རྒྱ་གར་མཐོ་སློབ་ཁག་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་རྒྱ་གར་དང་བོད་རིགས་སློབ་ཕྲུག་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །༸ གོང་ས་མཆོག་གི་ཀུན་ཕན་བདེ་རྩ་ནས་ལོ་ལྟར་གུ་རུ་ཀུལ་(Gurukul Programme)ལས་རིམ་གོ་སྒྲིག་གནང་བཞིན་ཡོད་པ་ལྟར་འདི་ལོའི་གུར་ཀུལ་ལས་རིམ་ཐེངས་ ༢༣ པ་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༦ ནས་འགོ་འཛུགས་གནང་ཡོད་པ་རེད།

དེ་ཡང་ཐེངས་འདིའི་གུ་རུ་ཀུལ་ལས་འཆར་འོག་རྒྱ་གར་གཙུག་ལག་སློབ་གཉེར་ཁང་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་དང་རྒྱ་གར་གྱི་སློབ་ཕྲུག་དང་ལས་བྱེད་ ༢ བཅས་ཁྱོན་མི་གྲངས་ ༣༢ ཙམ་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ་དང་།

དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་སྙིང་བསྡུས་དང་། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས། ལྷག་པར་དུ་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་ཡོད་པའི་སྐོར། བོད་ནང་ཆོས་དང་། རིག་གཞུང་། སྐད་ཡིག གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རང་དབང་མེད་པའི་སྐོར། རྒྱལ་སྤྱིའི་གྲོས་ཚོགས་ཚོགས་ཆེན་ཐེངས་དྲུག་གི་སྐོར་སྙིང་བསྡུས་དང་། འབྱུང་འགྱུར་རྒྱལ་སྤྱིའི་གྲོས་ཚོགས་ཚོགས་ཆེན་ཐེངས་བདུན་པ་འཚོག་འཆར་གྲ་སྒྲིག་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ཀྱི་སྐོར། བཙན་བྱོལ་ནང་བོད་ཀྱི་མང་གཙོའི་འཕེལ་རིམ་དང་། བོད་མིའི་མངོན་འདོད་གཉིས་ཕན་དབུ་མའི་ལམ་གྱི་ངོ་སྤྲོད། དེ་བཞིན་སློབ་ཕྲུག་ཚོས་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ཐོག་བོད་དོན་རྒྱབ་སྐྱོར་གནང་ཐབས་ཡོང་བའི་འབོད་སྐུལ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ།།