ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབྱི་ཊ་ལིར་གཞུང་འབྲེལ་ཕྱོགས་ཕེབས།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༧ ནས་ཚེས་ ༢༠ བར་དབྱི་ཊ་ལིའི་རོམ་གྱི་ཉེ་འཁྲིས་སུ་ཆགས་པའི་གྲོང་བརྡལ་ཀིཡན་ཆི་ཡ་ནོ་ Chianciano ནང་བསྐོང་ཚོགས་བྱས་པའི་སྲིད་དོན་ཚོགས་པ་ Nonviolent Radical party. Transnational and Transparty ཞེས་པའི་ཚོགས་ཆེན་ཐེངས་ ༣༩ པའི་སྟེང་གདན་ཞུས་ལྟར་གཞུང་འབྲེལ་ཚོགས་ཕེབས་དང་འབྲེལ། བོད་དོན་དང་མང་གཙོ་འཕེལ་རྒྱས། ཁྲིམས་ལུགས་དབང་བསྒྱུར། ཁྲིམས་འཛིན་དྲང་བདེན། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སོགས་ཀྱི་བརྗོད་གཞིར་གསུང་བཤད་དང་། ཚོགས་བཅར་མི་སྣ་ཁག་མང་ལ་མཇལ་འཕྲད་གསུང་གླེང་གནང་ཡོད། དྲ་ངོས་འདིའི་པར་རིས་གསར་འགྱུར་དུ་ཚོགས་འདུའི་རྣམ་པ་ཁག་ཅིག་བཀོད་ཡོད།