ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་གསུམ་ལ་ཕེབས་སྐྱེལ་ཇ་སྟོན་བཤམས་པ།

༄༅། ། ཚོགས་དྲུང་ལས་ཁུངས་ཀྱི་སྡེ་འགན་བསོད་ནམས་གཡང་འཛོམས་ལགས་དང་།  ལས་དོ་སྐལ་བཟང་གཡུ་སྒྲོན་ལགས། ལས་དྲུང་བསྟན་འཛིན་ཡེ་ཤེས་ལགས་བཅས་གསུམ་ལས་བྱེད་ནས་རྩ་དགོངས་ཞུས་གནང་བར། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཙམ་ལ་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེས་གཙོས་ལས་བྱེད་རྣམ་པ་བཅས་ཚང་འཛོམས་ཐོག་ཕེབས་སྐྱེལ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་ཞུས་གནང་ཡོད།

སྐབས་དེར་ཐོག་མར་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་དེ་རིང་ཇ་སྟོན་བཤམས་དགོས་པའི་རྒྱུ་མཚན་དང་། རྩ་དགོངས་ཕེབས་མཁན་ལས་བྱེད་རྣམ་པ་གསུམ་གྱིས་ད་བར་སྲི་ཞུའི་ལས་འགན་ཇི་བཞེས་ཀྱི་ངོ་སྤྲོད་བཅས་གནང་རྗེས་གསུང་དོན། ང་རང་ཕྱི་ལོ་ ༢༠༡༦ ཟླ་ ༨ པའི་ནང་ཚོགས་དྲུང་ལས་ཁུངས་སུ་ལས་བཅར་ཞུས་པ་དང་།  དེའི་སྐབས་ཀྱི་ལས་བྱེད་མང་ཆེ་བ་གཅིག་ཕལ་ཆེར་མེད་པ་དང་། ཁོ་རང་ཚོའི་གྲས་གསར་པ་ཆགས་བསྡད་ཀྱི་ཡོད་རེད། ཡིན་ནའང་། སོ་སོའི་ཚོར་བར་གཞི་གཞག་པ་ཡིན་ན། ལས་རྒྱུན་རིང་ལས་བྱེད་ཚང་མས་ལས་འགན་གང་བསྐུལ་བ་ཡིན་རུང་བསམ་པ་རྣམ་དག་གི་ཐོག་ནས་གནང་བསྡད་མཁན་ཞིག་མ་གཏོགས། དེ་ཡག་པོ་ཡོད། དེ་ཡག་པོ་མེད་ཅེས་ཟེར་རྒྱུའི་སྐད་ཆ་ཤོད་ས་མེད་པ་འདྲ་པོ་ཡིན། དཔལ་ལྡན་ཚོགས་གཞོན་མཆོག་གིས་དམིགས་བསལ་ཚོགས་ཆེན་སྐབས་ལ་ལས་བྱེད་རྣམ་པར་བསྟོད་བསྔགས་གནང་བ་ལྟར་རེད། ལས་བྱེད་ཟེར་མཁན་དེར་དངོས་གནས་དྲང་གནས་རིང་ཙམ་ཐུང་ཙམ་ཏོག་ཙམ་ཏོག་ཙམ་ཚང་མ་ལོགས་ལ་ཡོང་གི་རེད། ཡིན་ནའང་། ངའི་ཉམས་མྱོང་བྱས་པ་ཡིན་ན། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོར་ཞུ་དགོས་པ་མེད་བསམ་པ་འདྲ་པོ་ཡིན། ཉེ་ཆར་འཚོགས་པའི་དམིགས་བསལ་ཚོགས་ཐོག་ལ་ཆ་བཞག་ནའང་། ལས་བྱེད་རྣམ་པས་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་པ་དེ་ག་རང་ནས་མངོན་གསལ་དོད་པོ་ཆགས་ཡོད་རེད་བསམ་གྱི་འདུག དེ་ཡིན་དུས་ཚང་མས་ཕྱར་གྲུ་མཉམ་འདེགས་དང་ནུས་པ་མཉམ་སྤུངས་ཀྱི་གྲུབ་འབྲས་ཤིག་རེད་མ་གཏོགས། ཚོགས་དྲུང་དང་ལས་བྱེད་རེ་ཟུང་གི་བྱས་འབྲས་གང་ཡང་མ་རེད། བྱས་ཙང་ཚང་མས་ད་བར་ཧུར་ཐག་གནང་ཡོད་རེད། དེ་ཚོའི་ཐོག་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་ལྟ་ཕེབས་བསྡད་མཁན་རྣམ་པ་གསུམ་ལ་རྟག་ཏུ་ལས་ཀའི་འབྲེལ་བ་ཡོད་བསྡད་མཁན་དེ་ཚོགས་དྲུང་ཆགས་བསྡད་ཡོད་དུས། སྐབས་རེ་ལས་ཀའི་དོན་དུ་བཤད་རེས་བྱུང་ཡོད་སྲིད་པ་རེད། དེ་འདྲ་བྱུང་ཡོད་ན་ཚོགས་དྲུང་ནས་བཟོད་གསོལ་དང་སྦྲགས། རྣམ་པ་ཚོས་ཉིན་མ་དེ་རིང་ནས་བཟུང་འདིར་བཞག་རྒྱུ་ལས་སེམས་ལ་ཉར་སྡོད་དགོས་པ་གང་ཡང་ཆགས་ཀྱི་མེད། ལྷག་པར་དུ་ཁྱེད་རང་ཚོ་ཉིན་མོ་དེ་རིང་ནས་བཟུང་སོ་སོའི་གནས་སྟངས་ཐོག་ཕེབས་ཀྱི་ཡོད་རེད། ཕེབས་པ་ཡིན་ནའང་། ཕེབས་ཡུལ་རྒྱལ་ཁབ་རེད། གྲོང་སྡེ་རེད། ཁྱིམ་ཚང་རེད། གང་ཅིའི་ཐད་ལ་ཚང་མས་སོ་སོའི་ལ་རྒྱ་མ་དོར་བའི་ཐོག་ནས་ང་བོད་པ་ཞིག་ཡིན་བསམ་པའི་བསམ་བློ་དེ་ཁུར་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ནང་ཞབས་འདེགས་ཞུ་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པ་རེད་མ་གཏོགས། དེ་ནས་ཕྱིན་ཚར་བའི་རྗེས་ལ་རྣ་ལྕོགས་ལྟེབ་རྩེག་བརྒྱབ་ནས་བསྡད་ན་བོད་པའི་མཚན་ཉིད་ཚང་ཡོད་མ་རེད་ཅེས་ཞུས་ན་འགྲིག་གི་རེད་བསམ་གྱི་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བཀའ་སློབ་དེ་ལྟར་ཕེབས་བཞིན་ཡོད། ང་རང་ཚོ་ཤ་ཁྲག་རུས་གསུམ་བོད་པ་རེད། རྣམ་པ་ཚོ་དམིགས་བསལ་བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བ་ཡིན་དུས། ཕྱིའི་རྒྱལ་ཁབ་ནང་སླེབས་ཚར་བའི་རྗེས་དམིགས་དཔེ་འོས་པ་ཞིག་གནང་དགོས་རེད་ཅེས་ཞུ་གི་ཡོད། ཁྱེད་རྣམ་པའི་མཚན་འབོད་ནས་དེར་བལྟ་བཟོ་ཡོད་མ་རེད་ཅེས་ཞུ་རྒྱུ་བྱུང་ན། བོད་པའི་སྤྱི་ཚོགས་ནང་བསྡད་ནས་གོ་ཆོད་ཡོད་མ་རེད། དེ་འདྲ་ཡིན་དུས་རྣམ་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརླག་པའི་ཐོག་ནས་ཕྱག་ལས་གང་གནང་ཡང་༸གོང་ས་མཆོག་གི་དགོངས་གཞི་འགྲུབ་པ་གཅིག་དང་། སྤྱི་ཚོགས་ལ་ཕན་པ་ཞིག་གནང་དགོས་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། རྣམ་པ་ཚོ་སོ་སོའི་ནང་མི་དང་གནས་སྟངས་ཐོག་ནས་ས་ཆ་གཞན་དག་ལ་ཕེབས་ཀྱི་ཡོད་ཙང་། ད་བར་སོ་སོས་ཕྱག་ལས་གནང་ནས་ཉམས་མྱོང་གང་བསགས་པ་དེ་ས་ཆ་གང་དུ་སླེབས་པ་ཡིན་ནའང་བེད་སྤྱོད་ཐུབ་ན་ཡག་པོ་ཡོད་རེད། ཚོགས་དྲུང་ལས་ཁུངས་ནང་ཉམས་མྱོང་མང་པོ་གསོག་རྒྱུ་ཡོད་རེད། དེའི་ནང་ནས་ཆབ་སྲིད་ཀྱི་འགྲོ་སྟངས་དང་། འཛིན་སྐྱོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ཐོག་ཉམས་མྱོང་མང་པོ་གསོག་རྒྱུ་ཡོད་དུས་ཉམས་མྱོང་མ་འདྲ་བ་ཞིག་ཏན་ཏན་བསགས་ཡོད་རེད་བསམ་གྱི་འདུག

ང་ལོ་གསུམ་ལྷག་ཚོགས་དྲུང་ལས་ཁུངས་སུ་བསྡད་པའི་ཉམས་མྱོང་ནང་། ཚོགས་དྲུང་ལས་བྱེད་ནང་ཁུལ་འཆམ་མཐུན་དང་། འགན་ཁུར་བཞེས་སྟངས་ཐོག་ལ་ཆ་བཞག་ན། རྣམ་པ་ཚོས་ལས་བཀོད་ཀྱི་ལས་འགན་ཙམ་མ་ཡིན་པར་ལས་ཀ་ཅི་ཞིག་བསྐུལ་ཡང་ཧུར་ཐག་གནང་སོང་། རྣམ་པ་ཚོ་ས་ཆ་གང་དུ་ཕེབས་པ་ཡིན་ནའང་ཚོགས་དྲུང་ལས་ཁུངས་དང་འབྲེལ་བ་འཇོག་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྩ་དགོངས་ཕེབས་མཁན་གསུམ་ལ་མཇལ་དར་དང་དྲན་རྟེན་ཕྱག་རྟགས་ཕུལ་གནང་སོང་།

དེ་ཡང་སྡེ་འགན་བསོད་ནམས་གཡང་འཛོམས་ལགས་ཕྱི་ལོ་ ༢༠༠༧ ལོར་སྲི་ཞུའི་ལས་བྱེད་ཀྱི་ལས་དྲུང་གནས་རིམ་ཐོག་འཛུལ་ཞུགས་དང་། ཕྱི་ལོ་ ༢༠༡༠ ལོར་ལས་དོའི་གནས་རིམ་ཐོག་གནས་སྤར། ཕྱི་ལོ་ ༢༠༡༨ ལོར་སྡེ་འགན་གནས་རིམ་ཐོག་གནས་སྤར་བྱུང་བ་ཞིག་ཡིན་པ་དང་། ད་བར་མི་ལོ་ ༡༢ ལྷག་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུས་གནང་ཡོད་པ་དང་། ལས་དོ་སྐལ་བཟང་གཡུ་སྒྲོན་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༩ ཉིན་ནས་འགོ་འཛུགས་ཏེ་ད་བར་མི་ལོ་ ༦ ལྷག་ཙམ་རིང་ཚོགས་དྲུང་ལས་ཁུངས་ལ་ཞབས་ཕྱི་ཞུས་གནང་། ལས་དྲུང་བསྟན་འཛིན་ཡེ་ཤེས་ལགས་ཕྱི་ལོ་ ༢༠༡༣ ལོར་སྲི་ཞུའི་ལས་བྱེད་ཀྱི་རྒན་དྲུང་གནས་རིམ་ཐོག་འཛུལ་ཞུགས་དང་། ཕྱི་ལོ་ ༢༠༡༩ ལོར་ལས་དྲུང་གནས་རིམ་ཐོག་གནས་སྤར་བྱུང་བ་ཞིག་ཡིན་པ་དང་། ད་བར་མི་ལོ་ ༦ ལྷག་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུས་གནང་ཡོད་པ་བཅས། །