ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ཟུར་འཛར་གཉིས་པ།

ཟུར་འཛར་གཉིས་པ།

སྔོན་གླེང༌། 
༄༅། །ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་ཀྱི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་དཀྱིལ་བར་བོད་ནི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད།
ཁྱད་པར་ཕྱི་ལོ་ ༡༦༤༢ ལོར་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ྋགོང་ས་ལྔ་པ་ཆེན་པོས་ཆོས་སྲིད་ཀྱི་མངའ་དབང་བཞེས་པ་ནས་བཟུང་གཞུང་དགའ་ལྡན་ཕོ་བྲང་དེ་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་དུ་གྱུར་ཅིང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་སྲིད་དབང་བསྐྱངས།
ཕྱི་ལོ་ ༡༩༥༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་མངའ་དབང་བཞེས་ཤིང༌། ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་སྟེ་དགའ་ལྡན་ཕོ་བྲང་པའི་གཞུང་ས་གནས་གཞུང་ལྟ་བུར་གྱུར་ཀྱང༌། བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་ངོ་བོར་རྒྱུན་གནས་ཐོག ྋགོང་ས་མཆོག་གི་སྔར་ཡོད་སྐུ་དབང་ལ་འགྱུར་བ་མེད་པ་གྲོས་མཐུན་དུ་གསལ།
རྒྱ་དམར་དཔུང་དམག་གིས་གྲོས་མཐུན་རྩིས་མེད་དང་དྲག་གནོན་དབང་གིས་ྋགོང་ས་མཆོག་དང་བཀའ་ཤག་བཅས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། དེ་འཕྲལ་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསལ་བསྒྲགས་བསྐྱངས། གཞིས་བྱེས་བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ཡིད་ཆེས་དང་ངོས་འཛིན་བྱེད་བཞིན་པ་ཡིན།
ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་གིས་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱ་གར་དུ་གཞི་ཚུགས་པ་དང་མཉམ་ྋགོང་ས་ཆེན་པོས་རིང་ནས་ཐུགས་ལ་བརྣགས་པའི་ཡང་དག་པའི་མང་གཙོའི་བཅོས་བསྒྱུར་དབུ་འཛུགས་གནང་སྟེ་ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང༌། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་བཙན་བྱོལ་གྱི་སྒྲིག་འཛུགས་གཞི་རྩའི་ཁྲིམས་ཡིག་ཡོད་པའི་ཁྲིམས་ཀྱི་དབང་སྒྱུར་ཅན་གྱི་དེང་རབས་མང་གཙོའི་མཚན་ཉིད་ཚང་བ་ཞིག་ཏུ་བསྒྱུར་གནང་མཛད།
སྐབས་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་ན་རིམ་བོད་མི་རིགས་དང་འཛིན་སྐྱོང་གི་བླ་ན་མེད་པའི་དབུ་ཁྲིད་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་ཀྱང༌། ད་ཆ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་དབང་བཞེས་མ་དགོས་པར། འབྱུང་འགྱུར་མི་རིགས་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྣེ་མོ་བ་རྣམས་ཀྱིས་བྱེད་དགོས་པ་དང༌། དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞི་བསྐྱར་བཅོས་དགོས་པའི་བཀའ་ལྕི་ལྡོག་མེད་ཕེབས་པ་གུས་བཀུར་མ་ཞུས་ཐབས་བྲལ་དུ་གྱུར་ཏེ། སྤྱི་ལྷན་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མ་/སྐབས་བཅོ་ལྔ་པའི་ཚོགས་དུས་དང་པོའི་ནང་ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པའི་ཆ་རྐྱེན་ཁག་གཞིར་བཟུང་བསྐྱར་བཅོས་བྱས་ཏེ་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ཚེས་ ཉིན་ྋགོང་ས་མཆོག་གི་ཆོག་མཆན་ཞུས་བསྩལ་ཀྱིས་རྩ་འཛིན་བྱས་པ་ཡིན།

དོན་ཚན་དང་པོ། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས།
ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང༌། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མི་རིགས་ཀྱི་མཚོན་རྟགས། བཙན་བྱོལ་སྒྲིག་འཛུགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་ཁྲིམས་མཐུན་མགྲིན་ཚབ་པ་ཡིན། གནས་བབ་དེ་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་ལས་བྱུང་བ་ཡིན། དེའི་ཕྱིར་གཤམ་གསལ་གྱི་ཐུགས་འགན་དང་སྐུ་དབང་རྣམས་བཞེས་དགོས།
༡༽ བོད་མི་རིགས་ཀྱི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་ལེགས་བྱང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་སློང་གནང་རྒྱུ།
༢༽ བོད་མི་རིགས་དང་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང༌། བཀའ་སློབ་ལམ་སྟོན། དམིགས་བསལ་ཚོགས་ཆེན་བསྡུ་བསྐོང༌། མང་མོས་ཐག་གཅོད་འོས་བསྡུ་དགོས་པའི་ལམ་སྟོན་གནང་རྒྱུ།
༣༽ ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་དང༌། སྐུ་ཚབ་རྣམ་པས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱ་བར་འགན་མཉམ་འཁྱེར་བྱེད་ཆོག
༤༽ བཙན་བྱོལ་སྒྲིག་འཛུགས་དང་བོད་མི་མང་གི་མགྲིན་ཚབ་པའི་ངོ་བོར་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་རིགས་ལ་མཇལ་འཕྲད་གནང་རྒྱུ།