རྒྱ་གར་དབུས་གཞུང་གི་ཚན་རིག་དང་། བཟོ་ལས་ཉམས་ཞིབ་ལྷན་ཁང་གི་དྲུང་ཆེ་དང་། པ་ལམ་པུར་དུ་རྟེན་གཞི་བྱས་པའི་ཉམས་ཞིབ་བསྟི་གནས་ཁང་ཞིག་གི་ངེས་སྟོན་པ་རྣམ་གཉིས་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ཉིན་གྱི་སྔ་དྲོ་རྒྱ་གར་དབུས་གཞུང་གི་ཚན་རིག་དང་། བཟོ་ལས་ཉམས་ཞིབ་ལྷན་ཁང་གི་དྲུང་ཆེ་འབུམ་རམས་པ་སྐུ་ཞབས་ཤི་ཀར་ སི་ མན་ཌི་ (Dr.Shekar C. Mande,Secretary to Govt of India,Department of Scientific and Industrial Research) མཆོག་དང་། པ་ལམ་པུར་དུ་རྟེན་གཞི་བྱས་པའི་ཉམས་ཞིབ་བསྟི་གནས་ཁང་ (CSIR-Institute of Himalayan Bioresource Technology) ཞེས་པའི་ངེས་སྟོན་པ་སྐུ་ཞབས་སན་ཇཡེ་ ཀུ་མར་ (Dr.Sanjay Kumar) མཆོག་རྣམ་གཉིས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁ་ཞུས་རྗེས། དེ་རིང་ཆུ་ཚོད་ ༡༠།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། བོད་ནང་བོད་མི་ ༡༥༣ གྱིས་རང་ལུས་མེར་བསྲེགས་ཕུལ་བ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་གནས་བབ། དེ་བཞིན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཁག་གི་ངོ་སྤྲོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་དང་། གནད་ཡོད་མི་སྣ། མི་མང་བཅས་མཇལ་འཕྲད་ཀྱིས་མུ་མཐུད་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་གནང་བཞིན་ཡོད་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་རྗེས། ཁོང་རྣམ་གཉིས་ལ་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།

གཞན་ཡང་མཇལ་མོལ་སྐབས། སྐུ་ཞབས་ཁོང་རྣམ་གཉིས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་དང་། བོད་མིའི་སོ་ནམ་ཞིང་ལས་ཐོག་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བར་བརྟེན། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་སྤྱི་ཁྱབ་དྲུང་ཆེ་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཉིས་སོ་སོར་ངོ་སྤྲོད་གནང་ཡོད།

དེ་ནས་སྐུ་མགྲོན་རྣམ་གཉིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། དཔེ་དེབ་ཁག་ཅིག་ཕུལ་གནང་ཡོད་པ་བཅས། །