སྐབས་ ༡༥ པའི་སྤྱི་འཐུས་རྣམ་པ་ས་གནས་སོ་སོར་འཚམས་གཟིགས་དང་ས་བགོས་ཕྱོགས་བསྐྱོད་དུ་ཕེབས་རྒྱུར་ཚོགས་གཙོ་སྦྲེལ་པོས་ལམ་སྟོན་བཀོད་ཁྱབ་གནང་ཡོད།

སྐབས་ ༡༥ པའི་སྤྱི་འཐུས་རྣམ་པ་ས་གནས་སོ་སོར་འཚམས་གཟིགས་དང་ས་བགོས་ཕྱོགས་བསྐྱོད་དུ་ཕེབས་རྒྱུར་ཚོགས་གཙོ་སྦྲེལ་པོས་ལམ་སྟོན་བཀོད་ཁྱབ་གནང་ཡོད།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་ཚོགས་དུས་དང་པོའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་འཐུས་རྣམ་པ་ས་གནས་ཁག་ལ་ཕེབས་རྒྱུའི་སྐོར་ལ་བགྲོ་གླེང་གནང་སྐབས། སྐབས་ ༡༣ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་ཡིག་ཆ་ཨང་ ༤༠ དགོངས་དོན་ལྟར་སྤྱི་འཐུས་རྣམ་པ་བོད་མི་འདུ་སྡོད་ས་གནས་སོ་སོར་འཚམས་གཟིགས་དང་ས་བགོས་ཕྱོགས་བསྐྱོད་དུ་ཕེབས་རྒྱུ་མུ་མཐུད་གོ་སྒྲིག་གནང་ན་ལེགས་པའི་དགོངས་མཐུན་བྱུང་བ་བཞིན། སྤྱི་ལྷན་སྐབས་ ༡༥ པའི་ལས་རྒྱུན་ཧྲིལ་པོའི་རིང་སྤྱི་འཐུས་རྣམ་པ་ས་བགོས་ལྟར་ཕྱོགས་བསྐྱོད་ཐེངས་གཉིས་རེ་ཕེབས་རྒྱུ་དང་། ལོ་གཉིས་དང་ཕྱེད་ཀའི་རྗེས་ནས་ས་བགོས་ས་གནས་བརྗེ་བསྒྱུར་གནང་རྒྱུ་ཡིན་པ་དང་། དེ་བཞིན་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་གོང་འཚམས་གཟིགས་སུ་ཕེབས་གྲུབ་པ་དགོས་པ་ལྟར། ཚོགས་གཙོ་སྦྲེལ་པོས་ ༢༠༡༡ ཟླ་ ༦ ཚེས་ ༡༦ ཉིན་འཚམས་གཟིགས་དང་ས་བགོས་ཕྱོགས་བསྐྱོད་ཀྱི་སྐོར་ལ་ལམ་སྟོན་བཀོད་ཁྱབ་གནང་ཡོད།

ཚོགས་གཙོ་སྦྲེལ་པོའི་འཚམས་གཟིགས་ལམ་སྟོན་ནང་། ཐེངས་འདིའི་འཚམས་གཟིགས་སྐབས། སྤྱི་འཐུས་རྣམ་པས་ མང་ཚོགས་ལ་ལམ་སྟོན་གསུང་བཤད་ཀྱི་བརྗོད་གཞི་དོན་གནད་གལ་ཆེན་ཁག་དང༌། སྐབས་འབྲེལ་གྱི་གནང་སྒོའི་སྐོར་བཀོད་ཡོད་པ་དང་། དེ་ཡང་གཙོ་ཆེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ ༢༥ པའི་བྱུང་རིམ་དང་ནང་དོན། རྗེས་འབྲས་ཀྱི་སྐོར་ལ་གསལ་བཤད་དང་། ས་གནས་འཐུས་མིའི་ཚོགས་འདུ་ཁག་འོས་འདེམས་བྱེད་ཕྱོགས་སྐོར་ལ་ཞིབ་འཇུག་གནང་དགོས་པའི་འགན་བསྐུར་གནང་ཡོད་ཅིང་། ཞིབ་ཕྲའི་ལམ་སྟོན་དོན་ཚན་ ༧ ཡོད་པ་གཤམ་གསལ།

༡༽  སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་སྐོར།

༢༽  བོད་དང་རྒྱ་ནག བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར།

༣༽  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་དུས་ལ་བསྩལ་བའི་གསུང་འཕྲིན། གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྔ་རྗེས་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དང༌། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བར་གྱི་བྱུང་རིམ་སྐོར།

༤༽  སྐབས་ ༡༤ པའི་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཇི་བྱས་སྐོར་དང༌། དེའི་ནང་ཐ་སྙད་ལ་སོགས་འགྱུར་བ་ཇི་ཕྱིན་སྐོར་གསལ་བཤད།

༥༽  སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་དོན་དང་འབྲེལ་བའི་གསལ་བཤད།

༦༽  ས་གནས་འཐུས་མིའི་ཚོགས་འདུ་ཡོད་རིགས་ཀྱི་ས་གནས་སོ་སོའི་དངོས་ཡོད་འོས་བསྡུ་བྱེད་སྟངས་བྱུང་རིམ་དང་བཅས་པ་བཅའ་ཁྲིམས་དོན་ཚན་དོན་བརྒྱད་པའི་ནང་གསེས་ ཀ་ དང་ ཁ་ གང་གི་འོག་ལག་བསྟར་བྱེད་བཞིན་ཡོད་མེད་ཞིབ་འཇུག་གིས་སྙན་ཐོར་ཁ་གསལ་འགོད་དགོས་པ་དང༌། ས་འཐུས་མེད་སར་ས་འཐུས་འཛུགས་མ་ཐུབ་པའི་རྒྱུ་རྐྱེན་ཇི་ཡིན་དང༌། འཛུགས་ཐུབ་པའི་ཐབས་ལམ་ཇི་ཡོད་ལའང་ཞིབ་འཇུག་གིས་སྙན་ཐོར་འགོད་དགོས།

༧༽  གཞན་འཆར་ཅན་འགྲོ་སྟངས་ལྟར། ས་གནས་ཀྱི་གནས་སྟངས་ལ་བལྟས་ཏེ་བབ་གཟིགས་གནང་དགོས།

 

སྤྱི་འཐུས་རྣམ་པ་ས་གནས་སོ་སོར་ཆ་བགོས་ཀྱིས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆའི་ནང་། 

༡༽   ས་གནས་ས་བགོས།

ཚོགས་གཙོ་སྦྲེལ་པོས་ས་གནས་ཀྱི་གནས་བབ་དང་བསྟུན་ནས་ས་བགོས་བྱས་ཡོད་ནའང༌། ས་ཁོངས་ཀྱི་སྤྱི་འཐུས་ནང་ཁུལ་ལས་བགོས་དང་ས་བགོས་ཇི་གནང་མོས་མཐུན་ལྟར་གནང་འཐུས། སོ་སོའི་ཁྱབ་ཁོངས་ནང་སུད་ཚོང་དང་ཁ་འཐོར་བོད་མིའི་འདུ་སྡོད་མ་ཚུད་པ་ཡོད་རིགས་དེ་དག་ལའང་སྤྱི་མཚུངས་གཟིགས་རྟོག་དགོས་རྒྱུ་དང༌། ཚོགས་དྲུང་ལས་ཁུངས་སུ་མཁྱེན་རྟོགས་སླད་འབྲེལ་བ་གནང་དགོས།

༢༽   ལས་དོན་ཞུ་སྒོ་ཁག

ཀ    སོ་སོའི་ས་ཁུལ་གྱི་མི་མང་རྣམས་ལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་གསལ་རྟོགས་ཐུབ་པ་བཟོ་རྒྱུ། དེ་བཞིན་རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་དང་བོད་ནང་གི་གནས་སྟངས་ཇི་བཞིན་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ།

ཁ    སོ་སོའི་ས་ཁོངས་ནང་མང་གཙོའི་ལམ་ལུགས་ཐོག་གོ་རྟོགས་སྤེལ་རྒྱུ་སྤྱི་དང༌། བྱེ་བྲག་ཏུ་འོས་འདེམས་བྱས་པའི་མི་མང་གི་འཐུས་མི་རྣམས་ལ་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་དང་ཟབ་སྦྱོང་དགོས་རིགས་སྤྲོད་རྒྱུ།

ག    བོད་མིའི་འདུ་སྡོད་སོ་སོ་སྲ་བརྟན་གནས་ཆེད་ས་གནས་ཀྱི་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་མ་འོངས་འཆར་འགོད་ལ་ཕན་པའི་བསམ་ཚུལ་སྙན་ཐོའི་ནང་འགོད་དགོས།

ང    ས་གནས་སོ་སོར་དབུས་དང་ས་གནས་སུ་དགོས་དངུལ་བཀའ་འཁྲོལ་ཡོད་པའི་ལས་གཞི་ཁག་ས་གནས་འཐུས་ཚོགས་དང་ལྷན་དུ་བྱ་ར་སྟངས་འཛིན་བྱ་རྒྱུ།

ཅ    ས་གནས་སོ་སོར་གཞི་རིམ་དང༌། འབྲིང་རིམ། མཐོ་རིམ་སློབ་གྲྭ་ཁག་ཏུ་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་འབྲེལ་ཡོད་ལ་གོ་བསྡུར་དང་ལམ་སྟོན་བྱ་འོས་བྱ་རྒྱུ།

ཆ    སྤྱིར་བོད་མིའི་སྒྲིག་འཛུགས་ངོས་ནས་ཉམ་ཐག་དང༌། ནད་གཅོང་མགོན་མེད་ཁག་ལ་གཟིགས་རྟོག་གནང་བཞིན་ཡང་ད་དུང་དེ་རིགས་རེ་ཟུང་ལྷག་ཡོད་པ་ཡིན་ན་གཟིགས་སྐྱོང་གནང་ཕྱོགས་ལམ་སྟོན་བྱ་རྒྱུ།

ཇ    སོ་སོའི་ས་ཁུལ་གྱི་རྒྱ་གར་དབུས་སའི་གྲོས་ཚོགས་འཐུས་མི་དང༌། གནད་ཡོད་མི་སྣར་འབྲེལ་ལམ་གྱིས་བོད་དོན་གསལ་བཤད་གནང་རྒྱུ་དང༌། རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུ།

ཉ    གཞན་དམིགས་བསལ་གནས་སྟངས་དབང་གིས་ལས་དོན་བྱ་དགོས་ཡོད་ཚེ་ཚོགས་གཙོ་སྦྲེལ་པོས་དུས་ནས་དུས་སུ་ལམ་སྟོན་བྱ་རྒྱུ།

ཏ    ས་གནས་སོ་སོའི་གནས་སྟངས་དང་བསྟུན་བཀུར་འོས་སྤྱི་འཐུས་རྣམ་པས་ལས་དོན་བྱ་དགོས་རྣམ་དཔྱོད་རྩལ་དུ་སྟོན་ཏེ་སྐབས་བསྟུན་གནང་རྒྱུ།

༣༽   ཕྱོགས་བསྐྱོད་དུས་ཚོད་དང་ཡུན་ཚད།

ཀ    དམིགས་བསལ་ཐག་གཅོད་ཡོད་ན་ལས་སྤྱི་འཐུས་རྣམས་སོ་སོའི་ས་ཁོངས་ནང་ལོ་རེར་ཐེངས་གཉིས་རེ་བསྐྱོད་དགོས་རྒྱུ།

ཁ    ཅི་སྟེ་ཆ་བགོས་ལྟར་སྤྱི་འཐུས་ཚང་མ་ལྷན་དུ་བསྐྱོད་མ་ཐུབ་པའི་གནས་ཚུལ་བྱུང་ན་ནང་ཁུལ་གོ་བསྡུར་གྱིས་ཐག་གཅོད་བྱ་ཆོག

ག    དབྱར་དུས་ཕྱི་ཟླ་ ༤ ཚེས་ ༡༥ ནས་ཟླ་ ༧ ཚེས་ ༡༥ བར་ས་བགོས་ཕྱོགས་བསྐྱོད་ཕེབས་ཟིན་པ་དགོས་རྒྱུ་དང་དགུན་དུས་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ཟླ་ ༡ ཚེས་ ༡༥ ནང་ཚུན་ནང་ཁུལ་གོ་བསྡུར་གྱིས་ཕེབས་དགོས།

ང    དབྱར་དུས་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་བསྡོམས་སྙན་ཐོ་དང་རྩིས་ཁྲ་ཟླ་བ་ ༧ ཚེས་ ༣༠ ནང་ཚུན་དང༌། དགུན་དུས་ཕྱོགས་བསྐྱོད་ཀྱི་ལས་བསྡོམས་སྙན་ཐོ་དང་རྩིས་ཁྲ་ཟླ་ ༡ ཚེས་ ༣༡ ནང་ཚོགས་དྲུང་ལས་ཁུངས་སུ་འབྱོར་དགོས།

ཅ    ས་གནས་སོ་སོར་མ་ཕེབས་གོང་འབྲེལ་ཡོད་ལ་གོ་བསྡུར་གྱིས་ལས་འཆར་རགས་ཟིན་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས། ཉིན་གྲངས་འཕར་ཆག་དགོས་རིགས་སྤྱི་འཐུས་རྒྱུན་ལས་ནས་ལམ་སྟོན་གནང་རྒྱུ།

 

༤༽  ལས་དོན་ཐག་གཅོད་བྱེད་ཕྱོགས།

ཀ    ས་གནས་གང་དུའང་མང་ཚོགས་ཀྱི་དཀའ་ངལ་ཆུང་ཚགས་རིགས་དང༌། རྙོག་ཁྲ་ཡོད་རིགས་འབྲེལ་ཡོད་ས་གནས་འགོ་འཛིན་དང༌། ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་བཅས་ལྷན་དུ་གོ་བསྡུར་གྱིས་དཀའ་སེལ་གནང་འོས་གནང་རྒྱུ།

ཁ    སྲིད་བྱུས་དང་འབྲེལ་ཡོད་ཀྱི་གནད་དོན་ཁག་དང༌། ལས་གཞི་རྒྱ་ཆེ་བའི་རིགས་ས་གནས་ནས་དཀའ་སེལ་ཐབས་ལམ་མེད་ཚེ་ལས་བསྡོམས་སྙན་ཐོ་ནང་ངེས་པར་འགོད་དགོས།

ག    ཛ་དྲག་གི་གནས་སྟངས་དང༌། དུས་ཚོད་ངེས་ཅན་ནང་དཀའ་སེལ་དགོས་རིགས་སྙན་ཐོ་མ་ཕུལ་བར་སྒུག་མི་དགོས་ཐོག་ཞལ་དཔར་རམ་མྱུར་འཕྲིན་ཐོག་ནས་ཚོགས་དྲུང་ལས་ཁུངས་སུ་འབྲེལ་བ་གནང་དགོས།

ང    ལས་དོན་གནང་སྐབས་འཛིན་སྐྱོང་དང༌། གྲོས་ཚོགས་ཀྱི་ས་མཚམས་བཟུང་དགོས་པ་དང༌། ཅི་སྟེ་ས་མཚམས་བརྒལ་མིན་གྱི་གནས་ཚུལ་བྱུང་ཚེ་འཕྲལ་དུ་ཚོགས་དྲུང་ལས་ཁུངས་སུ་འབྲེལ་བ་གནང་དགོས།

ཅ    མི་མང་ལ་གསུང་བཤད་གནང་དགོས་ཀྱི་བརྗོད་གཞིའི་ནང་དོན་གྱི་སྒྲོམ་གཞི་དགོས་རིགས་ལ་ཚོགས་དྲུང་ལས་ཁུངས་ནས་མཐུན་འགྱུར་ཞུ་རྒྱུ།

ཆ    སྤྱི་འཐུས་རྣམས་ས་བགོས་ས་གནས་སུ་དངོས་སུ་ཕེབས་སྐབས་ཙམ་དུ་མ་ཡིན་པར་དུས་རྒྱུན་དུ་ནས་ས་གནས་དེ་དག་ལ་བརྒྱུད་ལམ་སྣ་ཚོགས་ཀྱི་ལམ་ནས་གཟིགས་རྟོག་གནང་དགོས།

༥༽   མཇུག་སྐྱོང༌།

ཀ    ས་བགོས་སོ་སོར་ཕྱོགས་བསྐྱོད་ཀྱི་ལས་བསྡོམས་སྙན་ཐོ་ཚང་མ་ཚོགས་དྲུང་ལས་ཁུངས་སུ་འབྱོར་འཕྲལ་སྤྱི་འཐུས་རྒྱུན་ལས་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་ནས་དཀའ་སེལ་གནད་དོན་འབྲེལ་ཡོད་དབུས་ལས་ཁུངས་སོ་སོར་དབྱེ་སྟེ་རྒྱུན་ལས་སུ་གོ་བསྡུར་བྱ་རྒྱུ།

ཁ    དེ་ལྟར་ཕྱོགས་བསྒྲིགས་བྱས་པའི་དྲི་བ་ཁག་བཀའ་ཤག་བརྒྱུད་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོར་དབྱར་དུས་ཕྱི་ཟླ་ ༨ ཚེས་ ༡༥ ནང་ཚུད་དང༌། དགུན་དུས་ཕྱི་ཟླ་ ༢ ཚེས་ ༡༥ ནང་ཚུན་འབུལ་ཐུབ་པ་བྱ་རྒྱུ།

ག    དབྱར་དུས་ཟླ་ ༨ ཚེས་ ༣༠ ནང་ཚུན་དང༌། དགུན་དུས་ཟླ་ ༢ ཚེས་ ༢༨ ནང་ཚུན་འབྲེལ་ཡོད་བཀའ་བློན་སོ་སོས་ལན་འདེབས་ཡོང་ཐབས་བྱ་རྒྱུ།

ང    གོང་གསལ་དྲི་བ་ལ་དྲིས་ལན་ངག་ཐོག་ཇི་གནང་བརྙན་འཕྲིན་འཁོར་ཐག་ཏུ་འཇུག་ཐབས་བྱ་རྒྱུ་དང་དེའི་འཁོར་ལེབ་འབྲེལ་ཡོད་སྤྱི་འཐུས་སོ་སོ་དང༌། ས་གནས་སོ་སོར་གཏོང་ཐབས་བྱ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ ལ།།