བཀའ་མོལ་གང་འདྲ་ཞིག་གནང་བ་ཡིན་ནའང་རྒྱ་ཆེའི་མང་ཚོགས་ཀྱི་ཐུགས་ལ་བབ་པ་ཞིག་ཡོང་གི་འདུག་དང་མི་འདུག་དེ་དོ་བདག་རང་ཉིད་སོ་སོའི་ངོས་ནས་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་འདུག འདི་འདྲ་ཡིན་ཙང་ང་ཚོའི་གྲོས་ཚོགས་འདི་གྲུབ་པའི་རྗེས་ལ་རྒྱ་ཆེའི་མང་ཚོགས་དགའ་བ་སྐྱེ་འོས་པ་ཞིག་བཟོས་ན། ང་ཚོའི་གྲོས་ཚོགས་དེ་ཚོགས་པའི་ཚུགས་གོ་ཆོད་པ་རེད། གྲོས་ཚོགས་འདི་གྲོལ་བའི་རྗེས་ལ་མང་ཚོགས་ཐུགས་ཕམ་སྐྱེ་རྒྱུ་ཞིག་བྱུང་བ་ཡིན་ན། ང་ཚོ་གྲོས་ཚོགས་ཚོགས་པ་དེ་ཚོགས་གོ་ཆོད་ཡོད་པ་མ་རེད་ཅེས་ཞུ་འདོད་བྱུང་། དེ་ནས་ང་ཚོ་བཀའ་མོལ་ག་རེ་གནང་བ་ཡིན་ནའང་གང་ལྟར་བོད་སྤྱི་པའི་རྩ་དོན་ཡིན་ནའང་རེད། བོད་རྒྱལ་ཁབ་དང་མི་རིགས་ལ་ཐུགས་ཕན་གསོས་པ་ཞིག་གནང་དགོས་པ་འདི་གལ་ཆེན་པོ་རེད། གང་ལྟར་ང་ཚོའི་གྲོས་ཚོགས་འདི་སྤུས་ཀ་ཡག་པོ་ཞིག་བཟོས་དང་མ་བཟོ་ཟེར་བ་དེ་ང་རང་ཚོ་དཀྱིལ་འཁོར་འདིའི་ནང་ཡོད་བསྡད་པའི་ཆ་ཤས་བཞེས་མཁན་ཚང་མ་ལོག་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་འབྱུང་འགྱུར་ང་རང་ཚོའི་མི་མང་ཙམ་མིན་པར་མང་གཙོའི་རྒྱལ་ཁབ་གཞན་དག་ཚོས་ཀྱང་ང་ཚོར་མིག་དཔེ་ལྟ་ཐུབ་པ་ཞིག་བཟོ་ཐུབ་པ་བྱུང་བ་ཡིན་ན། ང་ཚོའི་རྒྱལ་ཁ་རེད་ཅེས་ཞུ་རྒྱུ་ཡིན། དེ་ནས་ད་རེས་ད་གིན་སྔོན་ལ་ངས་ཞུས་པ་ནང་བཞིན་གྱིས་ད་རེས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་ཆ་ཚང་དགོངས་ཞུ་གནང་མཁན་བཀུར་འོས་སྤྱི་འཐུས་རྣམ་པ་གཉིས་མ་གཏོགས་པའི་གཞན་དག་ཚང་མ་ལོག་ཕེབས་ཐུབ་ཡོད་ཞུ་རྒྱུ་ཡིན།

ད་རེས་ཀྱི་གྲོས་ཚོགས་དེ་རྒྱལ་ཁའི་ངང་ནས་གྲོལ་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། ཐུགས་བཞེད་ལྷུན་གྱི་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།