ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་གཅིག་གསར་བསྐོ་གནང་བ།

༄༅། །སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་གཅིག་གསར་བསྐོ་གནང་བ།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་བུ་མོ་ཚེ་རིང་ལགས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ་དགོངས་ཞུ་གནང་བའི་ཚབ་གསར་གཅིག་དགོས་པར། ཁྲིམས་ཞིབ་པ་ཆེ་བ་དང་། ཚོགས་གཙོ་བགྲེས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༠༡ དགོངས་དོན་གཞིར་བཟུང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག འདེམས་ལྷན་ཚོགས་གཙོ་ཟུར་པ་རྣམ་རྒྱལ་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་བ་དང་། འདེམས་སྒྲུག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༣༠ ཉིན་འོས་གཞི་མི་འགྲོ་གཉིས་འཆར་འབུལ་གནང་བའི་ཁོངས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༣ པའི་ཐོག་དབུས་སྣེ་ལེན་ཁང་གི་འགན་འཛིན་ཟུར་པ་དྲུང་འཕར་བགྲེས་ཡོལ་བ་མཚམས་གདའ་རྡོ་རྗེ་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་སྤྱི་མོས་ཀྱིས་བསྐོ་གཞག་བསྩལ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣༠ ཉིན་བར་ལོ་ལྔའི་རིང་འདེམས་ལྷན་ཚོགས་མིའི་ལས་འཁུར་བཞེས་དགོས་པའི་བཀོད་རྒྱ་བསྩལ་ཡོད། །