རུ་སུ་བོད་ཁང་གི་འབྲེལ་མཐུན་འགན་འཛིན་གཞོན་པ་སྤྱི་ལྷན་དུ་ཕེབས་གནང་ཡོད་པ་རེད།

 

img_5422

ད་རིང་ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༥།༣༠ ཙམ་རུ་སུ་བོད་ཁང་གི་འབྲེལ་མཐུན་འགན་འཛིན་གཞོན་པ་ Nadya Berrengeym ལགས་སྤྱི་ལྷན་དུ་ཕེབས་ཏེ། དཔལ་ལྡན་ཚོགས་གཞོན་མཆོག་ལ་མཇལ་འཕྲད་ཞུས་ཏེ་ཁོང་ནས་རུ་སུའི་ནང་བོད་ཁང་གི་ལས་དོན་གཙོ་བོ་ནི་རུ་སུའི་ནང་ཡོད་པའི་ཆབ་སྲིད་མི་སྣ་དང་། ཚན་རིག མཁས་དབང་ཁག ལག་རྩལ་བཟོ་རིགས་དེ་བཞིན་ཟློས་གར་རིགས་རྩལ་ཅན་དང་གཞན་མི་མང་ལ་བོད་ཀྱི་གནད་དོན་འགྲེལ་བརྗོད་ཀྱི་ཚོགས་འདུ་སོགས་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཆབ་སྲིད་དང་འབྲེལ་བའི་བོད་དོན་གོ་རྟོགས་ཀྱི་དཔེ་དེབ་དཔར་བསྐྲུན་གནང་བ་ཁག་ཡང་རུ་སུའི་སྐད་ཡིག་ཏུ་འགྱུར་ཏེ་འགྲེམས་སྤེལ་གནང་བཞིན་ཡོད་པ་བཅས་འགྲེལ་བརྗོད་གནང་། དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་ལ་སྤྱི་ལྷན་གྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་སྟེ། མ་འོངས་མུ་མཐུད་དེ་ལྟར་གནང་བའི་རེ་སྐུལ་དང་། སྤྱི་ལྷན་ནས་མཐུན་འགྱུར་རོགས་ཕན་གང་འོས་ཞུས་ཐབས་བྱ་རྒྱུའི་ཞལ་བཞེས་གནང་སྟེ། ཁོང་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་སྣེ་ལེན་གནང་ནས་གྲོས་ཚོགས་ངོ་སྤྲོད་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་བཅས་ལ་གསལ་བཤད་གནང་ཡོད་པའི་གནས་ཚུལ་དུ།།